རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་ཚེ་སྲོག་གི་འབྱུང་ཁུངས་དང་དཔལ་ཡོན་གྱི་འབྱུང་ཁུངས། ལྗང་མདོག་གི་ཞིང་ཁམས་བཅས་ཡིན།
2022.01.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

 2015ལོའི་ཟླ12པར་ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ས་ཚིགས་དང་པོར་གྱུར།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་དོན་སྙིང་གལ་ཆེན་ཐད། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ནང་འགྲེལ་བཤད་བརྒྱབ་པ་གཤམ་གསལ་ལྟར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་ལ་ཉམས་མྱོང་འདོན་སྤྲོད་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་དཔེ་སྟོན་འདོན་སྤྲོད་བྱེད་པའི་འགན་འཁྲི་འཁུར་ཡོད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་ལེའུ་ཞིག་དང་། ཀྲུང་གོའི་སྣང་བརྙན་མངོན་པའི་སྐར་ཁུང་གལ་ཆེན་ཞིག ཀྲུང་གོས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ལ་བྱས་རྗེས་འཇོག་པའི་རླབས་ཆེན་གྱི་བྱ་སྤྱོད་ཅིག  གཞུང་ལུགས་ཀྱི་རང་རྟོན་དང་།  བགྲོད་ལམ་གྱི་རང་རྟོན། ལམ་ལུགས་ཀྱི་རང་རྟོན། རིག་གནས་ཀྱི་རང་རྟོན་བཅས་ཀྱི་མཚོན་ཚུལ་ཞིབ་ཕྲ་ཞིག་བཅས་ཡིན་པ་རེད།

འབྲེལ་ཡོད་དཔྱད་གཞི་ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གཙང་བོ་དང་། མཚེའུ། བརླན་ས། འཁྱགས་རོམ་བཅས་མང་པོ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ1800ལྷག་ལ་བསླེབས་ཡོད།  དེ་ནི་གོ་ལ་ཧྲིལ་པོའི་དེང་རབས་ཀྱི་འཁྱགས་རོམ་གཅིག་སྡུད་ཁུལ་གྱི་གྲས་ཤིག་ཡིན་ལ།  ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་ཐོག་གཙང་པོ་དང་ཆུ་བོ་ཆེ་གྲས་གསོ་སྐྱོང་བྱེད་པའི་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་ཡིན།   གཙང་བོ་དང་ཆུ་བོ་གསུམ་གྱིས་ལོ་རེར་དབུས་རྒྱུད་དང་སྨད་རྒྱུད་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་དྲུག་ལྷག་མཁོ་འདོན་བྱེད་བཞིན་ཡོད། དེའི་ནང་འབྲི་ཆུའི་སྤྱི་འབོར་གྱི2.5%དང་། རྨ་ཆུའི་སྤྱིའི་ཆུ་འབོར་གྱི49%།  རྫ་ཆུའི་རྒྱལ་མཚམས་བརྒལ་བའི་སྤྱིའི་ཆུ་འབོར་གྱི15%བཅས་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་བཞུར་གྱིན་ཡོད།

ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད།  རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཚུད་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་དང་། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཁུལ་དང་པོ་ཡིན་པས།  ཀྲུང་ཧྭ་མི་རིགས་ཀྱིས་རང་བྱུང་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་ལ་བཅངས་པའི་རེ་བ་ཐེག་ཡོད།

མིའི་རིགས་ཀྱི་དཔལ་ཡོན་གྱི་འབྱུང་ཁུངས་ཡོད་ཚད་ནི་ཆུ་བོ་དང་བྲལ་ཐབས་མེད་ལ། མིའི་རིགས་ཀྱི་ཆེས་ཐོག་མའི་འབྱུང་གནས་ཚང་མའང་ཆུ་བོ་ཆེན་པོའི་བཞུར་རྒྱུན་དུ་འདེམ་པ་ནི་སྟེས་དབང་དུ་བྱུང་བ་ཞིག་མིན།

ང་ཚོའི་དག་གཙང་གི་ཞིང་ཁམས་འདི་ནི་མཚོ་སྔོན་དང་ཀྲུང་གོའི་ཡིན་ལ། འཛམ་གླིང་གི་ཡང་ཡིན། མཚོ་སྔོན་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་གསོ་སྐྱོང་བྱེད་པའི་འབྱུང་ཁུངས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། སའི་གོ་ལའི་ཕྱེད་བྱང་མའི་གནམ་གཤིས་ཀྱི་ཚོར་སྐྱེན་ཁུལ་དང་། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་སྙོམས་སྒྲིག་དང་མཐོ་སྒང་གི་སྐྱེ་དངོས་རང་བྱུང་དངོས་རིགས་ཀྱི་ཐོན་ཁུངས་མཛོད་བཅས་ཡིན།  རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་བསྐྲུན་རྒྱུ་ནི་ང་ཚོའི་བླ་མེད་ཀྱི་འགན་འཁྲི་ཞིག་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དེ་མཚོ་སྔོན་དུ་གསོན་ཉམས་དོད་པོས་ལག་ལེན་བྱས་པ་ཞིག་ཀྱང་ཡིན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་སྒྲིག་སྲོལ་གྱི་འཚོལ་ཞིབ་གསར་བ་ཞིག་ཡིན། རྒྱལ་ཡོངས་སུ་ཐོག་མར་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་སྟོན་ཞིང་ཆེན་བཙུགས་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དང་།  ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་བཅས་ཡིན།

ལོ་མང་པོའི་རིང་ལ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རྒྱུན་ཆད་མེད་པར་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་ཇེ་ཟབ་ཏུ་བཏང་ཡོད། སྐྱེ་ཁམས་སྔོན་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཞིང་ཆེན་འཕེལ་རྒྱས་གཏོང་བའི་གཙོ་གནད་དུ་འཛིན་པ་དང་།   རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ།  སྔ་རྗེས་སུ་《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་གསར་འཛུགས་བྱེད་པའི་བྱ་སྤྱོད་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི》སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་།  མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན།  རྨོ་སྐྱུར་ནགས་སྐྲུན།  ཕྱུགས་སྐྱུར་རྩྭ་འདེབས། རྒྱལ་ཁབ་ཀྱི་བརླན་ས་གལ་ཆེན་སྲུང་སྐྱོབ་དང་སླར་གསོ།  ས་ཆུ་སྲུང་འཛིན་སོགས་ཀྱི་གཙོ་གནད་བཟོ་སྐྲུན་ལག་བསྟར་བཅས་བྱས་པས།  རྩྭ་ཐང་ཞན་འགྱུར་དང་ཐང་རྒོད་ཅན་དུ་འགྱུར་བ་རིམ་བཞིན་བཀག་འགོག་བྱུང་བ་དང་། ནགས་རྩྭའི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་བ། ཆུ་གཟུགས་དང་བརླན་སའི་སྐྱེ་ཁམས་མ་ལག་ཧྲིལ་པོ་སླར་གསོ་བྱུང་བ། ཆུ་ཁུངས་གསོ་སྐྱོང་དང་འབབ་རྒྱུད་ཀྱི་ཆུ་མཁོ་འདོན་ནུས་པ་ཆེ་རུ་ཕྱིན་པ།  སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོན་པ་དང་རྣམ་པ་གསར་པ་མངོན་ཡོད།

2018ལོར་རྨ་ཆུའི་འགོ་ཁུངས་ཀྱི་མཚོ་སྐྱ་རེངས་དང་། མཚོ་སྔོ་རེངས།  གཉན་པོ་གཡུ་རྩེ་བཅས་ཀྱིས་སྔ་རྗེས་སུ་ཡུལ་སྐོར་གཏན་འགོག་གི་བཀའ་རྒྱ་ཁྱབ་བསྒྲགས་བྱས།  དཔལ་འབྱོར་གྱི་ཁེ་ཕན་བློས་གཏོང་བྱས་ནས་སྐྱེ་ཁམས་ཀྱི་ཕན་འབྲས་ཆེ་ཤོས་ཐོབ་ཐབས་བྱས་པ་དེ་ཐོག་ནས་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ཐད་སེམས་ཤུགས་ཡོད་རྒུ་བཏོན་པའི་འགན་འཁྲི་འཁུར་སེམས་མཚོན་ཡོད།

སྔོན་ཆད་རྨ་སྟོད་པ་མང་པོ་ཞིག་གིས་རྩྭ་ཐང་ཞན་འགྱུར་ཚབས་ཆེ་བ་དང་།  རི་སྐྱེས་སྲོག་ཆགས་མཐོང་རྒྱུ་མེད་པ། མཚེའུ་མང་པོ་རིམ་བཞིན་མེད་པར་གྱུར་བ། རྫོང་ཁོངས་ཀྱི་མཚེའུ་ཆེ་ཆུང4000ལྷག་གི་ནང་ནས་ཕྱེད་ཀ་ཡན་སྐམ་པ། མཚེའུ་ཁག་གཅིག་ད་དུང་བྱེ་མས་སྣུབ་པ་སོགས་རང་བྱུང་ཁམས་ཀྱིས་མིའི་རིགས་ལ་ཉེན་བརྡ་བཏང་བ་དེ་ཤེས་ཡོད།

ད་ལྟ་སྔོ་ཁེབས་སླར་གསོ་དང་ཕྱུགས་བཀག་རྩྭ་གསོ་སོགས་བྱེད་ཐབས་སྣ་ཚོགས་སྤྱད་པ་དང་ལྷག་པར་དུ་ཆར་ཆུ་ཇེ་མང་དུ་སོང་བ་དང་བསྟུན་ནས།  མཚེའུ་སྟོང་གི་རྫོང་ཞེས་པའི་རྨ་སྟོད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་སླར་གསོ་བྱུང་བ་དང་། མཚེའུ་ཡི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་སོང་ནས་ད་ལྟ8000ལྷག་ལ་བསླེབས་ཏེ། མཛེས་སྡུག་ལྡན་པའི་མཚེའུ་སྟོང་གི་མཛེས་ཉམས་ཡང་བསྐྱར་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་ཁུངས་གསོག་ཚད་ལོ་རེར་ཆ་སྙོམས་ཀྱིས6%ཡན་དུ་འཕར་བ་དང་།  རྩྭ་སའི་ཁེབས་ཚད་དང་རྩྭའི་ཐོན་ཚད་སོ་སོར་ལོ10ཡི་སྔོན་ལས་11%དང13%འཕར་བ། འབྲོག་པ་མང་ཚོགས་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་སྐྱེ་ཁམས་ལྟ་སྲུང་པར་གྱུར་ནས་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱར་འཕར་ཡོད།

དུས་ཡུན་རིང་བོར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཆུ་དམར་ཧོ་ཡུལ་ཚོའི་མཚོ་ཁྲི་སྡེ་བའི་འབྲོག་པ་ཚོས་གདོད་མའི་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། དེ་གར་བརྙན་འཕྲིན་དང་ལག་འཁྱེར་ཁ་པར་གྱི་བརྡ་རྟགས་མེད་པས།   ཆ་འཕྲིན་གོ་དཀའ་བ་རེད།

མཚོ་ཁྲི་སྡེ་བའི་སྐྱེ་ཁམས་ལྟ་སྲུང་བ་ཚང་མས་མི་རབས་ནས་མི་རབས་བར་གནས་འདིར་འཚོ་བ་རོལ་བཞིན་ཡོད་ལ།  ཁོ་ཚོས་རང་ཉིད་ཀྱི་ཕྱུགས་རར་ལྟ་སྲུང་བྱེད་པ་ཇི་བཞིན་རྒྱལ་ཁབ་སྤྱི་གླིང་ལ་སྐོར་ཞིབ་བྱེད་བཞིན་ཡོད་པ་དང་།  ལྷག་པར་དུ་ལོ་ཆེ་བའི་སྐྱེ་ཁམས་ལྟ་སྲུང་བ་ཚོའི་སྐྱེ་ཁམས་ལྟ་སྲུང་གི་ཉམས་མྱོང་ནི་མི་རབས་ཁ་ཤས་བརྒྱུད་ནས་བསགས་པ་ཞིག་རེད། སྐོར་གཡེང་བྱེད་སྐབས། ཁོ་ཚོས་རྣ་བས་སྐྱེ་དངོས་ཡོད་ཚད་ཀྱི་སྒྲ་ལ་ཉན་པ་དང་མིག་གིས་རི་ཀླུང་གི་འགྱུར་ལྡོག་རེ་རེ་ལ་བལྟ་བ།  སེམས་ཀྱིས་རང་བྱུང་ཁམས་ཆེན་མོའི་དགའ་སྐྱོ་ཆགས་སྡང་མྱོང་རོལ་བྱེད་ཀྱིན་ཡོད།

རང་བྱུང་ཁམས་ལ་དགའ་ཞེན་དང་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་དེ་ནི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་ངོས་འཛིན་གསར་བ་ཞིག་ཡིན་ཞིང་། ཇི་ལྟར་རང་བྱུང་ཁམས་ལ་སྲུང་སྐྱོབ་ཏན་ཏིག་བྱེད་པར་དཔལ་ཡོན་གྱི་སྒྲིག་སྲོལ་གསར་བ་ཞིག་དང་ཚན་རིག་གི་ཤེས་བྱ་ཞིག་ཡོད་དགོས། རྒྱལ་ཁབ་སྤྱི་གླིང་བཙུགས་པ་ནི་རིམ་པ་སྔར་ལས་མཐོ་བའི་ཀུན་སྤྱོད་ལ་བརྟེན་ནས་ཤེས་རྟོགས་བྱས་པ་ཞིག་ཡིན་པ་སྟེ། དེ་ལྟ་བུའི་རང་བྱུང་ཁམས་ནི་མི་འགའ་ཞིག་ལ་དབང་བ་ཞིག་མིན་པ་དང་ཐ་ན་དུས་རབས་གཅིག་ཁོ་ནར་དབང་བ་ཞིག་ཀྱང་མིན་ལ། དེ་ནི་མི་ཚང་མར་དབང་བ་དང་དེང་སྐབས་དང་མ་འོངས་བར་ནམ་ཡང་གནས་པ་ཞིག་ཡིན།

འཛམ་གླིང་སྟེང་ས་བབ་མཐོ་བའི་ས་ཁུལ་གྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་ཁམས་སྲུང་སྐྱོབ་ཁུལ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟའི་ཁུལ་བར་དང་། དེ་ནས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཁུལ་དང་པོའི་བར།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས་ཀྲུང་གོས་རྒྱུན་ཆད་མེད་པར་སྐྱེ་ཁམས་དཔལ་ཡོན་གྱི་ཕྱོགས་སུ་སྐྱོད་པའི་འོད་སྟོང་འཕྲོ་བའི་རྗེས་ཤུལ་གྱི་བདེན་དཔང་བྱས་ཡོད་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་པའི་ལྗང་མདོག་གི་རྡོ་རིང་ཆེན་པོ་ཞིག་ཀྱང་ཡིན་པ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།