2021ལོའི་ཟླ10པའི་ཚེས12ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས《སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས》ཀྱི་ཐེངས་བཅོ་ལྔ་བའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་གྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས(COP15)སྟེང་བརྙན་རིས་ཀྱི་ལམ་ནས་གསུང་བཤད་གལ་ཆེན་གནང་སྟེ། མིའི་རིགས་རྒྱུན་མཐུད་གོང་འཕེལ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པར་སྐུལ་འདེད་གཏོང་བའི་མཐོ་ཚད་ནས་འགྲེངས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་འཛུགས་པའི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་ཟབ་མོ་གནང་ཞིང་།མིའི་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་རྒྱང་སྐྱོད་གསར་བའི་ལམ་བུ་འབྱེད་དགོས་པའི་བཞེད་ཚུལ་གལ་ཆེན་གསལ་བོར་བཏོན་ཏེ། རང་རྒྱལ་གྱིས་མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དོན་དངོས་བྱེད་ཐབས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་གནང་བ་དེས་རྒྱལ་ཁབ་ཆེན་མོའི་གཙོ་འཛིན་གྱི་འཛམ་གླིང་ལ་སྐྱེད་པའི་མཐོང་རྒྱ་དང་གནམ་འོག་ལ་བཅངས་པའི་བརྩེ་སེམས་གང་ལེགས་སྒོས་མངོན་པར་བྱས་ཡོད་ལ། རང་རྒྱལ་ནི་གོ་ལ་ཧྲིལ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཟབ་ཞུགས་མཁན་དང་། བྱས་རྗེས་འཇོག་མཁན། སྣེ་ཁྲིད་མཁན་བཅས་ཡིན་པའི་ཆ་ནས།ཧུར་ཐག་སྒོས་ལས་དོན་སྒྲུབ་དགོས་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས་པ་གང་ལེགས་སྒོས་མངོན་མཚོན་བྱས་ཡོད། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས《སྐྱེ་དངོས་སྣ་མང་རང་བཞིན་ལ་སྔར་ལས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》འགྲེམ་སྤེལ་བྱས་པ་དང་། ངེས་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་མུ་མཐུད་དུ་ཤུགས་བསྣན་ནས་བྱ་དངོས་ཐམས་ཅད་འཆམ་མཐུན་ཡིན་པའི་མཛེས་སྡུག་གི་ཁྱིམ་གཞི་ཞིག་བསྐྲུན་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་འབུལ་དགོས།
གཅིག ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དངོས་འབེབ་གཏིང་ཟབ་བྱེད་དགོས།
ཀྲུའུ་ཞི་ཞི་ཅིན་ཕིང་གིས《སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས》ཀྱི་ཐེངས་བཅོ་ལྔ་བའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས(COP15)སྟེང་གི་གསུངས་བཤད་གལ་ཆེན་ཏེ། སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་སྐྲུན་པའི་དར་ཆ་མཐོན་པོར་བསྒྲེངས་ནས། རང་རྒྱལ་གྱིས་གོ་ལ་ཧྲིལ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདུ་ཤེས་དང་བསམ་ཕྱོགས།བྱ་སྤྱོད་བཅས་ལ་ཕྱོགས་ཡོངས་རྒྱས་བཤད་གནང་སྟེ། གོ་ལ་ཧྲིལ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཡིད་ཆེས་བསྩོལ་པ་དང་། མ་འོངས་པའི་གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་བྱེད་པར་ཁ་ཕྱོགས་གསལ་བོར་བསྟན་པ། དག་གཙང་མཛེས་སྡུག་གི་འཛམ་གླིང་ཞིག་མཉམ་དུ་འཛུགས་སྐྲུན་བྱེད་པར་དཔེ་རིས་གསོན་ཉམས་ལྡན་པ་ཞིག་བྲིས་ཡོད་པ་དེས་འཛམ་གླིང་ལ་གཏིང་ཟབ་ཅིང་ཕུགས་རིང་བའི་ཤུགས་རྐྱེན་ཆེན་པོར་བཞག་ཡོད།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་དང་།དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་སྒོས་གོང་འཕེལ་གཏོང་བ། འཛམ་གླིང་གི་རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་འགྲོ་བའི“སའི་གོ་ལའི་ཁྱིམ་གཞིའི”བསྐྲུན་པའི་ཕུགས་འདུན་ཆེན་པོ་གསུམ་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱེད་དགོས།
སྐྱེ་དངོས་སྣ་མང་རང་བཞིན་ནི་མིའི་རིགས་ཀྱི་འཚོ་རྟེན་དང་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན་ཞིང་། 2011ལོ་ནས2020ལོའི་བར་གྱི་གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དམིགས་འབེན(ཨེ་ཀྲི་དམིགས་འབེན)ཁྲོད་ཀྱི་དམིགས་འབེན་ཉི་ཤུའི་ནང་གི་དམིགས་འབེན་དྲུག་གི་ཆ་ཤས་ཙམ་མངོན་འགྱུར་བྱུང་བའི་གནས་ཚུལ་འོག《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཐེངས་བཅོ་ལྔ་བའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན(COP15)ལས།རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཐད་ཀྱི་ཉམས་མྱོང་མ་ལག་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཏེ། གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་དཔེ་རིས་གསར་པ་བྲིས་པ་དེས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ནུས་པ་ཤོར་བའི་རྣམ་པར་བཀག་འགོག་དང་འགྱུར་ལྡོག་བཏང་བ་མ་ཟད། གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།“སའི་གོ་ལའི་ཁྱིམ་གཞི”སྐྲུན་པའི་ཕུགས་འདུན་ཆེན་པོ་གསུམ་དེ་རང་བྱུང་སྐྱེ་ཁམས་དང་དཔལ་འབྱོར་འཕེལ་རྒྱས།མིའི་རིགས་བདེ་སྐྱིད་བཅས་སྐྲུན་པར་ནུས་ལྡན་སྒོས་ཟུང་འབྲེལ་དམ་པོ་བྱས་ནས། ཐེངས་དེའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་སྟེ“སྐྱེ་ཁམས་དཔལ་ཡོན་ནི་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་དགོས”ཅེས་རྒྱས་བཤད་ཟབ་མོ་གནངས་ཏེ། གོ་ལ་ཧྲིལ་བོའི་སྐྱེ་ཁམས་དང་ཁོར་ཡུག་བཅོས་སྐྱོང་ལ་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ལ་ཡང་ཚད་མཐོའི་གཅིག་མཐུན་བྱུང་བས། ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་བློ་གྲོས་གཅིག་བསྡུས་ཀྱིས་མཚོན་པར་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་དུང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་སྐྱེ་ཁམས་འདུ་ཤེས་ཀྱི“བྱ་དངོས་ཡོད་ཚད་ཕན་ཚུན་ལ་བརྟེན་ནས་སྐྱེས་པ་དང་། རྒྱུ་དང་རྐྱེན་ལ་བརྟེན་ནས་གྲུབ་པ་ཡིན”པའི་ལུང་དྲངས་ནས་ང་ཚོར་རང་བྱུང་ཁམས་བླ་རུ་བཀུར་བ་དང་། རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པ། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་དགོས་པར་གསལ་འདེབས་བྱས་ཏེ། སྲོལ་རྒྱུན་གྱི“ཐོན་སྐྱེད་འབོར་ཆེན་དང་། ཟད་གྲོན་མང་པོ། ཕྱིར་གཏོང་མང་པོ”བཅས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཛད་སྤྱོད་བྱེད་སྟངས་བསྒྱུར་ནས་སྔོན་ལ་སྦགས་བཙོག་དང་རྗེས་སུ་བཅོས་སྐྱོང་བྱེད་པའི་ལམ་རྙིང་པར་མི་འགྲོ་བ་དང་།བློ་བརྟན་འགྱུར་མེད་ཀྱིས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་པོ་ཡོང་བ།སྐྱེ་ཁམས་ལེགས་པ་བཅས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད་དགོས།
“མིའི་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི”འདུ་ཤེས་དང་“མིའི་རིགས་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་གསར་བའི་ལམ་བུ་བཏོད་པའི”བསམ་ཕྱོགས་བཞི་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱ་དགོས།
དེང་སྐབས། མིའི་རིགས་ཀྱི་མདུན་དུ་ལྷགས་པའི་དཀའ་ཁག་དང་འགྲན་སློང་ནི་པྲོག་གསར་གློ་ཚད་རིམས་ནད་དང་། ཁོར་ཡུག་སྦགས་བཙོག གནམ་གཤིས་འགྱུར་ལྡོག སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྱུར་བ།སྐྱེ་དངོས་སྣ་མང་རང་བཞིན་གྱི་ནུས་པ་ཤོར་བ་སོགས་ཡིན་པས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དང་གོ་ལ་ཧྲིལ་བོའི་ རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་འགག་སྒོ་གལ་ཆེན་དུ་གནས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་བོའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། མཉམ་དུ་གོང་འཕེལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་ཐུགས་བསམ་རྩེ་གཅིག་བཏང་ནས། “མིའི་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བ”ཞེས་པའི་བརྗོད་གཞི་དང“མིའི་རིགས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་གསར་བའི་ལམ་བུ་འབྱེད་དགོས”ཞེས་པའི་བསམ་ཕྱོགས་བཞི་ཐོགས་མར་བཏོན་པ་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱས་ཏེ།མི་དང་རང་བྱུང་ཁམས་བར་ཀྱི་འབྲེལ་བ་མཐུན་སྦྱོར་བྱེད་དགོས་པ་དང་། ལྗང་མདོག་གི་རྣམ་པ་བསྒྱུར་བ་སྒུལ་ཤུགས་བྱས་ཏེ། གོ་ལ་ཧྲིལ་བོའི་རྒྱུན་མཐུད་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ། མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ལྟེ་བར་བཟུང་སྟེ། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་བྱས་ཏེ། འདྲ་མཉམ་ལུགས་མཐུན་གྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་ལ་སྲུང་སྐྱོབ་བཅས་བྱེད་དགོས། མིའི་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་འོས་པ་ནི་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་འཆམ་མཐུན་འཕེལ་རྒྱས་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས། མི་དམངས་ཀྱི་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བའི་འཕེལ་རྒྱས། རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་འཕེལ་རྒྱས་བཅས་ཡིན།“མིའི་རིགས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རྒྱང་སྐྱོད་གསར་བའི་ལམ་བུ་བཏོད་དགོས”པའི་བསམ་ཕྱོགས་བཞི་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་བདུན་ཅུ་དོན་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་སྟེང་བཏོན་པའི“གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་གྲོས་འགོ”ནི་གཅིག་རྒྱུན་གཅིག་འཛིན་དང་། སྔར་ལས་ལྷག་པའི་སྒོ་ནས་མ་འོངས་པར་སྤུས་ཚད་མཐོན་པའི་འཕེལ་རྒྱས་ཀྱི“ལམ་ཐིག་རི་མོ”ཞིག་བྲིས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིག་སྔའི་འགྲན་སློང་ལ་ཁ་གཏད་འཇལ་པར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།
2021ལོའི་ཟླ10པའི་ཚེས14ཉིན། 2020ལོའི་མཉམ་འབྲེལ་རྒྱལ་ཚོགས་སྐྱེ་དངོས་སྣ་མང་རང་བཞིན་ཚོགས་ཆེན་གྱི༼དུས་རིམ་དང་པོའི༽སྐྱེ་ཁམས་རིག་གནས་གླེང་སྟེགས་དེ་ཡུན་ནན་ཞིང་ཆེན་ཁུང་མིན་གྲོང་ཁྱེར་དུ་མགོ་རྩོམ་པའི་མཛད་སྒོ་བསྡུས་ཤིང་།པར་འདི་ནི་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་འཁྲབ་སྟོན་བྱེད་པའི་ཚུལ་རེད།
རང་རྒྱལ་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་སྐུལ་འདེད་དང་མཐུན་སྦྱོར་བྱེད་པའི་ཕྱོགས་གསུམ་བྱེད་ཐབས་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱེད་དགོས།
《སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས》ཀྱི་ཐེངས་བཅོ་ལྔ་བའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན(COP15)གྱི་གཙོ་སྒྲུབ་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱབ་བསྒྲགས་བྱས་དོན། ཀྲུང་གོས་སྔོན་ལ་མི་དམངས་ཤོག་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བཏང་ནས་ཁུང་མིན་སྐྱེ་ཁམས་སྣ་མང་རང་བཞིན་གྱི་ཐེབས་རྩ་བཙུགས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། སྐོར་ཐེངས་དང་པོའི་རྒྱལ་ཁབ་སྤྱི་གླིང་ལྔ་དངོས་སུ་བཙུགས་ཤིང་། ཐཱན་རྩེར་སོན་དང་། ཐཱན་སྙོམས་སྦྱོར། “1+N”ཡི་སྲིད་ཇུས་མ་ལག་བཏོན། ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་ཁ་གཏད་འཇལ་བར་དེ་གཉིས་བྲལ་ཐབས་མེད་པ་དང་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་ཡོད། ནམ་ཟླའི་འགྱུར་ལྡོག་ལ་ཕན་འབྲས་ལྡན་པའི་སྒོ་ནས་ཁ་གཏད་འཇལ་ཚེ། གོ་ལ་ཧྲིལ་བོའི་དྲོད་གྲངས་འཕར་བར་ཇེ་དམའ་རུ་གཏོང་ཐུབ་པ་དང་། ཐལ་དྲགས་པའི་ནམ་ཟླ་ཇེ་མང་དུ་འགྲོ་བ་དང་གནམ་གཤིས་སམ་ཡང་ན་རང་བྱུང་གནོད་འཚེ་བྱུང་ཚད་མང་པོར་ཕྱིན་པ་ལས་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བ་དང་དངོས་རིགས་རྩ་མེད་དུ་འགྲོ་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཞིག་གསོ་བྱེད་པར་ཤུགས་བསྣན་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ནུས་པ་ཤོར་བར་བཀག་འགོག་བྱེད་པ་དང་། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་ཇེ་མཐོར་བཏང་ན། སྤྱི་ཕྱོགས་ནས་ཁོར་ཡུག་སྤུས་ཚད་ལེགས་བཅོས་བྱེད་པ་དང་ཐཱན་འདུས་ནུས་པ་ཇེ་མང་དུ་གཏོང་བ་དང་ནམ་ཟླའི་འགྱུར་ལྡོག་ཞི་འཇགས་སུ་གཏོང་བར་ཕན་པ་ཡོད་པས། ནམ་ཟླའི་འགྱུར་ལྡོག་དང་འཚམ་པའི་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ། ཕྱོགས་དེ་གསུམ་ལ་དངོས་གཉེར་དང་ནུས་ཤུགས་གང་ཡོད་ཀྱིས་བྱེད་ཐབས་སྤྱད་པ་དེས་རང་རྒྱལ་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་བྱེད་པའི་ཐད་སྐས་རིམ་གསར་པ་ཞིག་ཏུ་སྤོས་ཤིང་སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་སྐྲུན་པར་སྐུལ་འདེད་གཏོང་བའི་བློ་སྟོབས་དང་བྱ་སྤྱོད་མངོན་པར་བྱས་པས། སྔར་ལས་ཐོན་ཁུངས་མང་པོ་ཞིག་ཕྱོགས་གང་ཅི་ནས་སྐོང་འཐེན་བྱེད་པར་ཤུགས་ཡོད་ཀྱིས་ཁྲིད་སྟོན་བྱས་ཏེ། དངོས་གཉེར་གྱིས་བྱེད་ཐབས་སྤྱད་ནས་དག་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་མཉམ་དུ་བསྐྲུན་དགོས།
གཉིས། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།
རང་རྒྱལ་ནི་འཛམ་གླིང་སྟེང་གི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཀྱི་གྲས་གཅིག་ཡིན་པའི་ཆ་ནས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་འཐབ་ཇུས་སུ་རིམ་འཕར་བྱས་ཏེ། ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། རྒྱལ་ཁབ་སྐྱེ་དངོས་བདེ་འཇགས་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་ལམ་ལུགས་གསར་འཛུགས་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་འཛིན་པ། སྲུང་སྐྱོབ་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་དང་། དམངས་ཡོངས་ཟུར་ཞུགས།ཕྱོགས་མང་བཅོས་སྐྱོང་། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྐྱེན་སྲོལ་ཞིག་གྲུབ་པར་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཐད་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་བར་བྱས་རྗེས་གསར་བ་བཞག
སྐྱེ་ཁམས་མ་ལག་མུ་མཐུད་དུ་ཞིག་གསོ་བྱས་ཏེ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་གྲངས་ཀ་མུ་མཐུད་དུ་འཕར་སྣོན་བྱུང་།
སྐྱེ་ཁམས་སྲུང་སྐྱོབ་དང་ཞིག་གསོའི་བཟོ་སྐྲུན་རབ་དང་རིམ་པ་ལག་བསྟར་བྱས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་དང་བྱེ་མ་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པར་གཅིག་གྱུར་སྒོས་སྐུལ་འདེད་བྱས། རང་རྒྱལ་གྱི་ནགས་ཚལ་རྒྱ་ཁྱོན་དང་ནགས་ཚལ་གསོག་འཇོག་གི་ཚད་དེ་བསྟུད་མར་ལོ་ངོ་སུམ་ཅུའི་རིང་ལ་གཉིས་འཕར་བྱུང་བ་སྲུང་འཛིན་བྱས་ཡོད། 2004ལོ་ནས་བཟུང་། ས་རྒོད་ཅན་དང་། བྱེ་ཐང་ཅན་དུ་གྱུར་བའི་ས་ཆའི་རྒྱ་ཁྱོན་ལ་བསྟུད་མར་ཐེངས་གསུམ་ལ་ཚད་འཇལ་སྐབས༼ལོ་ལྔ་རེ་ནི་ཚད་འཇལ་སྐབས་གཅིག་རེ་ཡིན༽ལས་གཉིས་འཕྲི་མངོན་འགྱུར་བྱུང་། 2000—2017ལོའི་བར་གོ་ལ་ཧྲིལ་བོའི་ལྗང་བསྒྱུར་རྒྱ་ཁྱོན་ཇེ་ཆེར་སོང་བའི་ཁྲོད། རང་རྒྱལ་གྱིས་བྱས་རྗེས་བཞག་པའི་བསྡུར་ཚད་ཕལ་ཆེར་བརྒྱ་ཆའི་ཉེར་ལྔ་ཟིན་ཡོད་པས། འཛམ་གླིང་སྟེང་གི་ཨང་དང་པོར་གྱུར། 2016—2020ལོའི་བར་དུ། བསྡོམས་པས་འགྲམ་རྒྱུད་ཀྱི་ལམ་ཐིག་སྤྱི་ལེ་སྟོང་གཅིག་དང་ཉིས་བརྒྱ་དང་། མཚོ་འགྲམ་གྱི་བརླན་ས་སྤྱི་ཆིངས་ཁྲི་གཉིས་དང་སྟོང་གསུམ་བཅོས་སྐྱོང་དང་ཞིག་གསོ་བྱས། རྒྱལ་ཁབ་སྤྱི་གླིང་གཙོ་བོ་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞི་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཀྱིས་ཁ་གསབ་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་ཅིག་འཛུགས་པར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ་ཁྲི་ལ་ཉེ་བ་སྐྲུན་ཞིང་། དེས་སྐམ་སའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ས་ཁོངས་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅོ་བརྒྱད་ཟིན་པ་དང་། སྐམ་སའི་སྐྱེ་ཁམས་མ་ལག་རིགས་ཀྱི་བརྒྱ་ཆའི་དགུ་བཅུ་ཟིན་ལ།རྒྱལ་ཁབ་ཀྱིས་གཙོ་བོར་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་བརྒྱ་ཆའི་དོན་གཅིག་ཟིན་ཡོད་པས། ཕན་འབྲས་ལྡན་པའི་སྒོ་ནས་སྲུང་སྐྱོབ་ཐོབ་ཡོད། ཐོག་མར་དབྱེ་འབྱེད་གཏན་འཁེལ་བྱས་པའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་རྒྱ་ཁྱོན་དེ་སྐམ་སའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ས་ཁོངས་རྒྱ་ཁྱོན་ལས25%ལས་མི་དམའ་བ་བྱས་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་དམིགས་བསལ་ས་ཁོངས་སོ་ལྔ་གཏན་འཁེལ་བྱས་པས། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་བར་སྟོང་མུ་མཐུད་དུ་རྒྱ་བསྐྱེད་པ་རེད། དཔལ་འབྱོར་ཆེས་དར་རྒྱས་ཆེ་བའི་འབྲི་ཆུའི་དཔལ་འབྱོར་རྒྱུད་དུ་ལོ་བཅུའི་རིང་ལ་ཉ་འཛིན་མི་ཆོག་པའི་འཆར་གཞི་ལག་བསྟར་བྱས་ནས་ནུས་ཤུགས་ཡོད་རྒུས་འབྲི་ཆུའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སླར་གསོ་བྱུང་ཡོད། མ་ལག་ལྡན་པའི་སྒོ་ནས་རྒྱུད་ཆད་ལ་ཉེ་བའི་དངོས་རིགས་མྱུར་སྐྱོབ་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་པས།རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་མང་པོར་སྲུང་སྐྱོབ་དང་སླར་གསོ་བྱེད་ཐུབ་པ་བྱུང་ཡོད།དོམ་ཁྲ་དང་། བྱ་ཀྲུའུ་ཧོན། ཨེ་ཤ་ཡའི་གླང་ཆེན། རི་དྭགས་གཙོད་སོགས་རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་རང་བཞིན་གྱིས་འཕར་སྣོན་འབྱུང་བཞིན་ཡོད།
སྲིད་ཇུས་ཀྱི་ཁྲིམས་སྲོལ་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས་སྲུང་སྐྱོབ་ནུས་པ་དང་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་གཏོང་དགོས།
《ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་དང་འགུལ་སྐྱོད་འཆར་གཞི》(2011ལོ་ནས2030ལོའི་བར)ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དང་། ནགས་ཚལ་བཅའ་ཁྲིམས་དང་། རྩྭ་སའི་བཅའ་ཁྲིམས། ཉ་ལས་བཅའ་ཁྲིམས། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས། རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས། ས་བོན་གྱི་བཅའ་ཁྲིམས།འབྲི་ཆུར་སྲུང་སྐྱོབ་བཅའ་ཁྲིམས་སོགས་སྐྱེ་དངོས་སྣ་མང་རང་བཞིན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཉི་ཤུ་ལྷག་འགྲེམ་སྤེལ་དང་བཟོ་བཅོས་བྱས་ཤིང་།《རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་ཁྲིམས་དང་འགལ་ནས་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་པ་གཏན་འགོག་དང་། རི་སྐྱེས་སྲོག་ཆགས་ཀྱི་ཤ་གང་བྱུང་དུ་ཟ་བའི་སྲོལ་ངན་འགོག་པ། དོན་དངོས་སྟེང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་འགན་སྲུང་བྱེད་པའི་གཏན་འཁེལ།》བཅས་དངོས་སུ་བཏོན་པ་རེད། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་མིང་ཐོར་བཟོ་བཅོས་དང་ལེགས་སྒྲིག་བྱས་ཡོད། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་སུ་སྐྱེ་དངོས་སྣ་མང་རང་བཞིན་ལ་རྟོག་ཞིབ་དང་དཔྱད་འཇོག་བྱེད་པར་རྩ་འཛུགས་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚད་འཇལ་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱ་འཐུས་ཚང་དུ་བཏང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་རྟོག་དཔྱོད་དང་། ལྟ་ཞིབ། དཔྱད་འཇོག་སོགས་བྱེད་པའི་འབྲེལ་ཡོད་ལག་རྩལ་དང་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའི་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་། 2016—2020ལོའི་བར། ཀྲུང་དབྱང་ནོར་སྲིད་ཀྱིས་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོར་མ་དངུལ་སྒོར་མོ་ཁྲག་ཁྲིག་གསུམ་དང་ཐེར་ཆེན་ལྔ་ཐེར་འབུམ་གཉིས་དུང་ཕྱུར་བཞི་བཀོད་སྒྲིག་བྱས་ཏེ། སྐྱེ་ཁམས་དོ་སྙོམས་སྲུང་སྐྱོབ་ཁུལ་དང་སྐྱེ་ཁམས་ཕན་འབྲས་ཁུལ་བར་གྱི་ཁེ་ཕན་འབྲེལ་བའི་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས། སྐྱེ་ཁམས་མ་ལག་དང་། དངོས་རིགས། སྐྱེ་དངོས་རྒྱུད་འཛིན་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་བཟོད་སྒོམ་མི་བྱེད་པ་དང་། ཁྲིམས་འགལ་ངང་རང་བྱུང་སྲུང་སྐྱོབ་ཁུལ་དང་། མཚོ་བདག་བཟུང་བྱེད་པ། བརླན་སར་གཏོར་བརླག་གཏོང་བ་སོགས་ཀྱི་བྱ་སྤྱོད་དེ་དག་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁྱབ་ཁོངས་ནང་བཞག་སྟེ།བསྟུད་མར་ལོ་ལྔའི་རིང་ལ“ལྗང་ཕུབ”བྱ་འགུལ་སྤེལ་བ་དེས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟ་རྟོག་ནུས་པ་ཇེ་དྲག་ཏུ་བཏང་བ་དང་། སྡེ་ཁག་བརྒལ་བ་དང་། ས་ཁོངས་བརྒལ་བ། རྒྱལ་ཁོངས་བརྒལ་ནས་མཉམ་འབྲེལ་སྒོས་ཁྲིམས་འཛིན་བྱ་སྤྱོད་ལག་བསྟར་བྱས་པས། གནད་དོན་གཙོ་བོ་སྟོང་ལྔ་ལྷག་དག་ཐེར་ཡོ་བསྲང་བྱེད་ཐུབ་པ་བྱུང་ཞིང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་དྲིལ་སྒྲོག་སློབ་གསོར་མུ་མཐུད་དུ་ཤུགས་བསྣན་ནས་སྲིད་གཞུང་གི་ཁྲིད་སྟོན་ལ་ཤུགས་སྣོན་དང་། ཁེ་ལས་ཀྱིས་ཧུར་ཐག་སྒོས་འགུལ་སྐྱོད་སྤེལ་བ། རྒྱ་ཆེའི་མང་ཚོགས་རྣམས་ནང་དུ་ཞུགས་པའི་འགུལ་སྐྱོད་མ་ལག་ཅིག་རྩ་བའི་ཆ་ནས་གྲུབ་པར་བྱས།
སྐྱེ་དངོས་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་དང་།སྐྱེ་དངོས་བདེ་འཇགས་དོ་དམ་ནུས་པ་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།
སྐྱེ་དངོས་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ནང་བཞག་སྟེ། སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་འགྲེམ་སྤེལ་དང་ལག་བསྟར་བྱས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་མ་ལག་ལྡན་པའི་སྒོ་ནས་འཆར་འགོད་བྱས་ཏེ། སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་ལྟ་ཞིབ་ཚད་ལེན་བྱེད་པའི་ཉེན་ཟོན་སྔོན་བརྡ་དང་། ཉེན་ཁ་རྟོག་དཔྱོད་དང་དཔྱད་འཇོག སྐྱེ་དངོས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་གཞི་རྩའི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་། སྐྱེ་དངོས་ཀྱི་རྒྱུད་འཛིན་ཐོན་ཁུངས་གལ་ཆེན་གཅིག་བསྡུས་ཉར་ཚགས་དང་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། འཐབ་ཇུས་ཀྱི་སྐྱེ་དངོས་ཐོན་ཁུངས་ཀྱི་འཆར་གཞིའི་ཆེད་དམིགས་རྣམ་གྲངས་ལག་བསྟར་བྱེད་པ། ས་བོན་གྱི་ཐོན་ཁུངས་སྐོར་ཞིག་སྲུང་སྐྱོབ་དང་གསོ་སྤེལ་འདེབས་འཛུགས་ཀྱི་གསར་སྐྲུན་ལས་གཞི་ཁག་ཅིག་ལག་བསྟར་བྱས། སྐྱེ་དངོས་ཀྱི་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོབ་བྱེད་པ་དང་། འབྲས་བུ་ཐོབ་པ། བེད་སྤྱོད་པ། ཁེ་ཕན་ལོངས་སྤྱོད་བྱེད་པའི་དོ་དམ་དང་ལྟ་རྟོག་ལ་ཤུགས་བསྣན་ནས་སྐྱེ་དངོས་ཀྱི་རྒྱུད་འཛིན་ཐོན་ཁུངས་གལ་ཆེན་ལ་བརྟག་དཔྱད་དང་སྲུང་སྐྱོབ་གྲུབ་འབྲས་ལ་དཔྱད་འཇོག་བྱེད་པའི་བྱ་བ་སྤེལ་ཏེ། སྐྱེ་དངོས་ཀྱི་རྒྱུད་འཛིན་ཐོན་ཁུངས་གཅིག་བསྡུས་སྒོས་ཉར་ཚགས་བྱེད་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།ཉེ་བའི་ལོ་བཅུ་ཙམ་གྱི་རིང་ལ།རང་རྒྱལ་གྱིས་ལོ་རེར་ཆ་སྙོམས་བྱས་ན་རྩི་ཤིང་གི་རིགས་གསར་བ་ཉིས་བརྒྱ་ཙམ་རྙེད་པ་དེས་འཛམ་གླིང་ཡོངས་ཀྱི་རྩི་ཤིང་གི་ལོའི་འཕར་ཚད་གྲངས་ཀའི1/10ཟིན་གྱིན་ཡོད། ཕྱི་ཕྱོགས་ནས་ཡོང་བའི་དངོས་རིགས་ཀྱི་གནོད་འཚེ་འགོག་སྲུང་དང་དེ་ལ་ཁ་གཏད་འཇལ་བར་མུ་མཐུད་དུ་ཤུགས་སྣོན་དགོས་པ་དང་། ཕྱི་ནས་ཡོང་བའི་དངོས་རིགས་ཀྱི་གནོད་འཚེ་འགོག་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཕྱི་ནས་ཡོང་བའི་དངོས་རིགས་འགོག་སྲུང་སྡེ་ཁག་བར་མཐུན་སྦྱོར་བྱེད་པའི་རྐྱེན་སྲོལ་བཙུགས་ནས་མཉམ་འགོག་མཉམ་འཛིན་ལ་སྐུལ་འདེད་གཏོང་དགོས། གཞི་རྒྱུ་བསྒྱུར་བའི་སྐྱེ་དངོས་བདེ་འཇགས་ལ་ཞིབ་དཔྱད་ཚད་ལེན་དང་དཔྱད་འཇོག་བྱེད་པའི་བྱ་བ་སྤེལ་ཏེ། ནན་ཏན་གྱི་སྒོ་ནས་སྐྱེ་དངོས་ལག་རྩལ་དང་དེའི་ཐོན་རྫས་ཀྱི་བདེ་འཇགས་དོ་དམ་ཚད་ལྡན་དུ་བཏང་བ་དང་། སྐྱེ་དངོས་ལག་རྩལ་གོ་རིམ་ལྡན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ཡོད།
རང་རྒྱལ་གྱིས་མ་ལག་ལྡན་པའི་སྒོ་ནས་རྒྱུད་རྫོགས་ལ་ཉེ་བའི་དངོས་རིགས་མྱུར་སྐྱོབ་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་། རྒྱུད་རྫོགས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་ཕན་འབྲས་ལྡན་པའི་སྒོ་ནས་སྲུང་སྐྱོབ་དང་སླར་གསོ་བྱེད་ཐུབ་པ་བྱུང་ཡོད།
གོ་ལ་ཧྲིལ་བོར་བཅོས་སྐྱོང་བྱེད་པའི་ཁྲོད་ཟབ་ཞུགས་བྱས་ཏེ་མཉམ་ལས་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ནུས་པ་ཤོར་བར་ཁ་གཏད་གཅོག་དགོས།
《སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས》ལ་མིང་རྟགས་དང་ཆོག་མཆན་འགོད་སྔ་ཤོས་ཀྱི་ཆིངས་ཡིག་འཇོག་མཁན་གྱི་གྲས་ཤིག་ཡིན་པའི་ཆ་ནས། རང་རྒྱལ་གྱིས་ཕྱོགས་མང་རིང་ལུགས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་གིས་སྤེལ་ཏེ། གོ་ལཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བར་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།《སྤྱི་ཆིངས》དང་གྲོས་ཆོད་ཡི་གེ་ཧུར་ཐག་གིས་ལག་བསྟར་བྱས་ནས“ཨེ་ཀྲི་དམིགས་འབེན” ལག་བསྟར་བྱས་པའི་གནས་ཚུལ་དེ་གོ་ལ་ཧྲིལ་བོའི་ཆ་སྙོམས་ཆུ་ཚད་ལས་མཐོ་བས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གོ་ལ་ཧྲིལ་བོའི་ཁོར་ཡུག་ཐེབས་རྩའི་ནང་ཞལ་འདེབས་ཕུལ་མཁན་ཆེས་མང་པའི་རྒྱལ་ཁབ་ཞིག་དུ་གྱུར་ཡོད། “རྒྱུད་གཅིག་ལམ་གཅིག”གི་ལྗང་མདོག་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་བཙུགས་པ་དེས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དང་། གོ་ལ་ཧྲིལ་བོའི་ནམ་ཟླའི་འགྱུར་ལྡོག་བཅོས་སྐྱོང་དང་ལྗང་མདོག་རྣམ་པ་བསྒྱུར་བ་སོགས་ཀྱི་ཐད་མཉམ་ལས་བྱ་བ་སྤེལ་ཡོད།“རྒྱུད་གཅིག་ལམ་གཅིག”གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་གྲངས་ཆེན་མོའི་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་བྱས་པ་དེས་རྒྱལ་ཁབ100ལྷག་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་འབྲེལ་ཡོད་གཞི་གྲངས་བསྡུ་ལེན་བྱས་ཡོད། “འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས”ཀྱི་སྒྲོམ་གཞིའི་འོག་ཧུར་ཐག་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། གོ་ལ་ཧྲིལ་བོའི་རྒྱལ་ཁབ་བརྒྱད་ཅུ་ལྷག་ལ་ཁེ་ཕན་སྐྲུན་ཡོད།《སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས》ཀྱི་ཐེངས་བཅོ་ལྔ་བའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་གྱི་དུས་རིམ་དང་པོའི་གྲོས་ཚོགས་རྒྱལ་ཁའི་ངང་བསྡུས་པ་དང་།《ཁུང་མིན་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་ཞིང་བ་དེས“2020ལོའི་རྗེས་ཀྱི་གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞིར”མུ་མཐུད་དུ་གྲོས་མོལ་བྱེད་པར་ཆབ་སྲིད་ཀྱི་མཛུབ་སྟོན་འདོན་སྤྲོད་བྱས་པ་དང་། ཐུན་མོང་གི་ངོས་ཟིན་གཅིག་བསྡུས་བྱས་ཡོད་པ་དེའི་སྟེང་ནས་རྒྱལ་ཁབ་སོ་སོས་ཕན་འབྲས་ལྡན་པའི་འགུལ་སྐྱོད་སྤེལ་ཏེ། དེང་སྐབས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ནུས་པ་ཤོར་བར་འགྱུར་ལྡོག་བཏང་བ་མ་ཟད། ཆེས་འཕྱི་ནའང2030ལོར་སླེབས་སྐབས་སྐྱེ་དངོས་སྣ་མང་རང་བཞིན་སླར་གསོའི་ལམ་དུ་ཞུགས་པའི་ཆོད་སེམས་དང་འདོད་བློར་ཁག་ཐེག་བྱས་ནས་གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་བྱེད་པར་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།
གསུམ། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས།
ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་ཚན་རིག་གིས་མཛུབ་སྟོན་བྱས་འོག རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དེ་དུས་བསྟུན་མདུན་སྐྱོད་དང་། གསར་སྐྲུན་འཕེལ་རྒྱས། ཡུན་རིང་མཛུབ་སྟོན་རང་བཞིན་གྱི་ཉམས་མྱོང་རྩ་ཆེན་བཅས་གསོག་འཇོག་བྱས་ཡོད། ཉམས་མྱོང་རྩ་ཆེན་དེ་དག་རྒྱུན་འཛིན་དང་དར་སྤེལ་གཏོང་བར་མུ་མཐུད་དུ་བྱ་བའི་བསམ་ཕྱོགས་དང་བྱེད་ཐབས་གསར་སྐྲུན་བྱས་ཏེ།རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བཅོས་སྐྱོང་དེ་འཕེལ་རིམ་གསར་བ་ཞིག་ཏུ་བསླེབ་པར་བྱེད་དགོས།
མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་དགོས།
མི་དང་རང་བྱུང་ནི་ཚེ་སྲོག་གི་ཐུན་མོང་ཚོགས་པ་ཞིག་ཡིན་ཞིང་།མིའི་རིགས་ཀྱིས་མཛའ་མཐུན་ངང་རང་བྱུང་ལ་སྲུང་སྐྱོབ་བྱེད་སྐབས།རང་བྱུང་གིས་དྲིན་ལན་འཇལ་སྲིད་པ་དང་། གལ་ཏེ་མིའི་རིགས་ཀྱིས་རྩུབ་སྤྱོད་ངང་རང་བྱུང་འཕྲོག་བཅོམ་བྱེད་སྐབས། རང་བྱུང་གིས་ཀྱང་བརྩེ་བ་མེད་པར་ཉེས་ཆད་གཅོད་སྲིད་ངེས།ཚད་ལས་བརྒལ་ནས་རང་བྱུང་ཁམས་གསར་སྤེལ་དང་བཀོལ་སྤྱོད་བྱེད་བསླབ་བྱ་གལ་ཆེན་གྱིས་ངེས་པར་དུ་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ།རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཤིག་ཆགས་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འཕེལ་རྒྱས་བགྲོད་ལམ་ཞིག་འཚོལ་ཞིབ་བྱས་ནས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གཉིས་མཐུན་སྦྱོར་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པ་གསལ་པོར་བསྟན་ཡོད། དུས་སྐབས་གསར་པའི་རྒྱལ་ཁབ་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་དང་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་གལ་ཆེན་ནང་འཇོག་པར་སྐུལ་འདེད་བཏང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དེ་སྐྱེ་ཁམས་དཔལ་ཡོན་གྱི་བརྒྱུད་རིམ་ཧྲིལ་བོའི་ནང་ཁྱབ་པར་བྱེད་དགོས་ཤིང་། རང་བྱུང་གིས་ཐེག་ཐུབ་པའི་ནུས་ཤུགས་རྨང་གཞིར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་གྲུབ་པར་ཚད་ཇེ་མགྱོགས་སུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་འཚོ་བ་དར་སྤེལ་གཏོང་བ། ཆུ་ཚད་མཐོ་བའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏང་དགོས། སྔོན་ལ་སྲུང་སྐྱོབ་བྱེད་པ་དང་རང་བྱུང་ཁམས་སླར་གསོ་གཙོ་བོར་འཛིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རང་བྱུང་ཆོས་ཉིད་ལ་བརྩི་འཇོག་དང་། རང་བྱུང་ཁམས་རྨང་གཞིར་གྱུར་བའི་ཐག་གཅོད་བྱེད་ཐབས་ཤིག་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ། མིས་ཚད་ལས་བརྒལ་ནས་ཐེ་གཏོགས་བྱེད་པར་གཡོལ་ཐབས་བྱས་ཏེ། སྐྱེ་ཁམས་མ་ལག་དང་སྐྱེ་དངོས་དངོས་རིགས་སམ་དེ་མིན་རྒྱུད་འཛིན་ཐོན་ཁུངས་གལ་ཆེན་བཅས་ལག་བསྟར་བྱེད་པར་ཕན་འབྲས་ལྡན་པའི་སྒོ་ནས་སྲུང་སྐྱོབ་ཐོབ་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་བཏང་།
རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་རྒྱུན་འཁྱོངས་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་གཏོང་བ་གཉིས་ཟུང་འབྲེལ་ལེགས་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་རང་བྱུང་ཁམས་ཀྱི་རྒྱུ་ནོར་ཡིན་ལ་དཔལ་འབྱོར་གྱི་རྒྱུ་ནོར་ཡང་ཡིན། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་ནི་རང་བྱུང་ཁམས་ཀྱི་གི་རིན་ཐང་དང་རིན་འཕར་གྱི་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྦས་ཤུགས་དང་རྗེས་ཤུགས་ལ་སྲུང་སྐྱོབ་བྱེད་པ་ཞིག་ཀྱང་ཡིན། སྐྱེ་དངོས་སྣ་མང་རང་བཞིན་གྱིས་མིའི་རིགས་ལ་སྣ་མང་ཕུན་སུམ་ཚོགས་པའི་ཐོན་སྐྱེད་འཚོ་བའི་མཁོ་ཆས་དང་། བདེ་ཐང་དང་བདེ་འཇགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཅིག ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་རིག་གནས་ཤིག་འདོན་སྤྲོད་བྱས་ཡོད་པས། ངེས་པར་དུ་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་གསར་སྐྲུན།མང་ཚོགས་ཀྱི་ཡོང་སྒོ་འཕར་བ། མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་བཅས་དང་ཟུང་འབྲེལ་བྱེད་པར་ཤུགས་བསྣན་ནས་སྐྱེ་ཁམས་སྔོན་མ་ཡིན་པ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྤུས་ཀ་མཐོ་བའི་འཚོ་བ་གསར་སྐྲུན་བྱེད་པ་བཅས་ལ་ཟུང་འབྲེལ་དམ་པོ་བྱེད་པ་དང་ཕན་ཚུན་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་མཛའ་བརྩེ་རྣམ་པའི་ལས་གཉེར་བྱེད་སྒོ་ཚད་ལྡན་དུ་བཏང་སྟེ། མང་ཚོགས་ལ“ལྗང་མདོག” གི་ཁོར་ཡུག་ཅིག་སྐྲུན་པ་མ་ཟད། ད་དུང་“དངུལ་ཁུག”ཀྱང་མཐུག་པོར་གྱུར་ནས་སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས།དམངས་ཚིས་ལེགས་བཅོས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་མངོན་འགྱུར་བྱས།
མ་ལག་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ཐང་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་དགོས།
རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ཐང་བཅས་ནི་ཕན་ཚུན་འབྲལ་ཐབས་མེད་པའི་སྐྱེ་ཁམས་ཀྱི་མ་ལག་ཅིག་ཡིན་པས། ངེས་པར་དུ་སྐྱེ་ཁམས་མ་ལག་གི་ཁྱོན་ཡོངས་རང་བཞིན་དང་མ་ལག་རང་བཞིན་ནམ་ཡང་ན་ནང་ཁུལ་གྱི་ཆོས་ཉིད་ལྟར། རང་བྱུང་སྐྱེ་ཁམས་ཀྱི་རྒྱུ་རྐྱེན་གཙོ་བོ་སོ་སོར་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་བསམ་གཞིགས་བཏང་ནས་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་། མ་ལག་ལྡན་པའི་སྒོ་ནས་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་ཏེ། སྐྱེ་ཁམས་མ་ལག་གི་འཁོར་བསྐྱོད་ནུས་པ་དང་སྐྱེ་ཁམས་དོ་མཉམ་ལ་སྲུང་སྐྱོང་བྱེད་པའི་དམིགས་ཡུལ་ཇེ་དྲག་ཏུ་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་བར་སྟོང་གནས་སྟངས་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་།ས་ཆ་རང་ནས་སྲུང་སྐྱོབ་ཀྱི་མ་ལག་དོན་འཁྱོལ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་གྱི་གནས་སྤོར་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་གཅིག་གྱུར་གཏན་འཁེལ་བྱེད་དགོས་པར་མ་ཟད། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དམར་ཐིག་སྲུང་འཛིན་བྱས་ནས་སྲུང་སྐྱོབ་བ་ཁུལ་ལེགས་སྒྲིག་ཡག་པོ་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་སྔོན་བསྐྱོད་ས་ཁོངས་ལ་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་བྱེད་དགོས།《རྒྱལ་ཡོངས་ཀྱི་སྐྱེ་ཁམས་མ་ལག་གཙོ་བོར་སྲུང་སྐྱོབ་དང་སླར་གསོ་བྱེད་པའི་བཟོ་སྐྲུན་གལ་ཆེན་གྱི་སྤྱིའི་འཆར་འགོད(2021—2035ལོ)》ལག་བསྟར་བྱས་ཏེ། དངོས་རིགས་ཀྱི་འཚོ་གནས་སླར་གསོ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་དང་རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན། རང་བྱུང་ཤུལ་བཞག རང་བྱུང་ཡུལ་ལྗོངས།རྩ་ཆེ་ཞིང་རྒྱུད་ཆད་ལ་ཉེ་བའི་དངོས་རིགས་ཀྱི་ཁྱུ་ཚོགས་དང་ཆེས་ཆུང་བའི་དངོས་རིགས་ཁྱུ་ཚོགས་བཅས་ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ནས་སྐྱེ་དངོས་ཐོན་ཁུངས་ཀྱི་གནས་སྤར་ནས་ཉར་ཚགས་དང་གསོ་སྤེལ་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་། སྐྱེ་དངོས་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་ཤུགས་ཆེན་པོས་མཐོར་འདེགས་བཏང་སྟེ། ཁྲིམས་ལྟར་སྐྱེ་དངོས་ལག་རྩལ་གྱི་ཁོར་ཡུག་བདེ་འཇགས་ལྟ་ཞིབ་ཚད་ལེན་དོ་དམ་ལ་ཤུགས་སྣོན་དགོས་པ་དང་།སྐྱེ་དངོས་རྒྱུད་འཛིན་གྱི་ཐོན་ཁུངས་ཐོབ་པ་དང་ཁེ་ཕན་མཉམ་སྤྱོད་ཀྱི་ལྟ་ཞིབ་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། མུ་མཐུད་དུ་ཕྱི་ཡོང་དངོས་རིགས་ཀྱིས་རྒོལ་བའི་འགོག་སྲུང་ཚོད་འཛིན་ཆུ་ཚད་མཐོར་འདེགས་གཏང་དགོས།
རྨང་གཞི་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ།སྐྱེ་དངོས་སྣ་མང་རང་བཞིན་གྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་དགོས།
སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ན་ངེས་པར་དུ་ལམ་ལུགས་དང་ཁྲིམས་སྐྱོང་ལ་བརྟེན་དགོས། ངེས་པར་དུ་ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་ཞིབ་ཚགས་ཀྱི་ཁྲིམས་ལུགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་སྒྲིག་སྲོལ་རྐྱེན་སྲོལ་དང་སྲིད་ཇུས་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་སྟེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ན་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་། ཉ་ལས། བརླན་ས་སྲུང་སྐྱོབ། རང་བྱུང་སྲུང་སྐྱོབ་ས་ཁུལ། ནགས་ཚལ། རི་སྐྱེས་རྩི་ཤིང་སྲུང་སྐྱོབ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབས་དང་བཟོ་བཅོས་རྒྱག་པའི་བྱ་བར་ཞིབ་འཇུག་དང་སྐུལ་འདེད་བཏང་སྟེ། ས་གནས་སོ་སོ་ནས་རང་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་དགོས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་གནོད་འཚེའི་གྱོང་གུན་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་གྱི་གནོད་སྐྱོན་དབྱེ་འབྱེད་དཔྱད་འཇོག་བྱེད་ཐབས་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་གྱིས་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། ཁྲིམས་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱིས་གཙོ་བོར་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེའི་འཚོ་གནས་ཁོར་ཡུག་ལ་གནོད་པ་བཟོ་བའི་བྱ་སྤྱོད་དང་བཅོས་སྐྱོང་བྱེད་པའི་གནས་ཚུལ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་ཁྱབ་ཁོངས་སུ་བཞག་སྟེ།“ལྗང་ཕུབ”ཅེས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་ལྟ་སྐུལ་བྱེད་པ་སོགས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་གཏང་དགོས།ཁྲིམས་དང་འགལ་བའི་སྒོ་ནས་རི་སྐྱེས་སྲོག་ཆགས་རྔོན་པ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས། དེ་མིན་དེ་དག་ལས་སྐྲུན་པའི་ཐོན་རྫས་འཚོལ་བསྡུ། སྐྱེལ་འདྲེན། ཉོ་ཚོང་བཅས་བྱེད་པའི་ཉེས་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་གལ་ཆེན་གྱི་ལོ་བཅུའི་འཆར་འགོད་བཟོ་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ལྟ་ཞིབ་ཚད་ལེན་དྲ་བ་འཛུགས་པའི་ཚད་ཇེ་མགྱོགས་སུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་གྱི་དཔྱད་འཇོག་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཤུགས་རྐྱེན་ལ་དཔྱད་འཇོག་བྱེད་པའི་བྱ་བ་སྤེལ་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཁེ་ལས་དང་ལས་དོན་ལས་ཁུངས། སྤྱི་ཚོགས་རྩ་འཛུགས། མང་ཚོགས་རྣམས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཁྲོད་ཞུགས་པའི་ཡུན་ཕན་སྒྲིག་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།
ཡུན་ནན་ཞིང་ཆེན་ཞི་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་ཡ་གླིང་གི་རི་སྐྱེས་གླང་ཆེན་འགའ་ཕྱིར་རང་གི་འཚོ་གནས་སུ་ལོག་བཞིན་ཡོད་པ་དེར་གོ་ལ་ཧྲིལ་བོས་དོ་སྣང་བྱེད་བཞིན་ཡོད།
མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐྲུན་པར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་གི་བྱ་བའི་ནང་ཧུར་ཐག་གིས་ཞུགས་དགོས།
སའི་གོ་ལ་ནི་མིའི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་ནུས་པ་ཤོར་བ་སོགས་འཛམ་གླིང་ཡོངས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་སྐབས། རྒྱལ་ཁབ་ཚང་མ་སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན་པས། ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ངེས་སྲུང་འཛིན་བྱེད་དགོས་པ་དང་། ཕྱོགས་མང་རིང་ལུགས་ཀྱི་སྣེ་ཁྲིད་པར་རྒྱུན་འཁྱོངས་བྱེད་པ། གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་བཅོས་སྐྱོང་བྱེད་པའི་འཕེལ་རིམ་ནང་ཧུར་ཐག་གིས་ཞུགས་ཏེ། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་བོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནང་ཞུགས་མཁན་དང་། བྱས་རྗེས་འབུལ་མཁན། སྣེ་ཁྲིད་མཁན་བཅས་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་རང་བཞིན་བཅོས་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཁྱབ་ཁོངས་སུ་སྨྲ་བརྗོད་དབང་ཆ་དང་ཤུགས་རྐྱེན་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་དགོས། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་དང་། བརླན་སའི་སྤྱི་ཆིངས། རྒྱུད་ཆད་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས་སོགས་སྐྱེ་དངོས་སྣ་མང་རང་བཞིན་དང་འབྲེལ་བའི་རྒྱལ་སྤྱིའི་ཆིངས་ཡིག་ལག་བསྟར་ནན་མོ་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་གྱི་འབྲེལ་ཡོད་རྒྱལ་སྤྱིའི་ཚད་གཞི་བཟོ་བའི་ནང་ཧུར་ཐག་གིས་ཞུགས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཕྱོགས་མང་གླེང་མོལ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཤེས་བྱ་དང་། ཆ་འཕྲིན། ཚན་རྩལ་བརྗེ་རེས། གྲུབ་འབྲས་མཉམ་སྤྱོད་བཅས་ལ་སྐུལ་འདེད་གཏོང་དགོས།《སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས》ཀྱི་ཐེངས་བཅོ་ལྔ་བའི་ཆིངས་ཡིག་འཇོག་མཁན་ཕྱོགས(COP15)ཀྱི་དུས་རིམ་གཉིས་པའི་གྲོས་ཚོགས་ལ་གྲ་སྒྲིག་ལེགས་པོ་བྱས་ནས“2020ལོའི་རྗེས་ཀྱི་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི”སྒྲིག་བཟོ་བྱེད་པར་སྐུལ་འདེད་དང་། དྲང་བདེན་ལུགས་མཐུན་དང་གང་ནུས་ཅི་ཐུབ་ཀྱིས་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་བཅོས་སྐྱོང་མ་ལག་ཤིག་བཙུགས་ཏེ། སའི་གོ་ལའི་ཚེ་སྲོག་གཅིག་མཐུན་ཚོགས་པ་བསྐྲུན་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།