2016ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་བྱེད་མགོ་བརྩམས་ཤིང་། དུས་ད་ལྟ་སྤྱི་གླིང་འདི་རྒྱལ་ཁབ་སྤྱི་གླིང་སྐོར་དང་པོའི་མིང་ཐོའི་གྲས་སུ་ཚུད་ཐུབ་པ་བྱུང་། འདི་ནི་མཚོ་སྔོན་མི་རིགས་ཁག་གི་མང་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ཞིང་། འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་ཡིན་པ་རེད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྐོར་དང་པོའི་མིང་ཐོར་ཚུད་རྗེས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་དང་པོར་གྱུར། དེས་མཚོ་སྔོན་དང་ཐ་ན་ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་མགྱོགས་པོར་བསྐྲུན་པར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་བསྐྲུན་ཡོད།
མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ལྟར། “རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བཅིངས་ཤིང་། ཞིང་ཆེན་གྱི་དོན་དག“ཆེན་པོ་གསུམ”གྱི་གནས་ཐིག་རྒྱུན་འཁྱོངས་བྱས་ནས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས་འགན་འཁྲི་ཁུར་ལེན་དང་གནས་སྟངས་ལ་གཞི་བཅོལ་ཏེ་ལམ་ཕྱོགས་འཚོལ་ཞིབ་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པ་དང་། ལམ་ལུགས་བཟོ་རྒྱུ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ཏེ། སྐྱེ་ཁམས་དཔལ་ཡོན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཇུས་འགོད་རྩེ་གྲ་འཐུས་ཚང་དུ་བཏང་བ་བཅས་སྲིད་ཇུས་དང་གཏན་འབེབས་མང་པོ་བཏོན་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་ཐོབ།
མཚོ་སྔོན་ནི་འཛམ་གླིང་ཡང་རྩེ་རུ་འབོད་པའི་མདོ་དབུས་མཐོ་སྒང་དུ་ཆགས་ཤིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ“ཀྲུང་ཧྭའི་ཆུ་མཛོད”ཀྱི་མཚན་སྙན་ཡོད། དེ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་། 2016ལོ་ནས་བཟུང་། ཁོང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཐེངས་གཉིས་ལ་ཞུགས་ཤིང་། མཚོ་སྔོན་མཐོ་སྒང་དུ་ཐེངས་གཉིས་ལ་ཕེབས་མྱོང་། ད་ལོར་མཚོ་སྔོན་དུ་ཕེབས་ནས་གཟིགས་ཞིབ་གནང་སྐབས་ཁོང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན། དེ་བས་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ན། འཛམ་གླིང་ཡང་རྩེའི་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས། ལྷག་པར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་དགོས། མུ་མཐུད་དུ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དམ་འཛིན་བྱས་ཏེ། དོ་དམ་ལམ་ལུགས་ལུགས་མཐུན་དང་། འཁོར་སྐྱོད་ལམ་ལུགས་གསར་སྐྲུན་བྱས་ནས་ལྟ་སྐུལ་དོ་དམ་དང་སྲིད་ཇུས་རྒྱབ་སྐྱོར་ལ་ཤུགས་བསྣན་ནས་ཁྱབ་གདལ་དང་མ་དཔེར་རུང་བའི་ཉམས་མྱོང་མང་པོ་འཚོལ་ཞིབ་བྱེད་དགོས་ཞེས་བསྟན།
2016ལོར་མཚོ་སྔོན་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་བྱེད་མགོ་བརྩམས། དེ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོའི་མཚོ་སྔོན་འཛུགས་སྐྲུན་གྱི་རྒྱང་སྐྱོད་གསར་པའི་མགོ་བརྩམས་པ་ཡང་རེད།
2017ལོར་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ་ལག་བསྟར་དང་ཚོད་ལྟའི་ལས་འགན་ཕྲག་ཏུ་བླངས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་བྱེད་འགོ་བརྩམས་པ་དང་། ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་པའི་ཡོལ་བ་ཕྱེས།
2018ལོའི་ལོ་མཇུག་ཏུ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་འགོ་བརྩམས་ནས་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་གཅིག་པུར་གྱུར།
མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། “ལོ་གཅིག་ནང་རྨང་གཞི་བརྟན་པོ་འདིང་བ་དང་། ལོ་གཉིས་ནང་ཚོད་ལྟའི་ལས་འགན་ཡོངས་འགྲུབ་བྱེད་པ། ལོ་ལྔའི་ནང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བར”ཤུགས་སྣོན་དང་། རང་བྱུང་ཁམས་ལ་སྲུབ་སྐྱོབ། མི་དམངས་ལ་ཞབས་འདེགས། དུས་གཏན་འཕེལ་རྒྱས་དམིགས་སུ་བཟུང་བ་དང་ཆབས་ཅིག རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། དོ་དམ་ལམ་ལུགས་ལུགས་མཐུན། འཁོར་སྐྱོད་ལམ་ལུགས་གསར་སྐྲུན། འདེགས་སྐྱོར་སྲིད་ཇུས་འཐུས་ཚང་སོགས་གསར་སྐྲུན་རང་བཞིན་གྱི་བཅོས་སྒྱུར་རབ་དང་རིམ་པར་བརྟེན་ནས། ལམ་ལུགས་ཚོད་ལྟའི་ལས་འགན་ལ་ཚད་མཐོན་པོས་སྐུལ་འདེད་བཏང་། ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ལས་འགན་ཁག་སོ་གཅིག་ལེགས་འགྲུབ་བྱུང་བ་དང་། སྡེ་ཁག་མང་པོས་བཅོས་སྐྱོང་དང་ཁྲིམས་འཛིན་དོ་དམ“ཐར་ཐོར་ཅན”གྱི་གནད་དོན་ཐག་བཅད་དེ། རང་བྱུང་ཐོན་ཁུངས་དང་ཐོན་རྫས་དོ་དམ། རྒྱལ་ཁོངས་ས་ཁོངས་བར་སྟོང་བེད་སྤྱོད་དོ་དམ་ཐད“གཅིག་གྱུར་གྱིས་ལག་བསྟར་བྱེད་པ་གཉིས”མངོན་འགྱུར་བྱུང་། གླིང་ཁུལ་དུ་སྐྱེ་ཁམས་དོ་དམ་སྤྱི་ཕན་ལས་རྐང་བཙུགས་ནས་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་ལྷག་སྐྱེ་ཁམས་ལྟ་སྲུང་ལས་རྐང་དུ་ཞུགས་པ་དང་། “ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་རེར”བཀོད་སྒྲིག་བྱས་ནས། གཅིག་གྱུར་གྱིས་དོ་དམ་བྱེད་པ་དང་འགོ་ཁུངས་ནས་བཅོས་སྐྱོང་བྱེད་པ། མཉམ་བསྐྲུན་མཉམ་སྤྱོད་ཀྱི་ལམ་ཕྱོགས་འཚོལ་ཞིབ་བྱུང་བ་དང་ཆབས་ཅིག “རྒྱལ་སྤྱིའི་ཉམས་མྱོང་གི་དཔྱད་གཞི་མེ་ལོང་དུ་བཟུང་སྟེ། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ཞིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྱད་ཆོས་དང་མཐུན་པའི་ཉམས་མྱོང་དཔེ་སྟོན་རུང་བ་དང་ཁྱབ་གདལ་གཏོང་ཆོག་པ་བྱུང་ཡོད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྨད་རྒྱུད་དུ་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་དྲུག་ལྷག་གི་ཆུ་འདོན་བཞིན་ཡོད།
2016ལོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་བྱས་པ་ནས་བཟུང་། གད་སྙིགས་རིགས་དབྱེ་བྱ་བ་དེ་ཡུལ་དེའི་མང་ཚོགས་ཀྱི་ཉིན་རེར་བསྒྲུབ་དགོས་པའི་ལས་ཀར་གྱུར་ཡོད། ཁྱིམ་ཚང་རེ་རེའི་སྒོ་ཁར་གད་སྙིགས་སྒམ་འགའ་བཞག་སྟེ། རང་ཉིད་ཀྱི་མིག་འབྲས་བཞིན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་གཅེས་སྐྱོང་བྱེད་དགོས་ཞེས་པའི་ཁས་ལེན་དམ་བཅའ་ལག་བསྟར་བྱས།
གལ་ཏེ་དབྱར་རྩྭ་བརྐོ་རུ་འགྲོ་བའམ། ཡང་ན་ཕྱུགས་འཚོ་བའི་སྐབས་སུ་གད་སྙིགས་མཐོང་ཚེ་སྙིགས་སྣོད་དུ་བཅུག་ནས་སྡེ་བའི་གད་སྙིགས་བསྡུ་སར་བསྐྱེལ་རྒྱུ་དེ་ནི་སྡེ་མི་ཡོངས་ཀྱི་གོམས་སྲོལ་ཞིག་ཏུ་གྱུར་ཡོད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་འབྲོག་པ་མང་ཚོགས་སྐུལ་སློང་བྱེད་ཞོར་དུ་ཧུར་ཐག་གིས་ཚན་རིག་ལག་རྩལ་མཐོ་བའི་སྟོབས་ཤུགས་གསར་པ་འཚོལ་ཞིབ་བྱས། 2018ལོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས་ཚན་རྩལ་ཀུང་སིའི་བར་མཉམ་ལས་འབྲེལ་བ་བཙུགས་ནས་རང་བདག་དྲ་སྦྲེལ་བཀོལ་སྤྱོད་མ་ལག་ཆ་ཚང་བཙུགས་པ་དང་། ཆུ་སྤུས་ལྟ་ཞིབ་ཚད་ལེན་གྱི་རྒྱང་ཚོར་དཔྱད་ཆས་དང་། ལྟ་སྐུལ་ཚོད་འཛིན་བརྙན་ལམ། མི་མེད་གནམ་གྲུ་སོགས་ཀྱི་ལག་རྩལ་དེ་ཆུ་བོའི་འབབ་རྒྱུད་ལ་ལྟ་ཞིབ་ཚོད་འཛིན་བྱེད་པའི་“ཐབས་མཆོག”ཏུ་གྱུར་ནས་། གཞི་གྲངས་ཆེན་པོའི་རམ་འདེགས་ལ་བརྟེན་པའི“གཞི་གྲངས་ཀྱི་ཆུ་བོར་སྐོར་ཞིབ”བྱེད་སྟངས་ལེགས་འགྲུབ་བྱུང་།
ཚན་རིག་ལག་རྩལ་གྱི་རམ་འདེགས་ལ་བརྟེན་ནས་ད་གཟོད་ཀྲུང་ཧྭའི་ཆུ་མཛོད་ལ་སྟོབས་ཤུགས་རྒྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱིས་ལོ་རེར་ཆུ་བོ་གསུམ་གྱི་སྨད་རྒྱུད་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་དྲུག་ལྷག་འདོན་གྱི་ཡོད་པས། ཀྲུང་གོ་དང་ཨེ་ཤ་ཡ་ས་ཁུལ་གྱི་མི་ཐེར་འབུམ་གཅིག་གི་འཚོ་རྟེན་དུ་གྱུར་ཡོད།
ལོ་ལྔའི་རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྟོད་རྒྱུད་ཀྱི་ཆུ་བོ་དང་མཚོ་མོ་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་ཐོབ་ནས་ཡུལ་ཕྱོགས་སོ་སོར་ཕན་བདེ་མི་དམན་པ་སྦྱིན་ཡོད། ནང་སྒོས་སུ་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་སོ་སོར་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་དོན་བཞི་ལྷག་དང་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བརྒྱ་དང་བཅུ་བདུན་ལྷག་ཇེ་ཆེར་ཕྱིན་པ་དང་། བརླན་སའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་བརྒྱ་དང་བཞི་ཇེ་ཆེར་ཕྱིན་པ། མཚེའུ་ཡི་གྲངས་ཀ5849ལ་བསླེབས་ཡོད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཀྱི་བསྟི་གནས་ཡིན་ཏེ། གཙོད་དང་། གསའ། ཤྭ་བ་ཁ་སྐྱ། འབྲོང་། རྐྱང་། ཁྲུང་ཁྲུང་སོགས་ཡུལ་གཞན་ན་མེད་པའི་སྲོག་ཆགས་རྩ་ཆེན་རིགས་ཡུལ་འདི་རུ་འཚོ་ཞིང་གནས་བས། “ཀྲུང་གོའི་གསའ་ཡི་ཕ་ས” རུ་གྲགས་པའི་རྫ་སྟོད་རྫོང་དང་མཐོ་སྒང་གི་དག་ཞིང་དུ་འབོད་པའི་ཨ་ཆེན་གངས་རྒྱབ་སོགས་གང་ཡིན་རུང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྐྱོད་སྐབས། རི་སྐྱེས་སྲོག་ཆགས་རྣམས་ང་ཚོའི་ལམ་གྲོགས་ལྟ་བུར་གྱུར་ཡོད།
ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་གཙོད་ད་ལྟ་ལྐོག་གྱུར་ཞིག་མ་ཡིན་ཏེ། དུས་ཚོད་འགའི་ནང་མ་མཐའ་ཡང་ལམ་བར་དུ་གཙོད་སུམ་བཅུ་ནས་བཞི་བཅུ་མཐོང་ཐུབ་པ་རེད། དེ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་སོང་བས་ཡིན་ལ། དེ་ལ་བརྟེན་ནས་གཙོད་ཀྱི་གྲངས་ཀ་ཡང་དུས་རབས19བའི་ལོ་རབས80བའི་ནང་གི་ཁྲི་གཉིས་ནས་ད་ལྟའི་ཁྲི7ལྷག་ལ་བསླེབས་ཡོད།
ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ་ཁྱོན་སྡོམ125ཡོད་ཅིང་། དེ་ལས་མང་ཤོས་མདོ་དབུས་མཐོ་སྒང་ཁོ་ནར་མ་གཏོགས་མེད་པའི་སྲོག་ཆགས་རིགས་ཡིན་ལ་གྲངས་ཀ་ཡང་ཧ་ཅང་མང་། དཔེར་ན་ཨ་བྲ་དང་། རི་བོང་། བྱེའུ་འཇོལ་མོ་ལྟ་བུའི་སྲོག་ཆགས་ཆུང་རིགས་དང་། གཙོད་དང་། དགོ་བ། རྐྱང་སོགས་སྲོག་ཆགས་དང་། དེ་མིན་འུག་པ་དང་གཡི། སྤྱང་ཀི་སོགས་ཡོད་ལ་། དེ་དག་ནི་མཐོ་སྒང་འཛིན་མའི་ཁྱོན་འདིའི་བདག་པོར་གྱུར་ཡོད། འདི་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཡིན་ཏེ། ཀྲུང་གོའི་ས་རྒྱ་ཆེས་ཆེ་ཞིང་། མཚོ་འཕང་ཆེས་མཐོ་བའི་རང་བྱུང་གི་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་ཡིན་པ་རེད།
ད་ལྟ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་མིང་བྱང་ལ་བརྟེན་ནས། རྒྱལ་ཁབ་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་མ་ལག་གསར་པ་འཛུགས་པར་སྐུལ་འདེད་བཏང་སྟེ། “མཚོ་སྔོན་གྱི་ཉམས་མྱོང”བརྒྱུད་སྒྲོག་དང་། “མཚོ་སྔོན་གྱི་སྟོབས་ཤུགས”སྐྱེས་སུ་ཕུལ་ནས་རི་སྔོ་ཆུ་དྭངས་ཀྱི་ཁོར་ཡུག་དེ་མཚོ་སྔོན་གྱི་དགེ་མཚན་དང་གཟི་བརྗིད་དུ་བརྩིས་ནས་མི་དམངས་དང་བུ་རབས་རྗེས་མ་རྣམས་ལ་ཕན་བདེ་མི་དམན་པ་བསྐྲུན་ཡོད།
མཚོ་སྔོན་ནི་འཛམ་གླིང་གི་དག་གཙང་གི་གནས་མཆོག་ཆེན་པོ་བཞིའི་ཡ་གྱལ་དང་། གོ་ལ་ཧྲིལ་བོའི་སྐྱེ་ཁམས་མ་ལག་སྙོམས་སྒྲིག་དང་འཁྱགས་སའི་རང་བྱུང་སྐྱེས་དངོས་ཐོན་ཁུངས་ཀྱི་བང་མཛོད། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བཅས་ཡིན། དྲ་ལམ་འགྲེམ་ཁུལ་དུ་གསའ་དང་། བྱེ་ཐང་བྱི་ལ། འབྲོང་། དགོ་བ། གསའ། ཝ་མོ། རྐྱང་སོགས་ངོམ་ནས་འཛམ་གླིང་ཡོངས་ཀྱི་སྤྱན་སྔར་རི་སྐྱེས་སྲོག་ཆགས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས་པ་རེད།
ཤེས་གསལ་ལྟར་ན། འགྲེམ་ཁུལ་གྱིས“སའི་གོ་ལའི་ཚེ་སྲོག་འདུས་གྲུབ་མཉམ་བསྐྲུན་ལ་མཚོ་སྔོན་གྱི་སྟོབས་ཤུགས་འབུལ”ཞེས་པའི་བརྗོད་གཞི་དང་སྦྲེལ་ནས་མཛེས་པའི་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་སྐོར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མངག་བཅོལ་ཟབ་མོ་སྐོར། མ་འོངས་བར་རེ་ལྟོས་ཀྱིས་ཁེངས་པའི་མཚོ་སྔོན་སྐོར་བཅས་འགན་འཁྲི་ཁུར་ལེན་གྱི་ལེའུ་ཆེན་པོ་གསུམ་ཕྱེས་ཏེ། 3Dལག་རྩལ་དང་། སྒྲ་དང་བརྙན་རིས་སོགས་ཀྱི་ལམ་ནས་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ངོས་ཟུར་མ་ལུས་ངོམ་པ་རེད།
མཛེས་པའི་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལེའུ་ནང་འཁྱགས་སའི་སྣ་མང་རྙོག་འཛིང་གི་སྐྱེ་དངོས་མ་ལག་དང་། ཐུན་མོང་མ་ཡིན་པའི་རི་སྐྱེས་སྲོག་ཆགས་ཀྱི་སྣ་མང་རང་བཞིན། རི་སྐྱེས་རྩི་ཤིང་དང་སྲོག་ཆགས་ཀྱི་སྣ་མང་རང་བཞིན། དེ་མིན་མཚོ་སྔོན་པོ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ། མདོ་ལ་རི་བོ། ཨ་ཆེན་གངས་རྒྱབ་སོགས་ལེགས་སྐྱེས་འཇོག་པའི་དམ་བཅའ་དམིགས་སུ་བཟུང་སྟེ། མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་གྲུབ་འབྲས་མངོན་གསལ་དང་ཉམས་མྱོང་རྩ་ཆེན་ངོམ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་གནང་བའི་ལེའུ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གནང་བའི་དགོངས་དོན་དཀྱིལ་སྙིང་དུ་བཟུང་སྟེ། རྒྱལ་ཡོངས་སུ་སྔོན་ལ《སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》དང་《ལག་བསྟར་བསམ་འཆར》སོགས་བཟོས་ནས་ལག་བསྟར་བྱས་པ་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་དང་། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་ལས་དོན་ལེགས་སྒྲུབ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད། ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་ལྷད་མེད་རིན་ཐང་ལྟ་བར་བཟུང་བའི་སློབ་གསོའི་བར་དུ་མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དང་། རི་ཆུ་ཁྲི་ཕྲག་དང་དེར་གནས་པའི་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་འཁུར་ཡོད། མ་འོངས་བར་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དང་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་གི་དཔེ་སྟོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དམིགས་སུ་བཟུང་སྟེ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ། དེང་རབས་ཅན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ནུས་པ་སྐྱེད་སྲིང་སོགས་མཚོ་སྔོན་གྱིས་མ་འོངས་བའི་འགན་འཁྲི་ཁུར་དུ་བླངས་ཡོད་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆུ་ཚད་རྒྱལ་ཡོངས་ཀྱི་སྔུན་ལ་བུད་དེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གྱི་གྲུབ་འབྲས་ངོམ་པའི་སྟེགས་བུ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་མཚོན། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་གདོང་མཆོང་ལག་ལེན། སྐྱེ་ཁམས་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཀྱི་ས་ཁུལ་གལ་ཆེན། རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་འཛུགས་སྐྲུན་གྱི་དུས་རབས་ཀྱི་མ་དཔེར་གྱུར་ཡོད།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།