སྐྱེ་ཁམས་རིག་གནས་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་རྩ་བ་ཚུགས་པ།
2022.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

སྤྱི་ཁྱབ་ཧྲུའུ་ཅིས་མངགས་བཅོལ་བློ་ལ་བརྟན་པོ་བཅངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པ་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་ལས་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ལྟ་བ་བརྟན་པོ་བཙུགས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་སྐྱེ་ཁམས་ཡིན་ལ་འགན་འཁྲི་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པ་དང་། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཡོངས་དང་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་པ་སྔོན་ལ་བསྐྲུན་དགོས་ན། དཔལ་འབྱོར་འཕར་སྣོན་བྱེད་སྟངས་བསྒྱུར་དགོས་ལ། བསམ་བློའི་འདུ་ཤེས་ཐད་ཀྱི་བཅོས་སྒྱུར་ཡང་དག་བྱ་དགོས། དོན་སྙིང་དེའི་ཐོག་ནས་བཤད་ན། མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་རིག་གནས་དར་སྤེལ་བཏང་ནས། སྤྱི་ཚོགས་ཡོངས་སུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དོན་གཉེར་བྱེད་པའི་སྐྱེ་ཁམས་རིན་ཐང་ལྟ་བ་གཏན་འཁེལ་བྱ་རྒྱུ་དེ་ནི་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པའི་མཐོ་ས་གསར་བ་ནུས་ཤུགས་ཡོད་དགུས་བསྐྲུན་པའི་ནང་དོན་གལ་ཆེན་ཞིག་རེད།

མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རིག་གནས་དང་རྨ་ཙོང་རིག་གནས། རེབ་གོང་རིག་གནས། ཁུ་ནུ་རིག་གནས་སོགས་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོབ་མངོན་གསལ་བྱེད་དགོས། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་རིག་གནས་འདི་དག་ནི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། བཅར་འདྲི་བྱེད་སྐབས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག མིའི་རིགས་ཀྱིས་དུས་ཡུན་རིང་པོའི་ནང་རང་བྱུང་ཁམས་དང་འཚམ་པར་བྱེད་པའི་བརྒྱུད་རིམ་ཁྲོད་གནས་པའི་རིག་གནས་དང་གོམས་སྲོལ་ཡང་སྲུང་འཛིན་བྱས་ཡོད། དེ་ལས་ལྡོག་སྟེ་སྲོལ་རྒྱུན་གྱི་རིག་གནས་དེ་དག་ལས་སྡོད་ཁུལ་གྱི་སྡོད་དམངས་ཀྱིས་ཕ་ཡུལ་གྱི་མཛེས་སྡུག་ལྡན་པའི་ཁོར་ཡུག་ལ་སྤོབས་སེམས་སྐྱེས་པ་དང་། ས་གནས་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འབྲོག་པར་མཚོན་ན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་ཁོ་ཚོའི་ངོས་ནས་བརྗོད་ན་དེ་ནི་བསམ་བཟོས་ནས་བསླབ་པའི་གོམས་གཤིས་ཤིག་མིན་པར་གནས་རི་དང་ལྷ་མཚོ་ལ་དད་གུས་བྱས་པ་ལས་བྱུང་བའི་བྱ་སྤྱོད་ཅིག་རེད། སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་དེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་ལ། རིག་གནས་ཀྱི་རང་རྟོན་རྒྱུན་འཁྱོངས་དང་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་པ། མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་རིག་གནས་ཁྱབ་གདལ་དུ་གཏོང་བ་བཅས་འཛམ་གླིང་ཕྱོགས་སུ་སྐྱོད་པའི་ནུས་ལྡན་གྱི་ལག་ལེན་ཞིག་ཀྱང་རེད།

མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བར་མཚོ་སྔོན་གྱི་གཙགས་དྲུབ་དང་བོད་ལུགས་ས་གདན། ཐང་ག་སོགས་སྲོལ་རྒྱུན་གྱི་བཟོ་རྩལ་རིག་གནས་ཐོན་ལས་སྟོབས་ཆེར་གཏོང་དགོས། ལྗང་མདོག་ནི་སྐྱེ་ཁམས་རིག་གནས་ཐོན་ལས་ཀྱི་ཁྱད་སྟོབས་ཆེས་ཆེ་བ་དེ་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱི་མི་རིགས་རིག་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེས་ས་ཁོངས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་འབྱུང་བ། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་གཏོང་བ། མི་རིགས་རིག་གནས་ཀྱི་སྣ་མང་རང་བཞིན་དང་ཁྱད་འཕལས་རང་བཞིན་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། དེར་བརྟེན་ང་ཚོས་ལྗང་མདོག་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་སྔར་ལས་སྐྱེད་སྲིང་བྱེད་པ་དང་། མི་རིགས་ཀྱི་རིག་གནས་ཐོན་ལས་གྲུབ་ཆ་རིམ་སྤོར་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། ཁྲོམ་རའི་ཁྲིད་སྟོན་གྱི་ལྗང་མདོག་དཔལ་འབྱོར་གསར་གཏོད་མ་ལག་ཧུར་ཐག་གིས་འཛུགས་པ། སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཁྲོམ་ར་ཅན་ལ་སྐུལ་འདེད་གཏོང་བའི་མི་རིགས་ཀྱི་རིག་གནས་ཐོན་ལས་སྲིད་ཇུས་དང་ལམ་ལུགས་མཁོ་སྤྲོད་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། མི་རིགས་ཀྱི་རིག་གནས་ཐོན་ལས་དང་ལྗང་མདོག་སྐྱེ་ཁམས་དཔལ་འབྱོར་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་བར་སྐྱེ་ཁམས་དཔལ་ཡོན་དྲིལ་བསྒྲགས་སློབ་གསོའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གཅིག་བསྡུས་སློབ་སྦྱོང་ཐེངས་དྲུག་པའི་ཐོག་སྐྱེ་ཁམས་དཔལ་ཡོན་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་དམངས་ཡོངས་ཀྱི་གྲོན་ཆུང་འདུ་ཤེས་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས། སྐྱེ་ཁམས་འདུ་ཤེས་བཅས་ཇེ་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་གཅེས་སྤྲས་བྱེད་པའི་དར་སྲོལ་བཟང་པོ་ཞིག་གསར་གཏོད་བྱེད་དགོས་ཞེས་གསུངས་པ་རེད། རྒྱས་བཤད་གལ་ཆེན་འདིས་སྐྱེ་ཁམས་དཔལ་ཡོན་གྱི་དྲིལ་བསྒྲགས་སློབ་གསོའི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོ། དམིགས་འབེན་བླང་བྱ་བཅས་བསྟན་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོའི་བྱ་བ་ལག་བསྟར་བྱས་པ་བརྒྱུད། མི་རྣམས་ལ་མི་དང་རང་བྱུང་ཁམས་བར་ཕན་ཚུན་ཤུགས་རྐྱེན་ཐེབས་པ་དང་། ཕན་ཚུན་ནུས་པ་ཐོན་པ། ཕན་ཚུན་ཚོད་འཛིན་བྱེད་པ་བཅས་ཀྱི་འབྲེལ་བ་རྒྱུས་ལོན་ཟབ་མོ་བྱེད་པའི་ཁྲིད་སྟོན་བྱས་ཏེ། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་དགའ་ཞེན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བཅས་ཀྱི་སྐྱེ་ཁམས་རིན་ཐང་ལྟ་བ་རང་རྟོགས་ཀྱིས་ཆགས་པར་བྱ་དགོས།

རང་རྒྱལ་གྱིས“ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར”སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཐོག་མར་བཀོད་རྗེས། སྐྱེ་ཁམས་རིག་གནས་ལ་སྔར་ལས་དོ་ཁུར་ཆེན་པ་ཐོབ། སྐྱེ་ཁམས་རིག་གནས་ལ་སྔར་ལས་ངོས་འཛིན་བྱེད་པ་དང་དེའི་ནང་ཞུགས་པའི་སྤྲོ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཆབས་ཅིག སྐྱེ་ཁམས་རིག་གནས་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བསྐྲུན་རྒྱུ་དེ་མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ་བསྐྲུན་པའི་མཐོ་ཚད་གསར་བ་ནས་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་ངེས་ཡིན་པའི་ཡིད་ཆེས་བྱས་ཆོག

ཡིག་སྒྱུར་བ། ཤ་བོ་རིན་མཚོ།