མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས《ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་འཆར་འགོད》པར་འགྲེམ་བྱས།
2021.12.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

 གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་《ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་འཆར་འགོད》 པར་འགྲེམ་བྱས་ཏེ་ལག་བསྟར་བྱེད་མགོ་བརྩམས། 《འཆར་འགོད》དེ་ནི་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་ཡིན་པས། ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་བརྩི་སྲུང་བྱེད་པའི་སྒྲིག་ལམ་ཡོད་པ་མཚོན་ཡོད།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་པས།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱ་རྒྱུ་དེ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས།  སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་འཁུར་དགོས་ཞེས་ནན་བཤད་ཐེངས་མང་གནང་མྱོང་། ཀྲུང་ཧྭའི་ཆུ་མཛོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་རྒྱུ་དེ། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་ལག་བསྟར་དང་འབྲེལ་བ་ཡོད་པ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་འདུན་པ་མངོན་འགྱུར་དང་འབྲེལ་བ་ཡོད་པ། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། རྩ་བའི་རང་བཞིན་བཅས་ཀྱི་ལས་འགན་དང་འབྲེལ་བ་ཡོད་པ་རེད

《འཆར་འགོད》པར་འགྲེམ་དང་ལག་བསྟར་བྱས་པ་དེ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་མཛུབ་སྟོན་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པའི་གསར་བསྐྲུན་བྱ་ཐབས་ཤིག་ཡིན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱ་སྤྱོད་ཅིག་ཡིན་པ། མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཡག་པོ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ཡག་པོ་བྱེད་པའི་ལས་འགན་གལ་ཆེན་ཕྲག་ཏུ་ལེན་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན་པ།  ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ལ་འཐབ་ཇུས་རང་བཞིན་གྱི་རྩེ་རིམ་ཇུས་འགོད་དང་བཀོལ་སྤྱོད་རང་བཞིན་གྱི་བྱ་སྤྱོད་ཇུས་འགོད་གནང་བ་ཞིག་ཡིན་ཞིང་།  ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།《འཆར་འགོད》ཁྲོད་ཀྲུང་ཧྭའི་ཆུ་མཛོད་ཁུལ་གྱི་ཆུའི་སྐྱེ་ཁམས་ཀྱི་ཁྱད་ཆོས་དང་གནད་དོན། གནས་བབ་སོགས་ལ་བརྒྱུད་རིམ་ལྡན་པའི་ངང་དབྱེ་ཞིབ་བྱས་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་དང་དམངས་ཚིས་ལ་དམིགས་ནས། ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཆར་འགོད་ཁྱབ་ཁོངས་དང་དམིགས་འབེན་ལས་འགན། སྤྱིའི་བཀོད་སྒྲིག རྣམ་གྲངས་གལ་ཆེན། ལས་གཞི་གལ་ཆེན་སོགས་ཀྱི་ནང་དོན་གསལ་བོར་བསྟན་ཡོད།   ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཁྱབ་ཁོངས་ནང་མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་སྲིད་འཛིན་ས་ཁོངས་ཀྱི་རྫོང་དང་གྲོང་ཁྱེར21དང་། དེ་མིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་བཅས་བསྡོམས་པས་ཡུལ་ཚོ་དང་གྲོང་རྡལ158དང་སྲིད་འཛིན་སྡེ་བ1214ཚུད་ཡོད་པ་དང་། རྒྱ་ཁྱོན་ལ་བསྡོམས་པས་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་ཁྲི་དགུ་སྟོང་ལྔ་ཡོད་པ་རེད།

《འཆར་འགོད》ནང་ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམིགས་འབེན་བཏོན་ཡོད།  ཉེ་དུས་ཀྱི(2025ལོའི་བར)དམིགས་འབེན་ནི་ཀྲུང་ཧྭའི་ཆུ་མཛོད་ཕྱོགས་ཡོངས་ནས་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་དང་། ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་རྒྱལ་ཡོངས་ཀྱི་རྩེར་སོན་ཆུ་ཚད་དུ་སྲུང་འཛིན་བྱ་རྒྱུ་དེ་རེད། ལོ་མང་པོའི་རིང་ལ་གཙང་བོའི་བཞུར་རྒྱུན་གཏན་འཇགས་ཡིན་པ་དང་། གཙང་པོའི་ཆུ་སྤུས་བཟང་ཞིང་། ཞིང་ཆེན་ནས་ཐོན་པའི་བཅད་ངོས་ཀྱི་ཆུ་སྤུས་ནི་རིགས་དང་པོ་ནས་རིགས་གཉིས་པའི་བར་སྲུང་འཛིན་བྱས་ཡོད་པས། ཆུའི་སྐྱེ་ཁམས་མ་ལག་གཏན་འཇགས་དང་ཇེ་ལེགས་སུ་འགྲོ་བཞིན་ཡོད། ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོབ་བྱས་པའི་མཇུག་འབྲས་མངོན་གསལ་ཡིན་ཞིང་། དམངས་ཚིས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་ཆས་རིམ་བཞིན་འཐུས་ཚང་དུ་གྱུར་བ་དང་། ཆུ་བེད་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་བརྟན་བརླིང་ངང་ཇེ་མཐོར་འགྲོ་བཞིན་ཡོད།

ཡུན་རིང(2035ལོར་བསླེབ་སྐབས)གི་དམིགས་འབེན་ནི་ཀྲུང་ཧྭའི་ཆུ་མཛོད་བརྟན་བརླིང་ཡིན་པ་དང་། ཆུའི་སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་བཟང་བ། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་བརྟན་འཇགས་དང་དྭངས་གཙང་སྲུང་འཛིན་བྱེད་པ་དང་། གཙང་པོ་དང་མཚེའུ་ཡི་རྒྱ་ཁྱོན་མིའི་རྒྱུ་རྐྱེན་གྱིས་ཇེ་ཉུང་དུ་འགྲོ་བའི་གནས་ཚུལ་ཁག་ཐེག་བྱས་ནས། ཆུའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་།  འཁོར་སྐྱོད་ཀྱི་ལས་ཆོད་ཆེ་བའི་ཆུའི་སྐྱེ་ཁམས་ལྟ་སྐུལ་དོ་དམ་མ་ལག་ཁྱོན་ཡོངས་ནས་འཛུགས་པ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་ཆུ་འགོ་དུས་དང་རྣམ་པ་ཀུན་ཏུ་དྭངས་གཙང་ཡིན་པ་མངོན་འགྱུར་བྱེད་པ། མིའི་བར་གྱི་མཛའ་མཐུན་དང་འཆམ་མཐུན་མཉམ་གནས་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྣམ་པ་ཁྱོན་ཡོངས་ནས་གྲུབ་པར་བྱས་ཏེ།  ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་འབབ་རྒྱུད་ཁུལ་དང་བྱེད་ནུས་ཁུལ་བགོས་ནས་བཀོད་སྒྲིག་བྱེད་དགོས།

འབབ་རྒྱུད་ཁུལ་འབྱེད་པའི་ཕྱོགས་ནས་མཚོ་སྔོན་ཞིང་ཆེན་གྱིས་འབྲི་ཆུའི་འབབ་རྒྱུད་དང་རྨ་ཆུའི་འབབ་རྒྱུད། རྫ་ཆུའི་འབབ་རྒྱུད། སྐམ་སའི་ནང་ཁུལ་གྱི་འབབ་རྒྱུད་བཅས་བཅད་ཁུལ4ལ་བརྟེན་ནས། འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ངོས་སྙོམས་རྣམ་པ་བསྐྲུན་རྒྱུ་ཡིན་པ་རེད།   བྱེད་ནུས་ཁུལ་འབྱེད་པའི་ཕྱོགས་ནས《འཆར་འགོད》ཁྲོད་འབྱུང་རྩ་ནས་སྲུང་སྐྱོང་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་། ཆུ་ཁུངས་སྐྱེད་སྲིང་བྱ་རྒྱུ་ལྟེ་བར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་འཕེལ་རྒྱས་སུ་གཏོང་བར་སྤྱི་འདོམས་བྱེད་པ། འགོ་ཁུངས་གསོ་སྐྱོང་ཁུལ་དང་ཆུ་ཁོངས་སྲུང་སྐྱོབ་ཁུལ། འཆམ་མཐུན་མཉམ་གནས་ཁུལ་བཅས་ཀྱི་ཁུལ་འབྱེད་སྟངས་ཁག་གསུམ་ལ་བརྟེན་ནས། ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྣམ་པ་གསར་བ་བསྐྲུན་རྒྱུ་ཡིན་པ་གསལ་བོར་བསྟན་ཡོད།

《འཆར་འགོད》ཁྲོད་ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཙོ་གནད་ལས་འགན་དང་རྣམ་གྲངས་བཏོན་ཡོད། དེའི་ནང་ཆུ་ཁུངས་གསོ་སྐྱོང་དང་ས་ཆུ་སྲུང་འཛིན་ལ་ཤུགས་སྣོན་བྱེད་པ་དང་། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བ། ཆུའི་ཐོན་ཁུངས་གྲོན་ཆུང་དང་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ། ཆུ་བེད་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ། ཆུའི་སྐྱེ་ཁམས་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་ལྔ་ཚུད་ཡོད།

ལས་འགན་གཙོ་བོ་ལྟར། མཚོ་སྔོན་ཞིང་ཆེན་གྱི་ཆུ་བེད་སྡེ་ཁག་གིས་རྣམ་གྲངས38ཇུས་འགོད་བྱས་ཤིང་། དེའི་ཁྲོད་གཙོ་གནད་ལས་གཞིའི་གྲས་སུ་རྨ་ཆུའི་མཚོ་སྔོན་རྨ་ལྷོ་ཁུལ་དང་མཚོ་ལྷོ་ཁུལ་མཚམས་ཀྱི་ས་ཆུ་སྲུང་འཛིན་ལས་གཞི་དང་།  འབབ་རྒྱུད་གལ་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་གཞི། གྲམ་ཐང་གསུམ་གྱི་ཆུ་འདྲེན་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི། རྨ་ཆུའི་མཚོ་སྔོན་མཚམས་ཀྱི་གཞུང་རྒྱུན་འབྲུབ་འགོག་གི་དུས་སྐབས་གཉིས་པའི་ལས་གཞི།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་འགོ་ཁུངས་ཀྱི་རིག་གནས་སྲུང་སྐྱོབ་དང་འཛུགས་སྐྲུན་ལས་གཞི། ཆུའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྟེགས་བུ་འཛུགས་སྐྲུན་ལས་གཞི་སོགས་འདུས་ཡོད་པ་རེད།

དེ་ལས་གཞན། 《འཆར་འགོད》ནང་ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན།  སྲིད་ཇུས་གལ་ཆེན།  འགན་སྲུང་བྱེད་ཐབས། ལག་བསྟར་ཕན་འབྲས་སོགས་ནང་དོན་གསལ་བོར་བསྟན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།