གངས་རི་དང་རྩྭ་ཐང་། མཚེའུ་བཅས་ནི་ཡུལ་འདིའི་བརྗོད་བྱ་གཙོ་བོ་ཡིན་ཞིང་། “གནམ་གྱིས་གནང་བའི་སྐྱེ་ཁམས་དཔེ་རིས”ཞེས་མཚན་སྙན་ལྡན་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ནི་སྲོལ་རྒྱུན་གྱི་ཕྱུགས་ལས་གཉེར་བའི་རྫོང་ཆེན་པོ་ཞིག་ཡིན་པ་དང་། རྩྭ་ཐང་དང་ནོར་ལུག་ནི་འབྲོག་པའི་འཚོ་གནས་ཀྱི་འབྱུང་ཁུངས་དང་རྫོང་ཁོངས་དཔལ་འབྱོར་གྱི་གཞི་རྟེན་ལྟ་བུ་ཡིན།
གཅིག་སྒྲིལ་རྫོང་ནི་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་དེ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། རྨ་འབྲི་རྫ་འབྱུང་ཡུལ་གྱི་ལྟེ་གནས་ཁུལ་དུ་ཆགས་ཡོད་ལ་མངའ་ཁོངས་སུ་རྩྭ་ཆུ་འཛོམས་ཤིང་། མཐོ་སྒང་གི་མཚེའུ་དང་འཁྱགས་རོམ་ཡོངས་སུ་ཁྱབ་ཡོད་ལ། གཅིག་སྒྲིལ་རྫོང་ཡོངས་ཀྱི་ས་ཆའི་སྤྱིའི་རྒྱ་ཁྱོན་མུའུ་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཅིག་ཁྲི་གསུམ་སྟོང་ལྔ་དང་བརྒྱད་བརྒྱ་ཡོད་ལ། རང་བྱུང་རྩྭ་ས་མུའུ་བྱེ་བ་གཅིག་དང་འབུམ་བརྒྱད་ཁྲི་གཅིག་ལྷག་ཡོད་པ་དང་། བེད་སྤྱོད་ཆོག་པའི་རྩྭ་ས་མུའུ་ས་ཡ་དགུ་དང་འབུམ་དགུ་ཁྲི་བདུན་སྟོང་བརྒྱད་དང་དགུ་བརྒྱ་ཡོད་པ་མ་ཟད། ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ས་ཡ་གཉིས་དང་འབུམ་ལྔ་ཁྲི་བདུན་དང་སྟོང་གཉིས་བདུན་བརྒྱ་བཅས་ཡོད།
དུས་རབས་གསར་པའི་ནང་། རི་སྔོ་ཆུ་དྭངས་དང་གསེར་རི་དངུལ་རི་བར་གྱི་བགྲོད་ལམ་ཇི་ལྟར་བསྐྲུན་རྒྱུའི་ཐད་གཅིག་སྒྲིལ་རྫོང་གིས་རང་ཉིད་འཕེལ་རྒྱས་གཏོང་བའི་ལམ་ཞིག་རྙེད་ཡོད་ལ། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་སླར་གསོ་བྱ་རྒྱུ་དམིགས་ཚད་དུ་བཟུང་སྟེ། ནགས་ཚལ་དང་རྩྭ་དཔོན་ལམ་ལུགས་དམ་འཛིན་བྱས་པ་དང་། བྱེད་ཐབས་སྣ་མང་སྤྱད་ནས་གཙོ་གནད་སྐྱེ་ཁམས་བཅོས་སྐྱོང་སླར་གསོའི་རྣམ་གྲངས་དང་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ལས་འགན་གྱི་གྲ་སྒྲིག་དང་སྐུལ་འདེད་བྱ་བ་ཏན་ཏིག་ངང་སྤེལ་ནས། རི་ཆུ་ཀླུང་གསུམ་དང་མཛེས་སྡུག་ལྡན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུའི་འགན་འཁྲི་རང་འགུལ་གྱིས་འཁུར་ཡོད།
“ས་ནག་ཐང”ནི་མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་ཇེ་སྡུག་ཏུ་འགྲོ་བའི་སྣང་ཚུལ་ཞིག་ཡིན་པས། གཅིག་སྒྲིལ་རྫོང་གིས་ཕྱུགས་ལས་ས་ཁུལ་ལ་སྲིད་གཞུང་གིས་གཙོ་ཁྲིད་དང་འབྲོག་པ་རང་འགུལ་ངང་ཟབ་ཞུགས་བྱེད་པའི་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་གི་ལྗང་བསྒྱུར་བྱ་འགུལ་དང་ལེན་བྱེད་བཞིན་ཡོད།
མིག་སྔར། གཅིག་སྒྲིལ་རྫོང་གི་ས་ནག་ཐང་བསྡོམས་པས་མུའུ་འབུམ་བརྒྱད་དང་ཁྲི་གསུམ་ལྷག་བཅོས་སྐྱོང་བྱས། ཉེ་བའི་ལོ་འགའི་རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དུས་སྐབས་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་དང་གཙོ་གནད་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་རྣམ་གྲངས་ལ་སྐུལ་འདེད་དང་ལག་བསྟར་བྱས་པ་བརྒྱུད། གཅིག་སྒྲིལ་རྫོང་གི་སྐྱེ་ཁམས་ཁོར་ཡུག་ལ་ཚོད་འཛིན་ནུས་ལྡན་ཐུབ་ཡོད་མོད། འོན་ཀྱང་རི་གཟར་བའི་གནས་ཀྱི་ས་ནག་བཅོས་སྐྱོང་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།
འདས་ཟིན་པའི་ལོ་གཉིས་ཀྱི་རིང་ལ། གཅིག་སྒྲིལ་རྫོང་གི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་གྱི་ཐད་བསྡོམས་པས་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་གཅིག་ཁྲི་དགུ་བཏང་ནས་ལྗང་བསྒྱུར་རྒྱ་ཁྱོན་མུའུ་ཁྲི་བརྒྱད་དང་སྟོང་ལྔ་བཞི་བརྒྱ་ཟིན་པ་དང་། སྡོང་ཕྲུག་རྐང་ས་ཡ་བཞི་དང་འབུམ་གཅིག་ལྷག་བཙུགས་པ་ལས་གཞན། མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཉིས་འབུམ་གསུམ་ཁྲི་ལྔ་བཏང་བའི་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་སླར་གསོའི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། རྩྭ་ཐང་ཞན་འགྱུར་ལེགས་བཅོས་དང་རྩྭ་ས་གསབ་འདེབས་མུའུ་འབུམ་གསུམ་དང་ཁྲི་བཞི་ལེགས་སྒྲུབ་བྱས་པ། མིས་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་གཅིག་བཏབ་པ། ས་ནག་ཐང་མུའུ་འབུམ་གཅིག་དང་ཁྲི་གཅིག་བཅོས་སྐྱོང་བྱས་པ། གནོད་ཡོད་སྐྱེ་དངོས་མུའུ་ས་ཡ་གཉིས་དང་འབུམ་བཞི་ཁྲི་གཅིག་སྟོང་གཉིས་སྔོན་འགོག་ཚོད་འཛིན་བྱས་པ། བེད་མེད་གཞིས་ཆགས་དང་གཞུང་ལམ་གྱི་གཡས་གཡོན། བྱེ་དོང་སོགས་ཉེ་འཁོར་གྱི་སྔོ་ཁེབས་མུའུ་སྟོང་གཉིས་སླར་གསོ་བྱུང་ཡོད། དེ་དང་ཆབས་ཅིག་མིའི་སྡོད་གནས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་ཆེད། གཅིག་སྒྲིལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་མཐོང་ཆེན་བྱས་ཏེ། རྫོང་ནོར་སྲིད་ཀྱི་མ་དངུལ་མི་འདང་བའི་གནས་ཚུལ་འོག བསྡོམས་པས་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་ལྔ་ཁྲི་གཉིས་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལྗང་བསྒྱུར་བྱ་བ་རབ་དང་རིམ་པ་སྤེལ།
སྐྱེ་ཁམས་སྤྱི་ཕན་དོ་དམ་སྲུང་སྐྱོབ་སྲིད་ཇུས་ལག་བསྟར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། རྫོང་ཡོངས་ཀྱི་ནགས་ཚལ་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོབ་དོ་དམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་སྤྱི་ཕན་དོ་དམ་སྲུང་སྐྱོབ་ཀྱི་ལས་གནས་ལུགས་མཐུན་ངང་བཀོད་སྒྲིག་བྱས་པས། གཅིག་སྒྲིལ་རྫོང་གིས་ནགས་ལས་དང་རྩྭ་ཐང་། བརླན་ས་སོགས་ཀྱི་སྐྱེ་ཁམས་བདག་སྐྱོང་བ་བསྡོམས་པས་སྟོང་གཅིག་དང་བཞི་བརྒྱ་གོ་ལྔ་གདན་འདྲེན་ཞུས་ནས། རྩྭ་ཐང་མུའུ་ས་ཡ་དགུ་དང་འབུམ་དགུ་ཁྲི་བདུན་སྟོང་བརྒྱད་དགུ་བརྒྱ་དང་ནགས་ཚལ་ཐོན་ཁུངས་མུའུ་ས་ཡ་གཉིས་དང་འབུམ་ལྔ་ཁྲི་བདུན་སྟོང་གཉིས་བདུན་བརྒྱ་ལ་སྲུང་སྐྱོབ་ནུས་ལྡན་བྱས། འབྲོག་པ་མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ནང་ཞུགས་པའི་ཁྲོད་ཕན་པ་ཐོབ་ནས། སྔོན་ཆད་ཀྱི་རེ་སྒུག་དང་སོས་དལ་གྱི་རྣམ་པ་ནས་ད་ལྟའི་རང་འགུལ་ངང་བཅོས་སྐྱོང་ནང་ཞུགས་པའི་འགྱུར་ལྡོག་བྱུང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་འཛུགས་སྐྲུན་བྱ་རྒྱུ་དེ་འབྲོག་པ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།
སྐྱེ་ཁམས་སླར་གསོ་བཅོས་སྐྱོང་རྣམ་གྲངས་དང་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ལས་འགན་ལག་བསྟར་བྱས་པ་བརྒྱུད། གཅིག་སྒྲིལ་རྫོང་དུ་རྩྭ་ཐང་གི་སྔོ་ཁེབས་ཚད་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་དྲུག་ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆའི་ཐིག་དང་གྲངས་ཆུང་གསུམ་གསུམ་འཕར་བ་དང་། ནགས་ཀྱི་ཁེབས་ཚད་བརྒྱ་ཆའི་ཉི་ཤུ་དང་གྲངས་ཆུང་དྲུག་བདུན་ཟིན་པ་དེ་དུས་མཉམ་ལས་བརྒྱ་ཆའི་ཐིག་དང་གྲངས་ཆུང་གཉིས་བཞི་འཕར་སྣོན་བྱུང་། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ས་ཁུལ་དུ་སྔོ་ཁེབས་ཚད་བརྒྱ་ཆའི་བཞི་དང་གྲངས་ཆུང་གཅིག་བཞི་ཟིན་པ་བཅས་རེད།
“གཅིག་སྒྲིལ་རྫོང་གིས་དུས་དང་རྣམ་པ་ཀུན་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཙོ་བོར་བཞག་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་པ་བརྒྱུད། ལྗང་མདོག་འཕེལ་རྒྱས་ཀྱི་ཡུན་རིང་བཅོས་སྐྱོང་གི་གཅིག་སྒྲིལ་མ་དཔེ་ཞིག་བཏོད་ཡོད། སྲུང་སྐྱོབ་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱས་ནས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ་མཛེས་སྡུག་ལྡན་པའི་རི་མོ་གསར་བ་ཞིག་གྲུབ་ཡོད”ཅེས་གཅིག་སྒྲིལ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བཀྲ་བཀྲ་ཡིས་དེ་ལྟར་བཤད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།