2021ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སའི་གོ་ལའི་མཐའ་སྣེ་གསུམ་པའི་སྐྱེ་ཁམས་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། མཚོ་སྔོན་གྱི་མི་དམངས་ས་ཡ་དྲུག་ལྷག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། དཔའ་ངར་ཆེན་པོས་མདུན་སྐྱོད་དང་ཕུགས་འདུན་དོན་གཉེར་གྱིས་མདུན་སྐྱོད་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ལམ་ཚད་རྡོ་རིང་ལྟ་བུའི་བྱས་རྗེས་བསྐྲུན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དེ་རྒྱལ་ཡོངས་ཀྱི་སྐོར་དང་པོའི་མཚོ་སྔོན་གྱི་ཨང་དང་པོ་ཡིན་ལ། མིག་སྔར་རྒྱལ་ནང་གི་རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་ཞིག་ཀྱང་རེད། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ནང་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྔོན་ལ་སྐྲུན་པ་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་བརྟན་བརླིང་ངང་སྐུལ་འདེད་བཏང་ཞིང་། ཟླ་དྲུག་པའི་ཚེས་ལྔ་ཉིན་གྱི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཟི་ལིང་དུ་སྤེལ་ནས་རྒྱལ་ཡོངས་ཀྱི་ངོས་ཐད་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི《མཚོ་སྔོན་གྱི་ཐུན་མོང་ངོས་ཟིན》དང་།《མཚོ་སྔོན་གྱི་གྲོས་འགོ》《མཚོ་སྔོན་གྱི་བསྒྲགས་གཏམ》སོགས་གྲུབ་འབྲས་གལ་ཆེན་ཐོབ་ཡོད།
སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་གྱུར།
སྐྱེ་ཁམས་ནི་ཐོན་ཁུངས་དང་རྒྱུ་ནོར་རྩ་ཆེན་ཞིག་ཡིན། མཚོ་སྔོན་གྱི་དཔལ་འབྱོར་དངོས་ཚན་མང་པོ་མེད་ཀྱང་སྐྱེ་ཁམས་ཀྱི་གནས་བབ་གལ་ཆེ་ཞིང་འཐབ་ཇུས་ཀྱི་གོ་གནས་དམིགས་བསལ་ཡིན་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འགན་འཁྲི་ལྕི་མོ་འཁུར་ཡོད། ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱིས་མཚོ་སྔོན་གྱི་ས་གཞི་ཆེ་མོའི་ཐོག་གི་རྩ་ཆེ་ལ་དམིགས་བསལ་གྱི་རང་བྱུང་ལེགས་ཆ་སྐྱེད་སྲིང་བྱས་ཡོད་ལ། སྐྱེ་ཁམས་ཐོན་ཁུངས་དེ་དག་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་ནུས་ཤུགས་ཆེན་པོ་བསྩལ་ཡོད། དེར་བརྟེན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བཅས་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་ངོས་ཟིན་ཞིག་ཏུ་གྱུར་ཡོད། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་ཀྱི་ལྟ་སྲུང་བ་ཡག་པོ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས།
2021ལོའི་ཟླ1པོ་ནས་ཟླ11པའི་བར་མཚོ་སྔོན་ཞིང་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་ཆུ་བོར་རྒྱལ་ཁབ་ཀྱིས་དཔྱད་ཞིབ་བྱས་པའི་ཆུ་སྤུས་ལེགས་པའི་བསྡུར་ཚད100%ཟིན་པའི་ཞིང་ཆེན་ཁོ་ནར་གྱུར་པ་དང་། ཞིང་ཆེན་ཡོངས་ཀྱི་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ2017ལོའི92.4%ནས95%བར་ཇེ་མཐོར་ཕྱིན་པ། གཙང་པོ་དང་ཆུ་བོ་ཆེ་གྲས་གསུམ་ཞིང་ཆེན་གྱི་ས་ཁོངས་ནས་བཞུར་བའི་ཆུའི་སྤུས་ཚད་རིགས་གཉིས་པ་ཡན་རྒྱུན་འཁྱོངས་བྱས་ནས། ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་དེ89.5%ནས100%བར་ཇེ་མཐོར་སོང་བ་དང་། ཙོང་ཆུ་ཞིང་ཆེན་གྱི་ས་མཚམས་ནས་བཞུར་བའི་ཆུའི་སྤུས་ཚད་ཀྱང་ཇེ་མཐོར་སོང་ཡོད།
2021ལོར་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་སྐོར་ལྔ་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཧི་ནན་རྫོང་ལ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་སྐྲུན་རྟེན་གཞིའི་མཚན་མིང་གནང་བར་མ་ཟད་གཟེངས་བསྟོད་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་གསར་འཛུགས་ལ་ཐོད་བརྒལ་གསར་པ་མངོན་འགྱུར་བྱུང་ཡོད།
མཚོ་སྔོན་གྱིས་ཆོད་སེམས་བརྟན་པོ་དང་ནུས་ཤུགས་ཆེན་པོར་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་བདེ་བླག་ངང་ཡོངས་འགྲུབ་བྱས་བ་དང་། ཆུ་བོ་དང་། བརླན་ས། ནགས་ཚལ། རྩྭ་ཐང་བཅས་ཀྱི་སྔོ་ལྗང་བར་སྟོང་གི་ཟིན་ཚད་བཅུ་ཆའི་བདུན་ལས་བརྒལ་ཞིང་། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་བསླེབས་པ། མཚོ་སྔོན་པོའི་ཉ་རིགས་ཀྱི་ཐོན་ཁུངས་གསོག་ཚད་སྔོན་ཆད་ལས་འཕར་སྣོན་བྱུང་བ། རི་དྭགས་དགོ་བ་དང་གཙོད་སོགས་ཀྱི་གྲངས་ཀ་མངོན་གསལ་སྒོས་སླར་གསོ་བྱུང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་ལྗོངས་མངོན་ཡོད།
ད་ལྟ་མཚོ་སྔོན་དུ་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་ཏན་ཏིག་བྱས་པ་ལས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཏེ། རབ་མཛེས་མཚོ་སྔོན་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ། སྐྱེ་ཁམས་སྲུང་ཡོལ་སོགས་ཀྱི་མཚན་སྙན་རྒྱས་པའི་མཚོ་སྔོན་གསར་བ་ཞིག་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།
སྐྱེ་ཁམས་ཀྱི་རིན་ཐང་མངོན་པ་དང་། སྐྱེ་ཁམས་ཀྱི་འགན་འཁྲི་སྒྲུབ་པ། སྐྱེ་ཁམས་ཀྱི་སྦས་ཤུགས་སྔོག་འདོན་བཅས་བྱེད་དགོས། མཚོ་སྔོན་གྱིས་དམིགས་འབེན་གནས་འཁེལ་འཚོལ་ཞིབ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐུན་སྦྱོར་མཉམ་གནས་ཁྲོད་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས།
ཐོག་མའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་ཚུལ་བསྒྱུར་བ་ནས། ད་ལྟའི་ཁྱད་ལྡན་ཐོན་ལས་མ་ལག་དང་། རྒྱལ་ཁབ་སྤྱི་གླིང་། ནུས་རྒྱུ་གཙང་མ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས“དཔེ་སྟོན་ལྔའི་ཞིང་ཆེན”ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། སྐྱེ་ཁམས་དང་། འཁོར་རྒྱུག གཞི་གྲངས། སྟེགས་བུ་བཅས་དཔལ་འབྱོར་གྱི་རྣམ་པ་རིགས་བཞི་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བ། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ངེས་ཚད་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕར་ཚད་འཚོལ་ཞིབ་བྱས་ནས། ས་ཁུལ་བཞི་འཛུགས་སྐྲུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།
ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱིས་མཚོ་སྔོན་ལ་ཕུན་སུམ་ཚོགས་པའི་མཛེས་ལྗོངས་དང་ཉི་འོད་ནུས་པ་སོགས་ཀྱི་ཐོན་ཁུངས་བསྐྲུན་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་གྲུབ་ཆ་ལེགས་སྒྲིག་དང་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། འོད་ཤུགས་དང་། རླུང་གློག་སོགས་ཀྱི་ཐོན་ལས་ཉིན་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད།
2021ལོར། 《མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་བྱ་སྤྱོད་ཇུས་གཞི(2021ལོ་ནས་2030ལོ་བར)》བཏོན་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་དེ་མིན་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་། བྱ་སྤྱོད་དྲུག་གི་ཐོག་ནས་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་སྐྲུན་པར་ཤུགས་སྣོན་བྱེད་རྒྱུ་དང་། 《མཚོ་སྔོན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་རྒྱུའི་བྱ་སྤྱོད་ཇུས་གཞི(2021ལོ་ནས་2035ལོ་བར)》བཏོན་ནས། མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་བ། 《མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་བྱ་སྤྱོད་ཇུས་གཞི》བཏོན་པར་མ་ཟད་གཙོ་གནད་བྱ་སྤྱོད་ཆེ་གྲས་དྲུག་གི་ཞིབ་ཕྲའི་བྱེད་ཐབས་ཁག་ཉེར་བརྒྱད་ལ་དམིགས་ཏེ། པུའུ་དང་ཞིང་ཆེན་གྱིས་མཉམ་ལས་བྱས་ནས་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་རྒྱུ་གསལ་བོ་བྱས་པ་རེད།
སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་དང་ཀུན་ཕན་གྱི་དམངས་ཚིས་བདེ་སྐྱིད་དུ་གྱུར་ནས་མི་རྣམས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་སྐྱིད་སྣང་དང་ཐོབ་སྣང་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་རྫ་ཆུའི་འགོ་ཁུངས་གླིང་ཁུལ་རྣམ་སྲས་གྲོག་རོང་ཆེན་མོར། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་སྤེལ་སྐབས་འཚོལ་ཞིབ་བྱས་པའི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཁྲོད། ས་དེའི་འབྲོག་པ་མང་ཚོགས་མང་པོ་ཞིག་གིས་སྐྱེ་ཁམས་ལྟ་སྲུང་པ་དང་སྐྱེ་ཁམས་དྲིལ་བསྒྲགས་པ། རི་སྐྱེས་སྲོག་ཆགས་ཀྱི་འགྲེལ་བཤད་པ་བཅས་ཀྱི་ལས་འགན་གཅིག་ལྕོགས་སུ་འཁུར་ཡོད། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ལས་འབྲོག་པ་མང་ཚོགས་ལ་ཕན་འབྲས་མི་དམན་པ་ཐོབ་པ་རེད།
དེར་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ། ཁྱིམ་ཚང་རེ་དང་ལས་གནས་རེའི་སྤྱི་ཕན་ལས་གནས་ཀྱིས་འབྲོག་པ་མང་ཚོགས་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་སྐྱེ་ཁམས་ལྟ་སྲུང་པར་གྱུར་པ་དེས། ཁྱིམ་ཚང་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གི་ཡོང་འབབ་འཕར་སྣོན་ལ་ཐད་ཀར་སྐུལ་ཁྲིད་བྱས་པ་དང་། ས་གནས་དེ་གར་གྱོན་ཆས་ལས་སྣོན་དང་བཟའ་བཏུང་ཞབས་ཞུའི་ལས་རིགས་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་འཚོ་བ་རོལ་བཞིན་པའི་འབྲོག་པ་མང་ཚོགས་ལ་ཕན་ཁེ་བཟང་བོ་ཐོབ་པ་དང་། རྩྭ་ཐང་བེད་སྤྱོད་མཁན་ནས་སྲུང་སྐྱོབ་མཁན་གྱི་བར་ཁོ་ཚོའི་འཚོ་བའི་སྤུས་ཚད་མངོན་གསལ་སྒོས་ཇེ་མཐོར་ཕྱིན་ཡོད་པ་རེད།
རྒྱུན་ཆད་མེད་པར་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་བྱེད་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་མིའི་སེམས་སུ་ཟུག་པ་དང་། སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་བཅས་ལ་ཕན་འབྲས་ཐོབ་པའི་མཛེས་སྡུག་གི་རྣམ་པ་དེ་མཚོ་སྔོན་གྱི་ས་གཞི་ཆེ་མོའི་ཐོག་རིམ་བཞིན་མངོན་ཡོད།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།