འབྲོག་པ་རྡོ་རྗེ་ཡིས་བསྐྲུན་པའི་འདབ་ཆགས་ཀྱི་དག་ཞིང་།
2022.01.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 49

རྩེ་ཆུའི་བརླན་སའི་ཁྲོད་དུ་བྱ་རིགས་རྣམས་ཆུ་ངོས་སུ་རྩེད་འཇོར་རོལ་བཞིན་པ།

 ཉེ་ལམ། ངེས་མེད་དུ་བབས་པའི་ཁ་བ་ཆེན་པོ་ཐེངས་ཤིག་གིས་རྩེ་ཆུ་རྩྭ་ཐང་ཆེན་མོ་ཡོངས་སུ་བཀླུབས། ལོ་ན་བདུན་ཅུར་སོན་པའི་འབྲོག་པ་རྒན་པོ་རྡོ་རྗེ་ཡིས་དུས་རྒྱུན་ལྟར་བརླན་སའི་ས་ཁུལ་དུ་སྐོར་གཡེང་བྱེད་ཀྱི་འདུག

གསེར་ཐང་བྱ་གླིང་ཞེས་པ་ནི་རྒན་པོ་རྡོ་རྗེ་ཡིས་བརླན་སའི་ས་ཁུལ་དེར་བཏགས་པའི་མིང་རེད། ཁོས་སྐོར་གཡེང་བྱེད་སའི་ས་གཞི་དེ་ཁ་བའི་གོས་དཀར་གྱིས་ཡོངས་སུ་བཀླུབས་འདུག་ནའང་། ཁོའི་མིག་ཟུང་རྣོན་པོ་དེས་སྔར་བཞིན་རྩྭ་ཐང་ཧྲིལ་པོ་གསལ་ལྷང་ངེར་མཐོང་ཐུབ་ཀྱི་ཡོད་པས་བྱ་རིགས་རེ་རེའི་ངལ་གསོའི་རྣམ་པ་དེ་ཡང་གསལ་བོར་རྟོགས་ཐུབ་ཀྱི་འདུག

དེ་ནི་རྩེ་ཆུའི་རྩྭ་ཐང་གི་བྱ་རིགས་རྣམས་འཚོ་སྡོད་བྱེད་སའི་གནས་མཆོག་ཅིག་ཡིན་པ་དང་། གནས་མཆོག་དེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོ་ཕྱུགས་ཁྲ་སྡེ་བ་རུ་ཡོད། རྒན་པོ་རྡོ་རྗེ་ནི་ཆུང་ངུའི་དུས་ནས་བཟུང་རྩྭ་ཐང་ཆེན་མོ་དེའི་སྟེང་དུ་འཚར་ལོངས་བྱུང་། གནས་དེ་རུ་རང་བྱུང་གི་རྩྭ་ཆུ་ཉམས་དགའ་ཞིང་ཡིད་དུ་འོངས་པས་བྱ་རིགས་མང་པོ་ཞིག་གནས་དེ་རུ་འཚོ་གཞེས་དང་སྐྱེ་འཕེལ་བྱེད་བཞིན་ཡོད་ལ་གནས་དེ་ནི་རང་གི་ཁྱིམ་གཞིས་སུ་ངོས་འཛིན་བྱེད་ཀྱི་ཡོད།

དོན་གྱིས་གནས་དེ་ནི་འབྲོག་པ་རྒན་པོ་རྡོ་རྗེ་ཡི་རྩྭ་ར་རེད། སྐབས་དེར་ཁོའི་ནོར་ཁྱུ་དེ་རྩྭ་རའི་ནང་དུ་རྩྭ་ཆུར་རོལ་བཞིན་འདུག ཉིན་འགའི་སྔོན་དུ་ཁོའི་བུ་བཀྲ་ཤིས་རབ་བརྟན་གྱིས་རྒན་པོ་མོས་མཐུན་བྱུང་བ་བརྒྱུད་ནས་ཕྱུགས་ར་གནས་དེར་གཏན་འཁེལ་བྱས་པ་རེད།རྒྱུ་མཚན་ནི་ཁྱིམ་མི་ཚང་མས་ཤེས་གསལ་ལྟར་ལོ་རེ་རེའི་ཟླ་ལྔ་བ་ནས་དགུ་བའི་བར་ནི་རི་སྐྱེས་བྱ་རིགས་རྣམས་སྐྱེ་འཕེལ་བྱེད་པའི་དུས་ཡིན་ཞིང་། བྱ་རིགས་སྣ་ཚོགས་ཀྱི་རང་གི་ཁོར་ཡུག་ཏུ་སྐྱེ་འཕེལ་བྱེད་པར་འགལ་རྐྱེན་མི་བཟོ་བའི་ཆེད་དུ་ཡིན་པ་དང་། རྒན་པོ་རྡོ་རྗེ་ཡིས་ཀྱང་རང་གི་ནོར་ལུག་རྣམས་བརླན་སའི་ཕྱི་རོལ་ཏུ་ཕུད་ནས་རང་ཉིད་དང་མི་གཞན་སུ་ཞིག་ཡིན་རུང་བརླན་སའི་ནང་ཁུལ་དུ་ཕྱུགས་འཚོ་སྐྱོང་མི་བྱེད་རྒྱུར་འགན་སྲུང་བྱས།

ན་ནིང་ལོའི་ཟླ་བཞི་བར། ཁྲུང་ཁྲུང་རྣམས་ཡང་བསྐྱར་གསེར་ཐང་བྱ་གླིང་དུ་འཕུར་ཡོང་བ་དང་དེ་ནི་བྱ་རིགས་རྣམས་ཀྱིས་ཡང་བསྐྱར་རྒྱུད་སྤེལ་དང་སྐྱེ་འཕེལ་བྱེད་པའི་དུས་ཚིགས་ཤིག་ཡིན་པས། གནས་མཆོག་དེ་ཁོ་ཚོའི་སྐྱེ་འཕེལ་གྱི་བསྟི་གནས་གལ་ཆེན་ཞིག་རེད། རྒན་པོ་རྡོ་རྗེ་ཉིན་རྒྱུན་ལྟར་མིག་བཙུམ་ནས་ཕྱིན་ཀྱང་ནོར་མི་སྲིད་པའི་ལམ་དེ་བརྒྱུད་ནས་བརླན་སའི་ཁུལ་དུ་ཡོང་ནས་ལྟ་རྟོགས་བྱེད་བཞིན་འདུག་ལ། ཁོས་ལོ་ངོ་ཉི་ཤུའི་རིང་ལ་དེ་ལྟར་བྱ་བ་དེའི་རྒྱུན་བསྐྱངས་ནས་འོངས་པ་རེད།

ང་རང་ཆུང་ངུའི་དུས་ནས་ད་ལྟའི་བར་དུ་ཨ་ཕའི་སྐད་ཆ་ཞིག་ཡིད་ལ་བཟུང་ཡོད་དེ། བྱ་རིགས་སྣ་ཚོགས་འཕུར་སྐྱོད་བྱེད་པའི་གནས་ནི་རྩྭ་ཐང་དུ་ཆེས་བདེ་སྐྱིད་ལྡན་པའི་གནས་དེ་ཡིན། གལ་ཏེ་བྱ་རིགས་དེ་དག་མེད་པར་གྱུར་ཚེ་རྩྭ་ཐང་ཆེན་མོ་དེ་བླ་སྲོག་དང་བྲལ་བ་དང་འདྲ་ཟེར་བ་དེ་རེད།  རྒན་པོ་རྡོ་རྗེ་ཡིས་བལྟས་ན་བྱ་རིགས་སྣ་ཚོགས་ཤིག་གནས་དེར་འཕུར་ཡོང་བ་ནི་རྩྭ་ཐང་གི་བསོད་ནམས་ཡིན་པར་མ་ཟད་གནས་དེར་འཚོ་གཞེས་བྱེད་པའི་འབྲོག་པ་མང་ཚོགས་ཀྱི་བསོད་ནམས་ཤིག་ཀྱང་ཡིན་པར་འདོད། ཁོས་གསལ་བོར་རྟོགས་པ་ཞིག་ནི་དུས་དང་སྐབས་ནམ་ཞིག་ཡིན་ཀྱང་སོ་མར་སྐྱེས་པའི་བྱ་ཕྲུག་རེ་རེ་ལ་མཚོན་ན་སྲོག་ཆགས་གཞན་དག་རྣམས་ལ་ངང་ངམ་ཤུགས་ཀྱིས་ཞེད་སྣང་ཞིག་སྐྱེས་བཞིན་ཡོད་པས་བྱ་ཕྲུག་དེ་དག་ལ་ཞེད་སྣང་མི་སྐྱེས་པའི་ཆེད་དུ་རྒན་པོ་རྡོ་རྗེ་ཡིས་བརླན་ཁུལ་དུ་ཕྱུགས་ཟོག་སོགས་ཡོང་བར་བཀག་སྡོམ་བྱས་ནས་རང་ཉིད་ཀྱིས་ཆེད་དུ་བརླན་སའི་ཕྱི་རོལ་ནས་རྩྭ་ས་ཞིག་གླས་ནས་ཕྱུགས་འཚོ་སྐྱོང་བྱེད་བཞིན་ཡོད་པ་རེད།

ཕྱིར་དྲན་ཞིག་བྱས་ན། དེ་ནི་གཅིག་སྟོང་དགུ་བརྒྱ་གོ་དགུའི་ལོ་རེད། སྡེ་བའི་ནང་དུ་ཡང་བསྐྱར་རྩྭ་ས་བགོས་པ་དང་། རྩྭ་ས་དེ་ལ་མཚོན་ན་ཕལ་ཆེར་སྡེ་མི་གཞན་གྱིས་འགན་གཙང་ལེན་བྱེད་འདོད་མེད་དེ། རྒྱུ་མཚན་ནི་རྩྭ་ས་དེའི་སྟེང་དུ་མང་ཆེ་ཤོས་ནི་མཚེའུ་དང་བརླན་སས་བཟུང་ཡོད་ཅིང་རྩྭ་ཉུང་ཙམ་ལས་མེད་པས་ནོར་ལུག་མང་པོ་ཞིག་འཚོ་སྐྱོང་བྱེད་མི་ཐབ་པས་རེད། རྒན་པོ་རྡོ་རྗེ་ཡིས་བཤད་རྒྱུར། རྩྭ་ས་བགོ་བའི་སྐབས་དེར་ངས་རང་འགུལ་གྱི་ངང་ནས་རྩྭ་ས་དེ་རང་ཉིད་ལ་བགོ་དགོས་པའི་རེ་བ་བཏོན་པ་ལྟར་ང་རང་ཏག་ཏག་རྩྭ་ས་དེའི་བདག་པོར་གྱུར་སོང་ཟེར།

དེའི་རྗེས་སུ་བྱ་རིགས་སྣ་ཚོགས་ཕྱོགས་དང་ཕྱོགས་ནས་གནས་དེར་འཕུར་ཡོང་བའི་དུས་ཚིགས་སུ་སླེབས་ཐེངས་རེར་ཁོ་རང་རྩྭ་ཐང་དུ་འགྲེངས་ནས་བྱ་རིགས་སྣ་ཚོགས་འཕུར་ཡོང་བར་རེ་སྒུག་བྱེད་ཀྱི་ཡོད་པ་རེད།

ལྗོངས་གཟིགས་སྟེགས་བུ་རུ་ང་ཚོས་རྒན་པོ་རྡོ་རྗེས་རྐུབ་སྟེགས་བྱས་པའི་སྡོང་དུམ་ཞིག་དང་འགྱིག་སོབ་ཀྱི་གདན་ཞིག་མཐོང་བྱུང་བ་དང་། བྱ་རིགས་སྣ་ཚོགས་ལ་ལྟ་རྟོག་བྱེད་བྱེད་སྐབས་ཁོ་རང་རྒྱུན་དུ་གནས་དེར་བསྡད་ནས་རྒྱང་མཐོང་ཐོགས་ཏེ་རི་འདབས་ཀྱི་བརླན་སའི་ཁུལ་དུ་ལྟ་བཞིན་ཡོད་པ་རེད། རྒན་པོ་རྡོ་རྗེ་ཡི་སྣང་བ་ཞིག་ལ་ལོ་ངོ་ཉི་ཤུའི་ཡར་སྔོན་དུ་གནས་དེ་རུ་བྱ་རིགས་སྣ་འགའ་མ་གཏོགས་མེད་ཅིང་གྲངས་འབོར་ཀྱང་བཅུ་ཕྲག་འགའ་ལས་མེད། དེས་ཁོ་ལ་སེམས་ཁྲལ་ཆེན་པོ་ཞིག་ངང་གིས་བསླངས་པར་མ་ཟད། བྱ་རིགས་སྣ་ཚོགས་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་དེ་ཡང་སྔར་ལས་ཇེ་བརྟན་དུ་གྱུར་ལ་དོན་དག་དེའི་ཐད་ནས་ཁོས་དཀའ་སྡུག་ཀྱང་མང་པོ་ཞིག་མྱངས་མྱོང་བ་རེད།

རྒན་པོ་རྡོ་རྗེ་ནི་སློབ་གྲྭར་འགྲོ་མྱོང་མཁན་ཞིག་མིན་པས་ཁོས་ཡི་གེ་མི་ཤེས། ཡིན་ནའང་ཁོས་བྱ་རིགས་རྣམས་ལ་ཉིན་ཐོག་ཉིན་བརྩེགས་ཀྱིས་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་དུ། ཁོས་རང་ཉིད་ཀྱིས་གོ་བ་ལོན་ཚོད་ལྟར་བྱ་རིགས་རེ་རེ་ལ་མིང་རེ་བཏགས་ཡོད་པ་རེད། མིང་དེ་དག་ལ་ཉན་མ་ཐག་མིང་དོན་མཚུངས་པར་མ་ཟད་གསོན་ཉམས་ལྡན་པར་སྣང་སྟེ། དཔེར་ན། བྱ་སྐེ་ཁྲ་དང་ངང་དཀར། ངང་བ་མགོ་ཁྲ་སོགས་བྱ་རིགས་རེ་རེའི་ཁ་མདོག་དང་གཟུགས་དབྱིབས་སོགས་ལ་བལྟས་ནས་ཁོས་བྱ་རིགས་དེ་རྣམས་ལ་མིང་ཐོ་ཞིག་བཟོས་འདུག

སྡེ་མི་གཞན་དག་གིས་བཤད་རྒྱུར།ཉིན་ཞིག་ལ་རྡོ་རྗེ་ཡིས་འཚོ་སྐྱོང་བྱེད་པའི་སྐབས་སུ། གློ་བུར་དུ་ཁོའི་རྣ་ལམ་དུ་འགས་སྒྲ་ཆེན་པོ་ཞིག་གྲགས་བྱུང་བ་དང་། ཁོ་རང་ཕར་སོང་ནས་ལྟ་དུས་ཆུ་ཁར་རྐྱལ་བ་ཞིག་གཡེང་འདུག་པ་དང་། ཉ་བདའ་སྐོར་ཅིག་གིས་རང་ཉིད་ཀྱིས་བཟོས་པའི་འབར་རྫས་དམ་བུ་ལ་བརྟེན་ནས་ཉ་གསོད་བཞིན་པ་མཐོང་། རྡོ་རྗེ་ཡོིས་ཉ་བདའ་དེ་དག་གི་ཚུལ་མིན་གྱི་བྱེད་ལུགས་དེར་བཀག་འགོག་བྱས་པར་མི་རྣམས་ཀྱིས་ཁོ་ལ་གཅར་རྡུང་བྱས་ནས་མགོ་ཡང་བཅག་མོད། ཁོས་ཉ་མོ་དེ་དག་སྲུང་སྐྱོབ་བྱེད་པའི་ཆེད་དུ་གཏན་ནས་ཕྱི་ནུར་ཕྲན་ཙམ་ཡང་མ་བྱས་པས་ཉ་བདའ་དེ་དག་ཁོའི་དཔའ་སྙིང་ལ་སྐྲག་སྣང་སྐྱེས་ནས་ཕྱིར་ལྟ་ཙམ་ཡང་མ་བྱས་པར་བྲོས་སོང་། ཁོ་ཚོ་བྲོས་རྗེས་སུ་རྡོ་རྗེ་ཡིས་ད་གཟོད་རྐྱལ་བ་དེ་དང་འབར་རྫས་དམ་བུ་ལྷག་དག་ཁྱེར་ནས་ཕྱིར་ལོག་པ་རེད་ཟེར།

དེའི་རྗེས་སུ། ཉ་བདའ་སོགས་སྲོག་ཆགས་རྣམས་ལ་གནོད་འཚེ་གཏོང་མཁན་གྱི་མི་དེ་དག་འགོག་ཆེད་རྡོ་རྗེ་ཡིས་སྦྲ་གུར་ཆུང་ངུ་ཞིག་ཕུབ་ནས་ཏག་ཏག་ལོ་གཉིས་ལ་གནས་དེ་སྲུང་ནས་བསྡད་པ་རེད།

མི་ལོ་ཉི་ཤུ་ལྷག་གི་རིང་དུ་རྒན་པོ་རྡོ་རྗེ་ལ་ལས་རིགས་ཀྱི་གོམས་གཤིས་ཤིག་ཆགས་ཡོད་པ་སྟེ། ཉིན་རྒྱུན་དུ་ནམ་ལངས་མ་ཐག  ཁོས་ཞོགས་ཟས་སྟབས་བདེ་ཞིག་རོལ་རྗེས་ཆུ་ཤེལ་དམ་གང་དང་རྩམ་པ་ཞིག་བརྫིས་ནས་བྲོ་ཁར་བཟུང་རྗེས། བརླན་སའི་ཁུལ་དེ་དེད་ནས་སྐོར་ཞིབ་བྱེད་དུ་ཆས་བཞིན་ཡོད་པ་དང་། ནངས་སྔ་མོ་ནས་ས་རུབ་རྗེས་ད་གཟོད་ཕྱིར་ཁྱིམ་དུ་ལོག་བཞིན་ཡོད་པ་རེད། དུས་ཡུན་རིང་པོ་ཞིག་ཕྱིན་རྗེས་གནས་དེའི་བྱ་རིགས་རྣམས་ཀྱིས་འཆམ་མཐུན་མཉམ་གནས་ལ་དགའ་བའི་མི་དེ་རིམ་བཞིན་དང་ལེན་བྱས། དེ་བས་ཤིན་ཏུ་ཐག་ཉེ་སར་མ་བཏུད་ཚེ་བྱ་རིགས་དེ་རྣམས་ཁོ་ལ་མི་འདྲོགས་ཤིང་ཁོ་ཚོའི་བར་ལ་གྲོགས་པོ་ལྟ་བུའི་འབྲེལ་བ་ཞིག་ངང་གིས་གྲུབ་ཡོད་པ་རེད།

ན་ནིང་སོས་ཀར་གསེར་ཐང་བྱ་གླིང་དུ་མཚེའུ་ཆུང་ངུ་ཞིག་གི་རགས་ངོས་ཤོར་བས་ཆུ་རྣམས་རགས་ཁ་བརྒྱུད་ནས་ཕྱི་རོལ་ཏུ་བཞུར། མཚེའུ་ནང་གི་ཆུ་ཚང་མ་ཕྱིར་བཞུར་ཚེ་བྱ་རིགས་རྣམས་གནས་དེར་འབབ་ས་མེད་པར་འགྱུར་འགྲོ་བར་བསམས་ནས་རྒན་པོ་རྡོ་རྗེ་ཡིས་སེམས་ཁྲལ་ཆེན་པོ་བྱས། བྱ་རིགས་རྣམས་རྒྱུད་སྤེལ་བའི་དུས་ཚིགས་ལའང་མྱུར་དུ་ཐོན་ལ་ཉེ་བས་གལ་ཏེ་ཁོ་ཚོའི་འཚོ་གནས་དེ་གཞི་ནས་མེད་པར་གྱུར་ཚེ། ཁོ་ཚོ་གནས་གང་ཞིག་ཏུ་འཕུར་རམ། ད་དུང་ཁོ་ཚོས་རྒྱུད་སྤེལ་བྱེད་པར་འཚམ་པའི་སྡོད་གནས་ཤིག་རྙེད་སྲིད་དམ། དེ་ལྟར་ཉིན་དེ་དག་གི་རིང་ལ་གནས་ཚུལ་དེའི་སྐོར་ལ་རྒན་པོ་རྡོ་རྗེ་ཡིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་བསྡད།

ཞགས་གཅིག་གི་རིང་དུ་རྒན་པོ་རྡོ་རྗེ་ཡིས་བསམ་བློ་ཡང་ཡང་བཏང་རྗེས། ཁོས་ཁྱིམ་དུ་ཁུག་སྣོད་མང་པོ་ཞིག་ཁྱེར་ཡོང་ཞིང་། དེའི་ནང་དུ་ས་བླུགས་རྗེས་རགས་ཁ་གཅོད་ཐབས་བྱས་མོད། ཆུའི་བཞུར་ཚད་མགྱོགས་པས་ཁོས་ཆུ་རགས་ལས་ཤོར་བའི་ཆུ་གཅོད་ཐབས་བྲལ་བས་མྱུར་དུ་སོང་ནས་སྡེ་བའི་མང་ཚོགས་དང་ཡུལ་ཚོ་སྲིད་གཞུང་། རྫོང་ནགས་ལས་ཅུའུ་སོགས་ཀྱི་ལས་བྱེད་པ་བཅས་ལ་བརྡ་བརྒྱབ་ནས་ཚང་མ་མཉམ་དུ་ཆུ་རགས་ལས་པའི་བྱ་བར་ཞུགས་ཀྱང་ཆུའི་རྒྱུན་དེ་ཡེ་ནས་གཅོད་མ་ཐུབ།

སྟབས་ལེགས་པ་ཤིག་ལ། ལོ་དེའི་ཕྲུ་གུ་སྐྱེ་བའི་དུས་ཚིགས་སུ། དུས་བསྟུན་བྱ་རིགས་མང་པོ་ཞིག་སྔར་བཞིན་གནས་དེར་འཕུར་ཡོང་། བྱ་ཕྲུག་རྣམས་སྒོ་ང་ལས་ཕྱུར་བུད་པ་མཐོང་བ་ན། ཁོའི་ཉིན་འགའི་སེམས་ཁྲལ་དེ་རིམ་གྱིས་མེད་པར་གྱུར། འོན་ཀྱང་ཁོ་ལ་འགྱོད་སེམས་ཤིག་ཡོད་པ་ནི། མཚོ་ཆུ་ཤིན་ཏུ་སྲབ་པ་དང་མཐའ་ཁ་ཕལ་ཆེར་སྐམ་ཡོད་པས། འདབ་ཆགས་སྐོར་ཞིག་སྤྱང་ཀི་དང་། ཝ་དང་ཁྱི་ལྡོམ་སོགས་གཅན་གཟན་དག་གི་ཁ་ཟས་སུ་གྱུར་པ་དེ་རེད།

ད་ལོའི་དཔྱིད་ཀར། རྡོ་རྗེ་ཡིས་སྒོར་དྲུག་སྟོང་བཀོལ་ནས་ས་བརྐོ་འཕྲུལ་འཁོར་ཞིག་གླས་ཏེ་མཚོའི་རགས་ཞིག་གསོ་བྱས་ཤིང་ཆུ་བཀག་བྱུང་བས། ད་གཟོད་ཁོའི་སེམས་བདེ་ལ་འབབ་ཐུབ་པ་བྱུང་། དེ་འདྲ་ཞིག་ཡིན་པར་མ་ཟད། ཁོས་བརྐོས་ཟིན་པའི་གནས་དེར་རྩྭ་འབྲུ་བཏབ་པ་ན། ཟླ་དྲུག་པར་སླེབས་དུས། རྩྭ་འབྲུ་དེ་དག་ལ་ལྗང་མྱུག་འབུས་ཏེ། འདབ་ཆགས་གང་མང་ལ་ཁ་ཟས་ཞིམ་པོ་སྦྱིན། འདབ་ཆགས་རྣམས་ཀྱིས་ཁ་ཟས་ལ་ཅི་དགར་རོལ་བ་མཐོང་ཚེ། ཁོའི་སེམས་ཀྱི་དགའ་བ་དེ་ཉི་འོད་འབྲོག་ཐང་ལ་འཕྲོས་པ་དང་འདྲ་བར་དྲོ་སྐྱིད་ཀྱིས་ཁེངས།

རྡོ་རྗེ་ཡིས་ང་ཚོར་བཤད་རྒྱུར། ད་ལོའི་སྟོན་ཁར། ཁོས་ཁྲུང་ཁྲུང་མགོ་ཁྲ200ཡས་མས་ཤིག་མཐོང་ཐུབ་པར་གྱུར་ལ། བྱ་གག་དམར་སྐྱ100དང་ཆུ་སྐྱར50ཙམ་ཞིག་མཐོང་། དེ་ལས་གཞན། ང་ཚོས་ད་དུང་རྒྱང་ཤེལ་ལས་གེ་སར་རྟ་རྫི་དང་ཁྲུང་ཁྲུང་ནག་པོ་སོགས་འདབ་ཆགས་རྩ་ཆེན་མང་པོ་མཐོང་བྱུང་།

རྡོ་རྗེ་ཡིས་གདེང་འཇོག་གི་ཚུལ་དུ་བཤད་རྒྱུར། ལོ་ངོ20ལྷག་གི་ཉམས་མྱོང་འདིས་དམིགས་ཡུལ་ཆུང་ཆུང་ཞིག་མངོན་འགྱུར་བྱས་ཤིང་། ཁོས་བརླན་ས་འདི་ལ་ལྕགས་ར་བསྐོར་བ་དང་། ཁོས་སྤྲོ་དགའི་ཀློང་ནས་ཡོང་བའི་བྱ་གཟིགས་མཁན་རྣམས་ལ་ཕྱོགས་བཞི་ནས་བལྟ་ཆོག་པའི་ལྗོངས་གཟིགས་སྟེགས་བུ་གསུམ་བསྐྲུན་ཡོད་ལ། ཁོས་བསྲུང་བའི་བརླན་སའི་སྟེང་གི་འདབ་ཆགས་ཀྱི་གྲངས་ཀ་དང་རིགས་ཇེ་མང་དུ་སོང་བ་ན། ཁོའི་སེམས་སུ་མ་འོངས་པ་ན་པར་ཆས་བཀོལ་ནས་གསེར་ཐང་བྱ་གླིང་གི་འདབ་ཆགས་རྣམས་ཀྱི་གནས་སྤོ་སྣང་ཚུལ་པར་དུ་ལེན་ཨེ་ཐུབ་ལ་འཆར་གཞི་འགོད་བཞིན་ཡོད་པ་དང་། ཉི་མ་རེ་རེར་ཤེས་བྱ་མང་ཙམ་སྦྱངས་ཏེ་ཆེད་ལས་རང་བཞིན་གྱིས་བརླན་ས་ལྟ་ཞིབ་ཀྱི་ཟིན་ཐོ་རེ་འབྲི་ཨེ་ཐུབ་བསམ་བཞིན་ཡོད། ལྗོངས་གཟིགས་ས་ཚིགས་བར་དུ་ཤར་ཐོན་བྱེད་ཐུབ་པའི་ཤིང་ལམ་ཞིག་བཟོས་ཏེ་རྩྭ་སར་སྔར་ལས་སྲུང་སྐྱོབ་ཐུབ་པར་འཆར་གཞི་འགོད་བཞིན་ཡོད། རྡོ་རྗེ་ཡིས་འདབ་ཆགས་སྲུང་བའི་གཏམ་རྒྱུད་ད་དུང་མཇུག་བསྒྲིལ་མེད་ལ། ཁོས་བརླན་ས་འདིའི་ཆེད་དུ་བསྒྲུབ་དགོས་པའི་ལས་དོན་ད་དུང་ཤིན་ཏུ་མང་པོ་ཞིག་འདུག་བསམ་བཞིན་ཡོད། །

                                                                                      ཡིག་སྒྱུར་བ། གཡང་འབུམ་རྒྱལ།