རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྒྲིག་སྲོལ་གསར་གཏོད་བྱས་ནས་སྡེ་ཁག་མང་པོས་དོ་དམ་བྱེད་པའི་རྣམ་པ་ཡོངས་སུ་བསྒྱུར།
2021.11.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

 2016ལོའི་ཟླ3པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》པར་འགྲེམས་བྱས་ཤིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་དང་པོར་གྱུར།

2016ལོའི་ཟླ3པའི་ཚེས10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་ལས་བརྒལ་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྒྲིག་སྲོལ་ཚང་མ་གསར་པ་ཡིན་པའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་སྤེལ་ཏེ། དོན་དག་གཅིག་ལ་སྡེ་ཁག་མང་པོས་དོ་དམ་བྱེད་པར་བསྒྱུར་ཞིང་།  གཅིག་གྱུར་དུ་སྤྱོད་པ་གཉིས་མངོན་འགྱུར་བྱས་ཏེ། ལམ་བུ་ཞིག་བཏོད་པར་འབད་བརྩོན་བྱས་པ་ལས། བཅོས་བསྒྱུར་དང་འགན་འཁུར་གྱི་སྙིང་སྟོབས་མངོན་ཡོད། ཚོད་ལྟའི་ལས་དོན་འདིའི་མགོ་ཡག་པོ་རྩོམ་དགོས་པ་དང་། ལག་བསྟར་བཟང་པོ་བྱེད་པ། འཁྱགས་རོམ་དང་གངས་རི། གཙང་བོ་དང་མཚེའུ།  བརླན་ས་དང་སྤང་ལྗོངས་སོགས་མགོ་ཁུངས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་དགོས་པ་དང་། འདྲ་བཤུས་དང་ཁྱབ་སྤེལ་གཏོང་ཆོག་པའི་སྲུང་སྐྱོབ་དོ་དམ་ཉམས་མྱོང་གསོག་འཇོག་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ནི། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་གསར་སྐྲུན་གལ་ཆེན་ཞིག་དང་བཅོས་བསྒྱུར་གལ་ཆེན་ཞིག་ཡིན། བཅོས་བསྒྱུར་ཞིག་ཡིན་ཕྱིན།   སྔོན་ཆད་ཀྱི་སྡེ་ཁག་མང་པོས་དོ་དམ་བྱེད་པའི་རྣམ་པ་དེ་གཏོར་དགོས་པ་དང་།  ཐར་ཐོར་ཅན་གྱི་གནད་དོན་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱས་ཏེ།  སྡེ་ཁག་མང་པོས་དོ་དམ་བྱེད་པའི་སྒྲིག་སྲོལ་ཚོད་ལྟའི་དམིགས་འབེན་དངོས་གནས་མངོན་འགྱུར་བྱས་ཡོད།

ད་ལྟ། ང་ཚོས་དགའ་འོས་པ་ཞིག་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན31ཡོངས་འགྲུབ་བྱས་པ་དང་། སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་དང་། སྲིད་ཇུས་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་ཚིས་ལེགས་བཅོས་དང་འགན་སྲུང་སོགས་ཁྱབ་ཁོངས་གཙོ་བོ་དང་གནད་འགག་གི་འཕེལ་རིམ་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ལ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འདུ་ཤེས་ཆེན་པོ9གཏན་ཕབ་བྱས་ཏེ། དོ་དམ་མ་ལག15ཐོག་མར་གྲུབ་པ་དང་། རྒྱལ་སྤྱིའི་ཉམས་མྱོང་ལ་དཔེ་ལྟ་དང་།  རང་རྒྱལ་གྱི་གནས་བབ་དང་མཐུན་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་འཛོམས་པ་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལམ་བུ་ཞིག་ཏུ་བསྐྱོད་ཡོད།

མཉམ་སྐྲུན་མཉམ་སྐྱོང་བྱས་ཏེ་ལྗང་མདོག་སྲུང་ཡོལ་སྲ་བརྟན་དུ་བཏང་།

རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་བཅུ་ཡི་ཁྲོད། མཚོ་སྔོན་ནི་རྒྱལ་ཁབ་སྤྱི་གླིང་གཉིས་སྟེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་ཀྱི་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་འགན་ལེན་མཁན་ཡིན་ལ། རྒྱལ་ཡོངས་སུ་མཚོ་སྔོན་གཅིག་པུར་མ་གཏོགས་དེ་འདྲ་མེད། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ལས་ཁུངས་སྒྲིག་འཛུགས་དང་འགན་ནུས་སྒྲིག་འཛུགས་ལ་དོ་དམ་ལེགས་པོ་བྱས་ཤིང་། ལས་བགོས་འོས་འཚམ་དང་། འགན་དབང་གསལ་པོ། ཕན་ཚུན་རམ་འདེགས་ཀྱི་ཡུན་ཕན་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། རྒྱལ་སྤྱི་དང་འབྲེལ་མཐུད་བྱེད་པའི་ལས་རིགས་ཅན་གྱི་དོ་དམ་དཔུང་སྡེ་བསྐྲུན།

ལྷག་པར་དུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་སྒྲིག་སྲོལ་ཚོད་ལྟའི་ཁྲོད། སྐྱེ་ཁམས་སྲུང་སྐྱོབ་མཐོ་ས་དང་། སྐྱེ་ཁམས་ཚན་ཞིབ་མཐོ་ས། སྐྱེ་ཁམས་རིག་གནས་མཐོ་ས་བཅས“མཐོ་ས་གསུམ”བསྐྲུན་པ་དང་།  ཞིང་ཆེན་ཡོངས་སུ་རང་བྱུང་སྲུང་སྐྱོབ་ས་ཁུལ་ཐོག་མར་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་སྡེ་ཁུལ་ཞུགས་ཏེ་མཉམ་སྐྲུན་མཉམ་སྤྱོད་དང་མཉམ་དུ་དོ་དམ་བྱེད་པའི་རྐྱེན་སྲོལ་བཙུགས་ཤིང་། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་ཏང་ཡོན་གྱི་ཁྲིད་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་དང་མང་ཚོགས་ཀྱིས་འོས་འགན་དྲིལ་སྒྲོག་བྱེད་པ་དང་།  དཔུང་སྡེ་གཉིས་སྲུང་སྐྱོབ་བྱེད་པའི་རྣམ་པ་བསྐྲུན་ཞིང་།  སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་འབྲེལ་གཏུག་སྡེ་བའི་འགན་ལེན་མཁན་གཉིས་ཀྱིས་མཉམ་སྐྲུན་བྱེད་པའི་བྱ་བའི་རྐྱེན་སྲོལ་ཁྱབ་སྤེལ་བཏང་།

ཞིང་ཆེན་ཡོངས་ཀྱི་ནགས་ཚལ་རྩྭ་ཐང་ཆ་འཕྲིན་ཅན་གྱི་ལྟེ་གནས་བཙུགས་ཏེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཞི་གྲངས་ཆེན་མོའི་ལྟེ་གནས་མགྱོགས་མྱུར་ངང་བཙུགས་ཤིང་།   གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་བསྐྲུན་ཏེ། རང་བྱུང་ཐོན་ཁུངས་ཀྱི་རྨང་གཞིའི་གཞི་གྲངས་མཛོད་དང་བསྡོམས་རྩིས་དབྱེ་ཞིབ་སྟེགས་བུ་བསྐྲུན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་གཉིས་པ། མདོ་ལ་རི་བོའི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བཟོ་སྐྲུན་ལག་བསྟར་བྱས་པས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་བྱུང་བ་དང་།  སྐྱེ་ཁམས་བྱེད་ནུས་ཇེ་བརྟན་དུ་གྱུར་པ།  ལྟག་ཆུ་བསྐྱིལ་གསོག་གི་ཚད་ལོ་རེའི་ཆ་སྙོམས་འཕར་ཚད6%གི་ཡན་ལ་སླེབས་ཤིང་། རྩྭ་སའི་ཁེབས་ཚད་དང་། རྩྭའི་ཐོན་ཚད་སོ་སོ་ལོ་བཅུའི་སྔོན་ལས11%དང30%ཡན་དུ་མཐོར་འདེགས་བྱུང་བ་དང་། རི་སྐྱེས་སྲོག་ཆགས་མངོན་གསལ་གྱིས་ཇེ་མང་དུ་གྱུར་ཏེ། གཙོད་ཀྱི་ཁ་གྲངས་ཁྲི7ལ་སླར་གསོ་བྱུང་ཡོད།

སྐྱེ་ཁམས་སྲུང་སྐྱོབ་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱུང་བ།

རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ། ས་ཁོངས་ཁ་ཤས་ཤིག་ནི་ཐོག་མའི་སྡོད་དམངས་ལ་བསྐྱུར་ཏེ། གཞི་རྩའི་འཚོ་བ་དང་སྲོལ་རྒྱུན་ཞིང་ཕྱུགས་ལས་སྤེལ་བའི་ཕྱོགས་སུ་བཀོལ་བ་དང་། ཐོག་མའི་སྡོད་དམངས་འདི་དག་ནི་མི་རབས་ནས་མི་རབས་བར་སྤྱི་གླིང་དུ་འཚོ་བ་རོལ་བ་དང་། སྤྱི་གླིང་དུ་ལས་ཀ་གཉེར་བ་དང་ཆབས་ཅིག་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྲུང་སྐྱོབ་དང་དོ་དམ་ཁྲོད་ཞུགས་པས། ཁོ་ཚོ་ནི་རྒྱལ་ཁབ་སྤྱི་གླིང་གི་མིང་དོན་མཚུངས་པའི“བདག་པོ”ཡིན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ཡུལ་ཚོ་དང་གྲོང་རྡལ12དང་སྲིད་འཛིན་སྡེ་བ53ལ་ཁྱབ་ཡོད་ཅིང་། དེའི་ནང་ཁྱིམ་ཚང་ཁྲི་གཅིག་སྟོང་དགུ་ཆིག་བརྒྱ་ལྷག་དང་། མི་གྲངས་ཁྲི་བདུན་སྟོང་གཉིས་ལྷག་ཡོད་པ་དེ་གཞི་རྩའི་ཆ་ནས་ཐར་ཐོར་དུ་གནས་པ་དང་།  འདུས་སྡོད་ཆུང་བ་ཡི་གཏན་སྡོད་རྣམ་པ་གྲུབ་ཡོད།

མིག་སྔའི་བར། རྒྱལ་ཁབ་སྤྱི་གླིང་དུ་ཁྱོན་བསྡོམས་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ཡོད་ལ། སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་གནས་དེ་ཁྱིམ་ཚང་གཅིག་ལ་ལས་གནས་གཅིག་རེ་ཡོད་པ་མངོན་འགྱུར་བྱུང་ཡོད།

ལོ་ངོ་དྲུག་གི་རིང་ལ། སྐྱེ་ཁམས་ལྟ་སྲུང་པས་ཉིན་མཚན་དབྱེར་མེད་དུ་ནགས་ཚལ་དང་རྩྭ་ཐང་། བརླན་ས། བྱེ་ཐང་བཅས་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་བདེ་འཇགས་ལས་དོན་ལ་སྐུལ་འདེད་བཏང་ཞིང་། ཁོ་ཚོའི་འགྱུར་མེད་ཀྱི་གྲིབ་གཟུགས་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མིང་བྱང་ཡག་པོར་གྱུར་ཡོད།

དུས་མཚུངས་སུ། མཚོ་སྔོན་གྱིས་སྐྱེ་ཁམས་ལྟ་སྲུང་སྤྱི་ཕན་ལས་གནས་དོ་དམ་འཐུས་ཚང་དུ་བཏང་བ་དང་སྐྱེ་ཁམས་ལྟ་སྲུང་པའི་འགུལ་རྣམ་ཆ་འཕྲིན་དོ་དམ་གཞི་གྲངས་མཛོད་བཙུགས་ཏེ། གླིང་ཁུལ་ནང་གི་སྐྱེ་ཁམས་ལྟ་སྲུང་པ་དབྱེ་འབྱེད་དང་། དོ་དམ། དཔྱད་ཞིབ། གསོ་སྦྱོང་སོགས་གཞི་གྲངས་མཛོད་ནང་བཅུག་སྟེ། སྐྱེ་ཁམས་ལྟ་སྲུང་པར་ཆ་འཕྲིན་ཅན་གྱི་དོ་དམ་བྱེད་པ་ཐོག་མར་མངོན་འགྱུར་བྱུང་།

མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར། ད་དུང་རྩོད་སྒྲུབ་ཀྱི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་བར་གྱི་གནད་དོན་ཐག་གཅོད་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་སུ་ཐོག་མར《རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཚོལ་ཞིབ་འཛུགས་སྐྲུན་སྐོར་གྱི་བསམ་ཚུལ་འགའ》གཏན་འབེབས་བྱས་ཏེ། 2006ལོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ས་ཁུལ་གཙོ་བོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་དཔྱད་ཞིབ་མེད་པར་བཟོས་ཤིང་། སྐྱེ་ཁམས་ཁ་གསབ་སྲིད་ཇུས་དོན་ཚན11གཏན་འཁེལ་བྱས།

ད་ལྟའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ། འབྲོག་པ་མང་ཚོགས་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཞུགས་བཞིན་ཡོད་ལ། སྐྱེ་ཁམས་ལྟ་སྲུང་གི“ཁེ་སྤོགས”རེ་རེ་ལོངས་སུ་སྤྱོད་བཞིན་ཡོད།  སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་འཁོར་རྒྱུག་བཟང་བའི་ཕྱོགས་སུ་འཕེལ་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཤིག་ཏུ་འགྱུར་བཞིན་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།