རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ལམ་ལུགས་ཀྱི་གསར་སྐྲུན་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་དང་། རི་ཆུ་ནགས་ཞིང་དང་མཚེའུ་བྱེ་ཐང་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཁྱབ་ཁོངས་ཡོངས་ཀྱི་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས་གསར་པ་བསྐྲུན་པར་ནུས་ཤུགས་བཏོན་པ་དང་། རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་མགྱོགས་མྱུར་ངང་བཙུགས་པས། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་འཛུགས་སྐྲུན་ཐད་ནས་མཚོ་སྔོན་རྒྱལ་ཡོངས་ཀྱི་སྔོན་གྲོས་སུ་ཚུད།
ད་ལྟའི་བར་དུ། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་བྱེད་གནས་རིམ་པ་མི་འདྲ་བ་དང་རིགས་མི་འདྲ་བ109ལེགས་སྒྲིག་བྱས་ནས79རུ་བསྒྱུར་བ་དང་། སྲུང་སྐྱོབ་བྱ་ཡུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་གསུམ་སྟོང་བཞི་ལྷག་ཇེ་ཆེར་ཕྱིན་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ས་ཁོངས་ཀྱི་རྒྱ་ཁྱོན་སྡུར་ཚད38.42%ལ་བསླེབས། དེ་ལས་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་གྱིས་སྲུང་སྐྱོབ་བྱ་ཡུལ་སྤྱིའི་རྒྱ་ཁྱོན་གྱི52.2%ཟིན་པས། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་གཞི་རྩའི་ཐོག་གྲུབ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་འཆར་འགོད་ལེགས་པོ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་དོན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་སྙན་ཞུ་གཉིས་དང་ཇུས་གཞི་གཅིག་སོགས་ཀྱི་སྔོན་འགྲོའི་སྙན་ཞུའི་རྒྱུ་ཆ་དག་རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་ལ་སྙན་ཞུ་བྱས་པ་དང་། ཁུ་ནུ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་རྟོག་ཞིབ་བྱ་བ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས། ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་འཛམ་གླིང་གི་ས་གཤིས་སྤྱི་གླིང་གི་འོས་འདེམ་མིང་ཐོར་ཚུད་པ་དང་། ཐུན་ཏེ་རྫོང་གི་གཙང་གི་བྲག་དམར་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་དངོས་སུ་ཆོག་མཆན་ཐོབ།
བྱ་བ་འདི་དག་བསྒྲུབས་པའི་གོ་རིམ་ཁྲོད། མཚོ་སྔོན་ཞིང་ཆེན་གྱིས་ལམ་ལུགས་ཀྱི་ཚད་གཞི་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱལ་ཡོངས་ནས་ཐོག་མར《མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》དང《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་འཕེལ་རྒྱས་འཆར་འགོད། 》 བཟོ་སྒྲིག་བྱས་པ་དང་། རང་བྱུང་སྲུང་སྐྱོབ་བྱ་ཡུལ་དོ་དམ་ལམ་ལུགས་བཟོ་བའི་ཇུས་གཞི་སོགས་ལམ་ལུགས་དང་བྱེད་ཐབས18དང་། རང་བྱུང་སྲུང་སྐྱོབ་བྱ་ཡུལ་འཛུགས་སྐྲུན་ཚད་ལྡན་སོགས་ལག་རྩལ་གྱི་ཚད་གཞི་ཁག4བཅས་བཏོན་ནས་གཅིག་གྱུར་ཚད་ལྡན་གྱི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་ལམ་ལུགས་ལ་ཚད་གཞི་དང་ལྡན་པའི་མ་ལག་གྲུབ་ཡོད། རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་ཁྲིམས་འཛུགས་ལ་འཚོལ་ཞིབ་ལེགས་པོ་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་སྲོལ་ཡིག 》འཆར་ཟིན་བཀོད་ནས་རང་བྱུང་སྲུང་སྐྱོབ་བྱ་ཡུལ་འཛུགས་སྐྲུན་ལ་ལམ་ལུགས་ཀྱིས་འདེགས་སྐྱོར་བྱས། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་མཐུན་སྦྱོར་ངང་གོང་དུ་སྤེལ་ཏེ། ཞིང་ཆེན་ཡོངས་སུ་རྩྭ་ཐང་དང་། ནགས་ཚལ། བརླན་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་རྐང་འབུམ་གཅིག་ཁྲི་བཞི་སྟོང་ལྔ་ཆིག་བརྒྱ་བཀོད་སྒྲིག་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ“ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག”ཡོད་པ་མངོན་འགྱུར་བྱས་པ་དང་། འབྲོག་པ་མང་ཚོགས་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་ཡི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་བསླེབས་ཡོད། རང་བྱུང་སྲུང་སྐྱོབ་བྱ་ཡུལ་གྱི་རང་བྱུང་སློབ་གསོ་སྤུས་བཟང་འཁྲིད་སྟོན་བསམ་འཆར་དང་བྱ་བའི་རྩ་གནད་བཏོན་ནས་ཁྱབ་ བསྒྲགས་བྱས་པ་དང་། སྐྱེ་ཁམས་སློབ་གྲྭ13བཙུགས་ནས་ཁྱད་ཆོས་མངོན་གསལ་དོད་པོའི་རང་བྱུང་སློབ་གསོའི་སློབ་ཚན་དགུ་དང་རང་བྱུང་སློབ་གསོའི་བསླབ་དེབ5བསྒྲིགས་པར་མ་ཟད། རང་བྱུང་སློབ་གསོའི་ཚན་རིག་ཁྱབ་གདལ་ལག་ལེན་བྱེད་སྒོ་སྤེལ། རྒྱལ་ནང་གི་ཚན་ཞིབ་དཔུང་སྡེར་མངག་བཅོལ་བྱས་ཏེ་ཚན་རིག་རྟོག་ཞིབ་ཀྱི་རྣམ་གྲངས་ཉེར་བདུན་བསྒྲུབས་པ་དང་། ཞིབ་འཇུག་བྱ་གཞི་ཆེན་པོ་བཅོ་བརྒྱད་ལ་ཞིབ་འཇུག་བྱས། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ཞིབ་འཇུག་ས་ཚིགས་བཞི་དང་། རྒྱལ་ཁབ་རིམ་པའི་ཡུན་རིང་ཚན་ཞིབ་རྟེན་གཞི་གཉིས། རྒྱལ་ཁབ་གསར་གཏོད་མནའ་འབྲེལ་གཉིས་བཅས་བཙུགས་ནས་རང་བྱུང་སྲུང་སྐྱོབ་བྱ་ཡུལ་ལ་ཚན་རིག་ལག་རྩལ་གྱི་རམ་འདེགས་དང་ལག་རྩལ་གྱི་ཞབས་ཞུ་འདོན་སྤྲོད་བྱས།
ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད། ད་ལྟའི་བར་དུ། ནགས་ཚལ་གྱི་ཁེབས་རྒྱ7.5%ཟིན་པ་དང་། ནགས་ཚལ་གྱི་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ་བྱེ་བ་བཞི་ས་ཡ་དགུ་འབུམ་དགུ་ཁྲི་གསུམ་ལ་བསླེབས་ཡོད། རྩྭ་ཐང་གི་ཕྱོགས་བསྡུས་རྩི་ཤིང་གི་ཁེབས་རྒྱ57.8%ཟིན་པ་དང་། བརླན་ས་སྲུང་སྐྱོབ་བྱས་ཚད64.3%ལ་བསླེབས་པ། ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུ་ས་ཁོངས་ཀྱི་ཕྱིར་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་དགུ་ལས་བརྒལ་བ་དང་། སྐྱེ་ཁམས་མ་ལག་གི་རྒྱུ་སྤུས་དང་གཏན་འཇགས་རང་བཞིན་ཇེ་ལེགས་སུ་ཕྱིན་པ། ཀྲུང་ཧྭའི་ཆུ་མཛོད་སྔར་ལས་སྲ་ཞིང་བརྟན་ལ་དར་ཞིང་རྒྱས་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།