ཉེ་བའི་ལོ་འགའི་རིང་ལ། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ནན་ཏན་གྱིས་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ནན་མོ་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་དམ་པོར་བཅངས་ཏེ། མཐོ་སྒང་གི་མཛེས་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་བསྐྲུན་པར་རམ་འདེགས་བྱེད་བཞིན། ཞུན་ཧྭའི་ཁྱད་ཆོས་འཛོམས་པ་དང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཕན་ཚུན་ཟུང་འབྲེལ་བྱེད་པའི་སྡོད་གནས་འཚམ་པོ་དང་ལས་རིགས་འཚམ་པོ། ཡུལ་སྐོར་འཚམ་པོ་བཅས་ཀྱི་མཛེས་སྡུག་གི་གྲོང་གསེབ་སྐྱིད་པོ་ཞིག་ཧུར་བརྩོན་གྱིས་བསྐྲུན་པ་དང་། ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་གྲོང་གསེབ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྩལ་ཞིང་། མང་ཚོགས་རྣམས་སྐྱེ་ཁམས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པ་རེད།
ཞུན་ཧྭ་ནས་ཐུན་རིན་དུ་སྐྱོད་པའི་གཞུང་ལམ་བརྒྱུད་ནས་ལྷོ་ཕྱོགས་སུ་རིམ་གྱིས་བསྐྱོད་པ་ན་རོང་འཇོག་ལུང་པ་ཡོད་པ་དང་། དེའི་གཡས་ཕྱོགས་སུ་དཀྱོགས་ནས་མུ་མཐུད་དུ་སོང་ན། གཞུང་ལམ་ཀྱ་མ་ཀྱུ་ཞིག་ལུང་བའི་ཕུག་ནས་གྱེན་དུ་བསྲིངས་པ་དེར་བརྒྱུད་དགོས། རི་ངོས་སུ་གསོམ་སྡོང་མང་པོ་སྐྱེས་པའི་ནགས་ཚལ་སྟུག་པོ་ཞིག་མིག་ལམ་དུ་མཐོང་ཡོང་ལ། དེ་ནས་ཉག་ག་ཞིག་བརྒྱུད་མཐར། རི་ངོས་ཡོངས་སུ་ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་བའི་གསོམ་ཤིང་སྔོན་མོའི་ནགས་ཚལ་ཆེན་པོ་ཞིག་ཡང་བསྐྱར་མིག་ལམ་དུ་མངོན། ཡུལ་སྐོར་པ་ཞིག་ལ་མཚོན་ན་རྨ་ཆུ་འགྲམ་ངོགས་ཀྱི་ལྕང་མ་མང་པོས་བཞག་པའི་བག་ཆགས་སེམས་ནས་ཡལ་ཡག་མ་བྱས་པའི་སྐབས་སུ། ཐང་ཤིང་སྔོན་མོའི་ནགས་ཀློང་གི་རླབས་སྒྲ་དང་དྭངས་བསིལ་ལ་མྱོང་རོལ་བྱེད་དུ་འཇུག་སྲིད། ཀ་རིང་བོད་རིགས་ཡུལ་ཚོའི་ས་དབྱིབས་ནི་རི་བོ་གཅིག་ཐོག་གཅིག་ལ་བརྩེགས་ཤིང་ལུང་པའི་གཏིང་ཟབ་ལ། རི་མཐོན་པོས་འཕྲེད་དུ་བཅད་ནས་བཀག་སྡོམ་གྱི་ཚུལ་དུ་གནས་པའི་གྲོང་གསེབ་ཁོར་ཡུག་ཅིག་རེད། འགྲིམ་འགྲུལ་སྟབས་བདེ་མིན་པ་དང་ཆ་འཕྲིན་གནས་ཚུལ་གོ་རྒྱུ་མེད་པའི་ཕྱིར། ལོ་ངོ་མང་པོའི་རིང་ལ་མང་ཚོགས་ཀྱིས་རི་ཆེན་བསྲུང་བཞིན་གནམ་ལ་བརྟེན་ནས་འཚོ་བ་རོལ་དགོས་པ་བྱུང་བས། སྔོན་ཆད་ཡུལ་ཚོ་འདི་ཞུན་ཧྭ་རྫོང་གི་དབུལ་ཕོངས་དབུལ་ནག་ཡུལ་ཚོའི་གྲས་ཤིག་རེད།
“ལོ་རེའི་དབྱར་ཁར། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་པ་རྣམས་ཀྱིས་ཡུལ་དེའི་སྙན་གྲགས་ཐོས་ཏེ་ཡོང་ལ། རི་ལམ་ཀྱ་མ་ཀྱུ་ཞིག་གི་སྟེང་དུ་རླངས་འཁོར་རྒྱུན་མི་ཆད་པ་དང་། ནགས་གསེང་གི་སྤང་ཐང་ཡངས་པོར་སྦྲ་གུར་སྐར་ཚོགས་བཀྲ་བ་ལྟར་ཕུབ་པ་དང་། ཡུལ་སྐོར་པ་རྣམས་ཀྱིས་མཛེས་སྡུག་ཀ་རིང་གི་རི་ཆུ་བར་དུ་དགའ་སྤྲོས་དལ་གྱིས་འཆམ་འཆམ་བྱེད་ཀྱིན་ཡོད། སྐྱེ་ཁམས་ཡུལ་སྐོར་གྱིས་ཀ་རིང་ལ་འཕེལ་རྒྱས་ཆེན་པོ་བྱུང་དུ་བཅུག་པ་དང་མཉམ་དུ། ཡུལ་དེའི་མང་ཚོགས་རང་ཁྱིམ་གྱི་ཉེ་འགྲམ་ནས་ལས་ཀར་ཚུད་དུ་འཇུག་བཞིན་ཡོད། སྔོན་ཆད་ཕྱི་རུ་ཞོར་ལས་གཉེར་དུ་འགྲོ་དགོས་པ་དང་དབྱར་རྩྭ་དགུན་འབུ་བརྐོ་རུ་འགྲོ་དགོས་པའི་སྡེ་མི་རྣམས་ཀྱིས་ད་ལྟ་རང་ཚང་གི་སྒོ་ཁ་ནས་ཡུལ་སྐོར་ཡོང་སྒོ་འཚོལ་ཐུབ་པ་བྱུང་བས། མི་སེམས་བདེ་རུ་བཅུག་ཡོད།”ཅེས་ཀ་རིང་ཡུལ་ཚོ་ཡར་ཀ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དབང་ཕྱུག་གིས་གསར་འགོད་པར་དེ་ལྟར་མཚམས་སྦྱོར་བྱས།
ཉེ་བའི་ལོ་འགའི་རིང་ལ། ཀ་རིང་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་ཏུ་ལག་ལེན་མཐའ་འཁྱོལ་བྱས་པ་དང་། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བཅངས་ཤིང་། ཡར་ཀ་སྡེ་བ་དང་མར་ཀ་སྡེ་བའི“རི་མཛེས། ཆུ་དྭངས། མཁའ་དབུགས་གཙང་མ”ཡི་ལེགས་ཆར་བརྟེན་ནས། གྲོང་གསེབ་ཡུལ་སྐོར་གྱི་ཐོན་ལས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་སུ་བཏང་། “རི་གསུམ་ཁུག་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ”ཧུར་བརྩོན་གྱིས་བསྐྲུན་པས་ཡར་ཀ་དང་མར་ཀ་སྡེ་བ་གཉིས་ཞིང་ཆེན་རིམ་པའི་གཙོ་གནད་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་སྡེ་བར་འགྱུར་དུ་བཅུག སྔ་གཞུག་ཏུ་མ་དངུལ་སྒོར་ས་ཡ་བདུན་ལྷག་བཏང་སྟེ་ཡུལ་སྐོར་སྣེ་ལེན་ལྟེ་གནས་དང་ཤིང་ལམ། ལྟད་མོའི་སྟེགས་བུ། བོད་ལུགས་སྦྲ་གུར། ཚད་གཞི་མཐོན་པོའི་རླངས་འཁོར་འཇོག་ས་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་མང་པོ་ཞིག་ལས་ཤིང་འཐུས་ཚང་དུ་བཏང་། དེར་མ་ཟད་ཡུལ་སྐོར་འགྲུལ་འཁོར་ཆེན་མོ་གཉིས་བཀོལ་ནས་ཡུལ་སྐོར་པ་ཡར་སྐྱེལ་མར་ལེན་བྱས་པས་ཡུལ་སྐོར་ལྗོངས་ཁུལ་གྱི་བྱེད་ནུས་སྔར་བས་འཐུས་ཚང་དུ་བཏང་ཞིང་། གྲོང་གསེབ་ཡུལ་སྐོར་གྱི་ཞབས་ཞུ་རྒྱུ་སྤུས་སྔར་ལས་ཇེ་མཐོར་ཕྱིན། གཙང་སྦྲ་པ་དང་བདེ་སྲུང་པ་སོགས་ཀྱི་ལས་ཞུགས་ལས་རྐང་བཀོད་སྒྲིག་བྱས་པས་དབུལ་ཐར་ཁྱིམ་ཚང་རྣམས་ཉེ་འགྲམ་ནས་ལས་ཀར་ཚུད་པར་ནུས་ཡོད་སྒོས་སྣེ་ཁྲིད་བྱས། ལྗོངས་ཁུལ་གྱིས་ལོ་རེར་ཡུལ་དེར་དཔལ་འབྱོར་ཕན་འབྲས་སྒོར་འབུམ་གཉིས་ཙམ་བསྐྲུན་པ་དང་། ལོ་རེར་མི་རེར་ཡོང་སྒོ་སྒོར8000རེ་འཕར་དུ་བཅུག ཡུལ་དེའི་མང་ཚོགས་ཀྱིས“གནམ་ལ་བརྟེན་ནས་འཚོ་བ་རོལ་བ”དེ“གནམ་ལ་བརྟེན་ནས་ཕྱུག་པོར་བསྒྱུར”བའི་མཛེས་སྡུག་གི་འགྱུར་ལྡོག་མངོན་འགྱུར་བྱས།
ཀ་རིང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་དོན་འགྲུབ་ཀྱིས“རྗེས་ཕྱོགས་ཀ་རིང་ ཡུལ་ཚོས་ཡར་ཀ་དང་མར་ཀའི་གྲོང་གསེབ་ཡུལ་སྐོར་གྱི་དཔེ་སྟོན་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་གྱི་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་རྒྱུ་དང་། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་ནས། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཞིང་པའི་སྤྲོ་སྐྱིད་ཁང་དང་སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ཡུལ་སྐོར་ལས་གཞི་འཕེལ་རྒྱས་གཏོང་རྒྱུ་དང་། ཏང་འཛུགས་སྐྲུན་ལ་སྣེ་འདྲེན་བྱེད་པའི་འོག་ཏུ‘སྡེ་བ་རེར་ཐོན་རྫས་རེ་དང་སྡེ་བ་རེར་ཡུལ་ལྗོངས་རེ’ཡི་ཞིང་སྡེ་ཡུལ་སྐོར་གྱི་ཆགས་སྟངས་གསར་པ་ཧུར་བརྩོན་གྱིས་གྲུབ་པར་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་དེ་གྲོང་གསེབ་དར་སྤེལ་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་སྣེ་འདྲེན་གསར་པར་འགྱུར་དུ་འཇུག་རྒྱུ་ཡིན”ཟེར།
ད་ལྟའི་ཟ་ལར་གྱི་རྫོང་འདིས“མཐོ་སྒང་མཛེས་ཤིང་ཞུན་ཧྭ་སྐྱིད། རྨ་ཆུ་དྭངས་ཤིང་མཁར་གྲོང་མཛེས”ཞེས་པའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ནས་འཕེལ་རྒྱས་གཏོང་བ་དམིགས་འབེན་དུ་བཟུང་སྟེ། རྒྱུན་ཆད་མེད་པར་འཆམ་མཐུན་ཞུན་ཧྭའི་དམིགས་འབེན་ལ་ཕྱོགས་ནས་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།