སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་མཛེས་སྡུག་བསམ་མི་ཁྱབ།
2021.12.21 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

—ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་སྔ་རོལ་དུ་བྲིས།

སྐྱེ་ཁམས་ནི་མཚོ་སྔོན་གྱི་ཁྱད་ཆོས་ཤིག་དང་ལྗང་མདོག་ནི་མཚོ་སྔོན་གྱི་རྨང་གཞི་རེད།

ད་ལོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི‘རྒྱལ་ཁབ་ཀྱི་དོན་ཆེན’ཞིག་རེད”ཅེས་ནན་གྱིས་བསྟན་པ་དང་།  འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2016ལོར་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན”ཞེས་ནན་གྱིས་བསྟན་རྗེས། ཡང་བསྐྱར་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་གནས་བབ་གསལ་སྟོན་གནང་ནས། མཚོ་སྔོན་ཞིང་ཆེན་གྱི་འཕེལ་རྒྱས་ཐད་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་ལག་བསྟར་བྱ་རྒྱུར་སྤྱིའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་འགན་འཁྲི་ཕྲག་ཏུ་འཁུར་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་སྐབས་མཚོ་སྔོན་འཐུས་མི་ཚོགས་པར་གྲོས་ཞིབ་བྱས་པ་དང་མཚོ་སྔོན་དུ་བྱ་བ་རྟོག་ཞིབ་གནང་པ་མ་ཟད། ཀྲུང་དབྱང་གི་བོད་འབྲེལ་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།  ད་ལོ་རང་ཞིང་གིས《མདོ་དབུས་མཐོ་སྒང་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་མགྱོགས་མྱུར་སྒོས་སྐྲུན་རྒྱུའི་སྐོར་གྱི་བྱ་སྤྱོད་འཆར་གཞི》གཏན་འབེབས་བྱས་པ་དང་།  དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས། ནུས་ཤུགས་སྔར་ལས་ཆེ་བ་དང་ཆུ་ཚད་སྔར་ལས་མཐོ་བའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

ད་ལྟའི་མཚོ་སྔོན་གྱི་རི་ཀླུང་མཛེས་ཤིང་ལྟ་ན་སྡུག་པ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བས་སྤྱི་ཡོངས་ནས་གསོན་ཤུགས་མངོན་ཡོད།  “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་རྗེས། ང་ཚོས་མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་གཙོ་བོ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་བཅོས་སྒྱུར་མུ་མཐུད་དུ་ཇེ་ལེགས་སུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ། ལྗང་མདོག་འཁོར་རྒྱུག་ཐཱན་ཉུང་འཕེལ་རྒྱས་རྒྱུན་རྣམ་ཅན་དུ་གྱུར་པ། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མངོན་གསལ་སྒོས་ཆེ་རུ་ཕྱིན་ཡོད།

སྐྱེ་ཁམས་ཀྱི་མཐོ་ས་ཁོར་ཡུག་སྲུང་སྐྱོབ་བྱས་པ་དང་བསྟུན་ནས་སྔར་ལས་མཛེས་སྡུག་ལྡན།

དགུན་ཉི་ལྡོག་གི་དུས་སུ་དངུལ་ཆས་སྤྲས་པ་ལྟ་བུའི་མཚོ་སྔོན་པོའི་སྟེང་། དགུན་སྒྲོལ་གྱི་ངང་དཀར་མང་པོར“མཚེའུ་ནང་གི་ལྷ་མོ”ལྟར་དུ་སྣང་ཞིང་། གཤོག་སྒྲོའི་སྟེང་གསེར་མདོག་གི་ཉི་འོད་འཕྲོས་ཏེ་གཟུགས་པོ་མཛེས་ཤིང་ཡིད་དུ་འོང་བའི་གཞུ་ཐིག་ལྟ་བུར་གྱུར་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག མཚོ་སྔོན་པོ་དང་མཚོ་སྐོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་སོང་བ་དང་། བྱ་རིགས་སྔར་ལས་མང་བ་ཞིག་མཚོ་སྔོན་པོར་ཐོན་ཡོད།  ལོ་རེའི་དགུན་དུས་སུ་མཚོ་སྔོན་པོར་དགུན་སྒྲོལ་གྱི་ཆུ་བྱའི་རིགས་ཁྲི་གཅིག་ལྷག་ཡོད་པ་དང་། དཔྱིད་ཀ་དང་སྟོན་དུས་སུ་མཚོ་སྔོན་པོར་གནས་སྤོ་བྱས་ནས་སྡོད་པའི་ཆུ་བྱའི་རིགས་འབུམ་གཅིག་ལྷག་ཙམ་ཡོད། ལོ་རེར་མཚོ་སྔོན་པོར་སྐྱེ་འཕེལ་བྱས་པའི་ཁྲུང་ཁྲུང་མགོ་ཁྲ་དང་ཆུ་བྱ་མགོ་དམར་སོགས་རིགས་རྒྱུད་རྩ་ཅན་བཅས་གོ་ལ་ཧྲིལ་པོའི་རྒྱུད་སྤེལ་ཚོགས་ཀྱི་བརྒྱ་ཆའི་སུམ་ཅུ་ཟིན་གྱིན་ཡོད།

ད་ལོའི་ཟླ6ཚེས8ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཕེབས་ནས་མཚོ་སྔོན་པོའི་ཁེ་རམ་ཐང་ལ་རྟོག་ཞིབ་གནང་བ་དང་།  མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རིང་མོའི་ས་ཁུལ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཚུལ་སྐོར་གྱི་ངོ་སྤྲོད་ལ་གསན་ནས།  རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་བྱེད་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་བྱེད་པ། རང་བྱུང་སྤྱི་གླིང་གིས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་མགྱོགས་མྱུར་སྒོས་བསྐྲུན་ནས། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ཡག་པོ་བཅས་བྱེད་དགོས་པ་ནན་གྱིས་བསྟན།  ང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཏན་ཏིག་གི་འབད་བརྩོན་དང་གྲུབ་འབྲས་ལ་བརྟེན་ནས་རེ་བ་ནན་མོ་དང་ལེན་བྱེད་དགོས།

“སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྱིས་སའི་གོ་ལར་སྐྱེ་སྟོབས་ཀྱིས་ཁེངས་ལ། མིའི་རིགས་འཚོ་གནས་དང་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཞིག་ཀྱང་ཡིན། མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ཡག་པོ་ཐོབ་ཡོད། ང་ཚོས་ཁོང་ཚོར་བསྔགས་བརྗོད་བྱ་རྒྱུ་ཡིན། ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི། རང་བྱུང་ཁམས་ཆེན་མོར་སྲུང་སྐྱོབ་གང་ཞིག་བྱེད་པ་ཚང་མ་ང་ཚོ་མིའི་རིགས་ཡོངས་ཀྱི་ཆེད་དུ་འབད་བརྩོན་བྱས་པ་ཞིག་རེད”ཅེས་ཀྲུང་གོར་སྡོད་པའི་ཅོར་ཏན་གྱི་གཞུང་ཚབ་ཆེན་མོ་ཧུའུ་ས་མུའུ· ཧིག་སའེ་ཉིས་ཀྱིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་དེ་ལྟར་བསྔགས་བརྗོད་བྱས།  ང་ཚོས་མི་སྔར་ལས་མང་པོར་མཛེས་སྡུག་ལྡན་པའི་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་བྱེད་པ་མཐོང་དུ་བཅུག་ནས། “ཐུན་མོང་གིས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི”མཚོ་སྔོན་གྱི་འགན་འཁྲི་འཁུར་བ་དང་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས།

ང་ཚོས་མཐོང་ལམ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་བསྒྱུར་རྗེས། ད་ལོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱས་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་བྱ་བ་ཞིག་བྲིས་ཡོད། དེ་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཐེངས་དང་པོའི་དཀའ་སྤྱད་འབད་འབུངས་དང་འཚོལ་ཞིབ་ལག་ལེན་བྱས་པ་ཞིག་ཡིན་ལ། འཆར་འགོད་མ་ལག་དང་སྲིད་ཇུས་མ་ལག ལམ་ལུགས་མ་ལག ཚད་གཞིའི་མ་ལག རྣམ་གྲངས་མ་ལག སྒྲིག་གཞིའི་འཁོར་སྐྱོད་མ་ལག མི་ཤུགས་ཐོན་ཁུངས་གསར་སྤེལ་མ་ལག ཕྱོགས་མང་དངུལ་འཇོག་མ་ལག ཚན་རྩལ་འདེགས་སྐྱོར་མ་ལག ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་མ་ལག སྐྱེ་ཁམས་སྲུང་སྐྱོབ་མ་ལག དྲིལ་བསྒྲགས་སློབ་གསོའི་མ་ལག་སོགས་བསྐྲུན་པ་དང་འཐུས་ཚང་དུ་བཏང་བ་ཞིག་ཡིན་ལ།  རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་འཛུགས་སྐྲུན་གྱི“མཚོ་སྔོན་གྱི་མ་དཔེ”བསྐྲུན་ཡོད།  ད་ལོར་ང་ཚོས“མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”གི་བརྙན་ལམ་ལྟ་ཞིབ་ཚད་འཇལ་ས་ཚིགས་བརྒྱད་གསར་དུ་འཛུགས་སྐྲུན་བྱས་པ་དང་། ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་ལྟ་ཞིབ་ཚད་འཇལ་ས་ཚིགས་ཞེ་དྲུག་བཙུགས་ནས་དཔེ་མཚོན་ས་ཁོངས་ཀྱི་སྐྱེ་ཁམས་རིགས་དང་རང་བྱུང་མཛེས་ལྗོངས། རི་སྐྱེས་སྲོག་ཆགས་བཅས་ལ་དུས་ཐོག་ཏུ་ལྟ་ཞིབ་བྱས་ནས་ཞིང་ཆེན་ཡོངས་ཀྱི“མཁའ་དབྱིངས་དང་ས་གནས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བའི་མ་ལག་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་སྐྱེ་ཁམས་ནུས་པ་མཐོར་གཏོང་དང་ཁོར་ཡུག་བཅོས་སྐྱོང་གི་སྤུས་ཚད། རྒྱལ་ཁབ་ས་ཆ་ལྗང་བསྒྱུར་གྱི་ཚད་ཇེ་མགྱོགས་སུ་གཏོང་བ། ཐོན་ཁུངས་གྲོན་ཆུང་གི་ཕན་འབྲས་ཇེ་མཐོར་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་ལྷོད་མེད་བྱས་པ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཞིང་ཆེན་ཕྱི་རུ་བཞུར་བའི་ཆུའི་སྤུས་ཚད་རིགས་གཉིས་པའི་ཡན་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས305ནས་ཉིན354བར་ཇེ་མང་དུ་ཕྱིན་པ་མ་ཟད། ལྷོ་བྱང་རི་བོའི་ནགས་ཀྱི་ཁེབས་ཚད1989ལོའི་བརྒྱ་ཆའི་བདུན་དང་གྲངས་ཆུང་གཉིས་ནས་བརྒྱ་ཆའི་དོན་དགུ་རུ་འཕར་ཡོད།

མཚོ་སྔོན་པོ་ནས་མདོ་ལ་རིང་མོའི་བར་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་རྨ་ཙོང་གི་གྲོག་རོང་བར་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་དང་སྲོག་ཆགས་ཀྱིས་རྩེད་འཇོར་རོལ་བཞིན་ཡོད་ཅིང་། མཛེས་ལྗོངས་ཀྱིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་གཡུར་དུ་ཟ་བའི་གྲུབ་འབྲས་བདེན་དཔང་བྱས་ཡོད།

སྐྱེ་ཁམས་མཐོ་ས་དེ་ལྗང་མདོག་འཕེལ་རྒྱས་ནས་ཕན་ཁེ་ཐོབ་པ་ཡིན།

སྐྱེ་ཁམས་ཀྱི་ཟབ་ཚད་ནི་འཕེལ་རྒྱས་ཀྱི་མཐོ་ཚད་ལ་རག་ལས་ཡོད།  འཕེལ་རྒྱས་ཀྱི་སྤུས་ཚད་ཀྱིས་སྐྱེ་ཁམས་བདེ་འཇགས་ལ་ཤུགས་རྐྱེན་ཐེབས།

མཚོ་སྔོན་ནི་ནུབ་རྒྱུད་ཀྱི་དར་རྒྱས་ཞན་པའི་ཞིང་ཆེན་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་ལ་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲན་སློང་ཇི་ཙམ་འཕྲད་པ་ན། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ངོས་འཛིན་དེ་ཙམ་གསལ་པོ་བྱུང་ནས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་ཆེ་རུ་བཏང་སྟེ། དཔལ་འབྱོར་ཕྱོགས་སྒྱུར་བྱས་ཚེ་མདུན་ལམ་དང་ལྗང་མདོག་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་བསྐྲུན་ཐུབ་ངེས་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོ་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་མཐོ་སྒང་གི་དམིགས་བསལ་ཐོན་ཁུངས་ཁྱད་སྟོབས་ལ་རྐང་བཙུགས་ནས། གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མཐོ་ས་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་བཅས་ཕྱིར་གཏོང་བྱ་ཡུལ་བསྐྲུན་དགོས་ཞེས་གསུངས་པ་རེད།

“ས་ཁུལ་བཞིའི”བླང་བྱ་གལ་ཆེན་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས། “དཔེ་སྟོན་ལྔའི་ཞིང་ཆེན”འཛུགས་སྐྲུན། “དཔལ་འབྱོར་རྣམ་པ་བཞིའི”སྲིད་ཇུས་སྐྱེད་སྲིང་བཅས་ཀྱི་ཁྲིད་སྟོན་འོག མཚོ་སྔོན་གྱིས་ཁྱད་སྟོབས་ལ་རྐང་བཙུགས་ནས་དོན་དངོས་དང་མཐུན་པ། ཁྱད་ཆོས་མངོན་པ་བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྗང་མདོག་ཕྱོགས་སྒྱུར་གྱི་ལམ་བུའི་ཐོག་བསྐྱོད་ཡོད།

རང་ཞིང་གི་ནུས་ཁུངས་གཙང་མའི་གློག་འདོན་འཕྲུལ་འཁོར་གྱིས་བརྒྱ་ཆའི་དགུ་བཅུ་དང་གྲངས་ཆུང་གཉིས་ཀྱི་བསྡུར་ཚད་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ལ། རྒྱལ་ཡོངས་ཀྱི་ནུས་ཁུངས་གསར་པ་མངོན་འགྱུར་བྱེད་པའི་གློག་འདོན་གློག་ཁུངས་དང་པོའི་ཞིང་ཆེན་དུ་གྱུར་ཡོད།  འཛམ་གླིང་ཐོག་གི་ནུས་རྒྱུ་གཙང་མའི་ཆེད་མངགས་སྐྱེལ་འདྲེན་བྱེད་པའི་མཚོ་སྔོན་ནས་ཧི་ནན་ཞིང་ཆེན་བར་གྱི་ཆན་ཧྥུའུ་ཐི800ཡི་མཐོ་གནོན་ཐད་རྒྱུག་གློག་འདྲེན་སྐུད་ལམ་བཟོ་སྐྲུན་བྱས་ནས། མཚོ་སྔོན་གྱི་ཆན་ཝ་བྱེ་བ་རིམ་པ་གཉིས་ཀྱི་ནུས་རྒྱུ་གསར་པའི་རྟེན་གཞི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གསར་སྤེལ་དང་གཞི་ཁྱོན་ཆེན་པོས་ཕྱིར་གཏོང་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ང་ཚོའི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་ཁྲོད་ནས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་མཚོ་སྔོན་ཉམས་མྱོང་འཚོལ་ཞིབ་བྱེད་བཞིན་ཡོད།

རྒྱལ་ཡོངས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་རང་སྤུས་དང་ཚྭ་འདམ་གཞོང་གི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ། མཚོ་ཤར་བཟོ་ལས་གླིང་བཅས་ལ་བརྟེན་ནས།  ང་ཚོས་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་གྱི་ཐོན་ལས་སྦྲེལ་ཐག་དང་ལིས་གློག་འཁོར་རྒྱུག་གི་དཔལ་འབྱོར་ཐོན་ལས་སྦྲེལ་ཐག འོད་ཤུགས་ཐོན་ལས་སྦྲེལ་ཐག བོད་རུམ་བལ་འཁེལ་ཐོན་ལས་སྦྲེལ་ཐག བཟོ་ལས་མཁྲེགས་རོ་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཐོན་ལས་སྦྲེལ་ཐག་སོགས་འཛུགས་སྐྲུན་དང་སྒྱུར་བཀོད་རིམ་སྤོར་བྱས་ནས།  རང་ཞིང་གི་གླིང་ཁུལ་སྣ་ཚོགས་འཛུགས་སྐྲུན་དང་ཐོན་ལས་མ་ལག་འཛུགས་པ། ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པ། ནུས་ཁུངས་གཙང་མ་ཐོན་སྐྱེད་བྱེད་པ། ནུས་ཁུངས་གྲོན་ཆུང་དང་བཙོག་བཟོ་ཉུང་གཏོང་གི་ཚད་གཞི། ལམ་ལུགས་དང་ལམ་སྲོལ་འཛུགས་སྐྲུན་བཅས་ཀྱི་ཐད་རྒྱལ་ཁབ་དང་ཡང་ན་རིགས་མཐུན་ས་ཁུལ་གྱི་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་དཔྱད་གཞི་འདོན་སྤྲོད་བྱས་ཡོད།

རྒྱལ་ཡོངས་ཀྱི་དྭངས་གཙང་ནུས་རྒྱུ་དང་གཞི་གྲངས་ཆེན་མོའི་ཐོན་ལས་དཔེ་སྟོན་རྟེན་གཞི་ཐོག་མ་དེ་བསྐྲུན་ནས། 2020ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་གྲངས་གཞིའི་དཔལ་འབྱོར་གཞི་ཁྱོན་སྒོར་ཐེར་ཆེན་བདུན་དང་ཐེར་འབུམ་གསུམ་དུང་ཕྱུར་དགུ་བྱེ་བ་དྲུག་ས་ཡ་བཞི་ཟིན་པ་དེ་2018ལོའི་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་གཉིས་དུང་ཕྱུར་གཉིས་བྱེ་བ་དགུ་ས་ཡ་དགུ་ལས་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་བདུན་གཉིས་འཕར་བ་དང་། མཚོ་སྔོན་ཞིང་ཆེན་གྱི་གྲངས་གཞིའི་ལག་རྩལ་གྱི་ནུས་རྒྱུའི་ལས་རིགས་དང་ཁྱབ་ཁོངས་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ནུས་པ་གལ་ཆེན་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད།

མཚོ་སྔོན་ལྷོ་རྒྱུད་ཀྱི་ནོར་གནག་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་རྟེན་གཞི་དང་མཚོ་སྐོར་བོད་ལུག་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་རྟེན་གཞི། རྨ་ཙོང་གྲོག་རོང་གི་མཐོ་སྒང་དབྱར་ཚལ་ཐོན་སྐྱེད་རྟེན་གཞི། རོང་འབྲོག་ཟུང་འབྲེལ་ས་ཁུལ་གྱི་སྤུས་ལེགས་གཟན་རྩྭའི་ཐོན་སྐྱེད་རྟེན་གཞི་དང་ཚྭ་འདམ་གཞོང་ས་ཁུལ་གྱི་འཕང་འབྲས་དང་ལི་གྲོ་ཐོན་སྐྱེད་རྟེན་གཞི། རྨ་ཆུའི་འགྲམ་རྒྱུད་ཀྱི་ཆུ་འཁྱག་ཉ་ཐོན་སྐྱེད་རྟེན་གཞི་བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་ཏེ།  ང་ཚོས“མཚོ་སྔོན་རྟགས་ཅན”གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱིས་ཞིང་ལས་སྟོབས་ཆེར་གཏོང་བ་དང་། ཞིང་པ་ཕྱུག་པོར་འགྱུར་བ། ཞིང་སྡེ་མཛེས་སྡུག་ལྡན་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

རྒྱལ་ཁབ་སྤྱི་གླིང་དང་མཛེས་ལྗོངས་ཁུལ་གྲགས་ཅན། རང་བྱུང་སྲུང་སྐྱོབ་ས་ཁུལ། ནགས་ཚལ་སྤྱི་གླིང་། བརླན་སའི་སྤྱི་གླིང་སོགས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གལ་ཆེན་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་སྐྱེད་སྲིང་བྱས་ནས་སྐྱེ་ཁམས་ཡུལ་སྐོར་དང་ཁོར་ཡུག་སྲུང་སྐྱོབ། གྲོང་གསེབ་དར་སྤེལ། རིག་གནས་ལུས་རྩལ། སྨན་བཅོས་ཁང་དང་གསོ་སྐྱོང་ཁང་སོགས་འབྲེལ་ཡོད་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས། སྐྱེ་ཁམས་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།

ནང་གནས་གཅིག་གྱུར་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་དེ་མཚོ་སྔོན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་མཚམས་སུ་སླེབས་ཡོད་ལ། སྐྱོད་ལམ་གསར་པར་སྐྱོད་པའི་མཚོན་རྟགས་མངོན་གསལ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་། སྲུང་སྐྱོབ་དང་འཕེལ་རྒྱས་གཉིས་ཕན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་རེད།

སྐྱེ་ཁམས་མཐོ་ས་ནས་བཅོས་སྐྱོང་ནུས་པར་འགན་སྲུང་བྱེད་དགོས།

རིག་པ་ཆུང་བས་ལས་དོན་གཉེར། བློ་རིག་ཆེན་པོས་ལམ་ལུགས་སྐྱོང་།

རང་བྱུང་ལ་བདེ་འཇགས་དང་འཆམ་མཐུན། མཛེས་སྡུག་བཅས་སྤྲོད་དགོས་པ་དང་། འཕེལ་རྒྱས་གཏོང་སྟངས་དེ་རགས་ལས་དང་ཕན་འབྲས་ཆུང་བ་ནས་ལེགས་བསྡུས་ཞིབ་གཉེར་གྱི་ཕྱོགས་སུ་བསྒྱུར་བཞིན་ཡོད། མང་ཚོགས་ཀྱིས་རི་བོ་མཐོང་བ་དང་ཆུ་མཐོང་བ། ཕ་ཡུལ་དྲན་པ་བཅས་ཚང་མ་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ལ་སྲུང་སྐྱོབ་བྱས་པ་ལས་བྱུང་བ་དང་། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ལ་བཅོས་སྒྱུར་ཟབ་མོ་བྱས་པར་བརྟེན་ནས་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་རིམ་བཞིན་བརྟན་པོར་འཛུགས་བཞིན་ཡོད།

སྐྱེ་ཁམས་དཔལ་ཡོན་གྱི་རྩེ་གྲོས་འཆར་འགོད་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད།  《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི》ཡིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ“སྤྱིའི་ཇུས་འགོད”བྱས་ཡོད་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐུལ་འདེད་སྲོལ་ཡིག》བཏོན་པ་དེས་ང་ཚོ་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་དང་ལག་བསྟར་བྱེད་པའི་ཐད་མདུན་གྲལ་དུ་བསྐྱོད་ཡོད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས།  ད་ལོའི《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ལྟ་ཞིབ་ལག་བསྟར་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ཅན་གྱི་ཁོར་ཡུག་བཅོས་སྐྱོང་མ་ལག་བསྐྲུན་པའི་ལག་བསྟར་བསམ་འཆར།》《མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲིའི་གསལ་ཐོ》བཅས་རིམ་བཞིན་བཏོན་པ་དང་།  ཏང་ཨུས་འགོ་ཁྲིད་བྱེད་པ་དང་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ། ཁེ་ལས་ཀྱིས་གྲུབ་ཆ་གཙོ་བོ་བྱེད་པ། སྤྱི་ཚོགས་ཀྱི་རྩ་འཛུགས་དང་སྤྱི་དམངས་མཉམ་དུ་ཞུགས་པ་བཅས་ཀྱི་དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས།  ཞིང་ཆེན་སྲིད་གཞུང་གིས《“ཚད་ཐིག་གསུམ་དང་རྩིས་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་དང་།  ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་དང་ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཚད། ཐོན་ཁུངས་བེད་སྤྱོད་ཀྱི་ཚད་གཞི། སྐྱེ་ཁམས་ཁོར་ཡུག་ཆོག་འཐུས་ཀྱི་གསལ་ཐོ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་མ་ལག་འཛུགས་པ་དང་། ཞིང་ཆེན་ཡོངས་དང་སྐྱེ་ཁམས་ཀྱི་གཞོག་ངོས་ཆེ་གྲས་ལྔ། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་དོ་དམ་ཚོད་འཛིན་གྱི་བླང་བྱ་གཏན་འབེབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཞིབ་ཚགས་ཅན་གྱི་དོ་དམ་དང་ལག་བསྟར་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་བསྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།  ཁྲིམས་བཙུགས་ན་ཉེས་དོན་བསགས་ཚེ་ངེས་པར་དུ་ལག་ལེན་བསྟར་དགོས།  བཀའ་བཏང་རྗེས་ལག་བསྟར་བྱེད་པ་ལས་ཕྱིར་ལྡོག་མེད། མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་གྱི་སྦྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ་བཅས་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་ཁྲིམས་སྲུང་འདུ་ཤེས་མངོན་གསལ་སྒོས་ཇེ་ཟབ་ཏུ་གཏོང་དགོས།

མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་འཁོར་ལམ་དུ་བཅུག་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་བཅོས་སྒྲིག་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཆེད་བློས་འགེལ་ཆོག་པའི་འགན་སྲུང་བྱ་དགོས།

ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་རྩོམ་པའི་ལོ་ཡིན་པས། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྒྱུགས་ཡག་པོ་ཞིག་སྤྲད་ཡོད།  སྐྱོད་ལམ་གསར་པའི་སྟེང་། རེ་བས་ཁེངས་པའི་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱིས་གྲུབ་འབྲས་བསྐྲུན་བཞིན་ཡོད་པ་དང་། ང་ཚོས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་གིས་བརྩམས་ན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་མཛེས་སྡུག་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ངེས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།