མཚོ་སྔོན་ནི་མདོ་དབུས་མཐོ་སྒང་གི་ལྟེ་བའི་ས་ཁོངས་གལ་ཆེན་ཞིག་ཡིན་པའི་ཆ་ནས། རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། གོ་ལའི་ཕྱེད་བྱང་མའི་གནམ་གཤིས་ཚོར་རྐྱེན་ཁུལ་དང་། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་སྙོམས་སྒྲིག་ཁུལ། མཐོ་སྒང་གི་སྐྱེ་དངོས་རང་བྱུང་དངོས་རིགས་ཐོན་ཁུངས་མཛོད་བཅས་ཡིན་པས། སྐྱེ་ཁམས་ཀྱི་གོ་གནས་གལ་ཆེ་ཞིང་ཐུན་མོང་མ་ཡིན་པ་དང་། སྐྱེ་ཁམས་ཀྱི་འགན་འཁྲི་ལྕི་ལ་དཀའ་ཚེགས་ཆེ་བས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་རྨང་གཞི་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་བའི་འགན་འཁྲི་ལྕི་མོ་འཁུར་ཡོད།
2016ལོར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ སྒྲུབ་ཐིན་གྱིས《 རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དངོས་སུ་པར་འགྲེམས་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་དེ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ཨང་དང་པོར་བརྩིས་ནས་མཚོ་སྔོན་དུ་སྤེལ་འགོ་བརྩམས་པ་ལས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཐད་གནད་འགག་གི་གོམ་སྟབས་ཤིག་སྤོས་པ་མཚོན་ཡོད།
2021ལོའི་ཟླ10ཚེས12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐོག་གསུང་བཤད་གནང་སྐབས། ཀྲུང་གོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། དོམ་ཁྲ། བྱང་ཤར་སྟག་གཟིག ཧེ་ནན་ཞིང་ཆེན་གྱི་ཚ་ཁུལ་ནགས་ཚལ། ཝུའུ་དབྱི་རི་བོ་སོགས་རྒྱལ་ཁབ་སྤྱི་གླིང་ཁག་དང་པོ་དངོས་སུ་བཙུགས་ཡོད་ ཅེས་བསྟན།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ཀྲུང་གོའི་ཁག་དང་པོའི་གྲས་སུ་ཚུད་པ་དང་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་ཨང་དང་པོར་གྱུར་པ་དེས་མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད།
རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་འཕྲད་དཀའ་བའི་དོན་བཟང་ཞིག་ཡིན་ཞིང་། གཙང་པོའི་འགོ་ཁུངས་ཀྱི་འབྲོག་པ་མང་ཚོགས་ལ་བདེ་སྐྱིད་བསྐྲུན་པའི་དོན་བཟང་ཞིག་ཀྱང་ཡིན། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་བརྟེན་ནས་འབྲོག་པ་མང་ཚོགས་རྣམས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་གཙོ་ཤུགས་དམག་དཔུང་དུ་གྱུར་ཡོད།
གྲང་ངར་ཆེ་བའི་དགུན་དུས་ཀྱི་ཞོགས་པར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རྨ་ཆུ་ཡུལ་ཚོ་སྤེན་མ་ན་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་འབྲུག་ཐར་གྱིས་ཚན་ཆུང་གི་མི་སྣ་རྩ་འཛུགས་བྱས་ནས་ཉིན་གཅིག་གི་ལས་ཀའི་འགོ་བརྩམས་ཏེ། གཙང་པོ་དང་མཚེའུ། ནགས་ཚལ་སོགས་ལ་སྐོར་གཡེང་བྱས།
སྔོན་ཆད། རྩྭ་ཐང་ཞན་འགྱུར་ཚབས་ཆེ་བ་དང་། རི་སྐྱེས་སྲོག་ཆགས་ཇེ་ཉུང་དུ་སོང་བ། མཚེའུ་ཆེ་ཆུང་རིམ་བཞིན་སྐམ་པ་བཅས་ཀྱི་སྣང་ཚུལ་བྱུང་། རྒྱལ་ཁབ་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་དང་པོ་དང་དུས་སྐབས་གཉིས་པའི་བཟོ་སྐྲུན་སྔ་རྗེས་སུ་ལག་བསྟར་བྱས་པ་དང་། དེ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བ་དང་ཆབས་ཅིག རྨ་སྟོད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རིམ་བཞིན་སླར་གསོ་བྱུང་བ་དང་། མཚེའུ་ཡི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་སོང་བས་མཛེས་སྡུག་ལྡན་པའི་མཚེའུ་སྟོང་གི་མཛེས་ཉམས་སླར་ཡང་མངོན་པ་རེད།
སྡེ་བའི་ནང་འབྲུག་ཐར་དང་འདྲ་བའི་སྐྱེ་ཁམས་ལྟ་སྲུང་པ122ཡོད་ཅིང་། ཁོ་ཚོས་ཉིན་རེར་སྐོར་གཡེང་བྱེད་པ་ལས་གཞན་ད་དུང་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ལ་གཞོགས་འདེགས་བྱས་ནས། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་མི་སྔར་ལས་མང་བ་ཞིག་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་སློང་བྱེད་བཞིན་ཡོད།
སྐྱེ་ཁམས་ལྟ་སྲུང་པར་གྱུར་རྗེས་ངའི་ལོའི་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱར་བསླེབས་ཡོད་པར་མ་ཟད། སྲོལ་རྒྱུན་གྱི་རྩྭ་ཐང་བེད་སྤྱོད་པ་ནས་རྩྭ་ཐང་སྲུང་སྐྱོབ་པར་གྱུར་ཡོད་ཅེས་འབྲུག་ཐར་གྱིས་དགའ་སྤྲོའི་ངང་དེ་ལྟར་བཤད་བྱུང་།
རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་ནས་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་མཐུན་སྦྱོར་བྱེད་པར། ཐོག་མར་འབྲོག་པ་མང་ཚོགས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ནང་གནས་སྒུལ་ཤུགས་སུ་འགྱུར་བར་བྱེད་དགོས། མིག་སྔར་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་རྐང་ལམ་ལུགས་ལག་བསྟར་བྱས་པ་དང་བསྟུན་ནས། སྡོད་ཁུལ་དེ་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་བྱེད་པའི་གྲུབ་ཆ་གཙོ་བོར་གྱུར་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་ཁུལ་དུ་བསྡོམས་པས་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་གིས་དཔང་ཡིག་བཟུང་ནས་ལས་རྐང་དུ་ཞུགས་པར་མ་ཟད། སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་རྐང་གིས་ཁྱིམ་ཚང་རེར་ལས་གནས་རེ་ཡོད་པ་མངོན་འགྱུར་བྱས་ཡོད།
ལོ་དྲུག་གི་རིང་ལ། སྐྱེ་ཁམས་ལྟ་སྲུང་པས་ཉིན་མཚན་མེད་པར་ནགས་ཚལ་དང་རྩྭ་ཐང་། བརླན་ས་བཅས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱས་པ་དང་། ཁོ་ཚོའི་བརྟན་སྲུང་གི་གཟུགས་བརྙན་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མིང་བྱང་ལྟ་བུར་གྱུར་ཡོད་ལ། རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱེད་པར་མཚོ་སྔོན་མི་དམངས་ལ་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཆེན་པོ་ལྡན་ཡོད།
མཚོ་སྔོན་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་ཡིན་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཀྱི་མཚན་སྙན་རྒྱས་ཡོད། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཆགས་སྟངས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་རེ་ཆེན་པོ་བཏོན་ནས། མཚོ་སྔོན་ལ་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་གཏན་འཁེལ་གནང་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཡག་པོ་དང་། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ། གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བཅས་བྱ་རྒྱུ་ནི། མཚོ་སྔོན་གྱི་འདོར་ཐབས་མེད་པའི་འགན་འཁྲི་གལ་ཆེན་ཞིག་ཡིན། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་ཞེས་ནན་བཤད་གནང་མྱོང་།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་འགོ་བརྩམས། དེ་ནི་མཚོ་སྔོན་གྱིས་ཐུན་མོང་མ་ཡིན་པ་དང་གལ་ཆེ་བའི་སྐྱེ་ཁམས་གནས་བབ་ལ་སྤྱི་འདོམས་བསམ་གཞིག་དང་། རྒྱལ་ཁབ་སྤྱི་གླིང་ཟུང་གི་སྒྲིག་སྲོལ་ཚོད་ལྟའི་རྨང་གཞི་བཟང་པོ། དུས་རབས་གསར་པའི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་དགོས་མཁོ་བཅས་ཡིན་པར་མ་ཟད། གཟབ་ནན་སྒོས་བཏོན་པའི་གཏན་འབེབས་གལ་ཆེན་དང་འཐབ་ཇུས་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་གྱི་བཅོས་སྒྱུར་དང་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད།
ང་ཚོས་ཅུང་ཆ་ཚང་བའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་བསྐྲུན་ཡོད། ཞིང་ཆེན་ཡོངས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ་ཚུད་པའི་རྒྱལ་ཁབ་སྤྱི་གླིང་ཟུང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་གཉིས་དང་། རང་བྱུང་སྲུང་སྐྱོབ་ཁུལ་བཅུ་གཅིག ཆུ་ཐོན་དངོས་རིགས་ཐོན་ཁུངས་སྲུང་སྐྱོབ་ཁུལ་བཅུ་བཞི། དེ་མིན་ནགས་ཚལ་སྤྱི་གླིང་དང་། བརླན་སའི་སྤྱི་གླིང་། བྱེ་ཐང་སྤྱི་གླིང་སོགས་ཚུད་པའི་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོབ་ཁུལ་བརྒྱ་དང་དགུ་བཙུགས་ཡོད།
རང་བྱུང་སྲུང་སྐྱོབ་ཁུལ་དེ་དག་གིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་། རང་བྱུང་ཤུལ་བཞག་ཉར་ཚགས་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ལ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་སྒྲིག་ སྲོལ་གྱི་རྨང་གཞིའང་གྲུབ་ཡོད་པ་རེད།
ང་ཚོས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཉམས་མྱོང་བསགས་ཡོད། མཚོ་སྔོན་གྱིས་སྔ་རྗེས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཟུང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཚོད་ལྟའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ནས་དངོས་སུ་བཙུགས་པ་རེད། སྒྲིག་སྲོལ་དང་རྐྱེན་སྲོལ་གསར་བསྐྲུན་དང་། སྲིད་ཇུས་དང་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་སོགས་ཀྱི་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་བརྒྱུད་རིམ་ཁྲོད་གྲུབ་འབྲས་གལ་ཆེན་བླངས་བ་དང་། རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་སྟངས་ཤིག་ཆགས་ཡོད།
ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པོ་བླངས་ཡོད། སྐྱེ་ཁམས་བཅད་ཁུལ་ཆེ་གྲས་ལྔའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་དམིགས་ཏེ། སྔ་རྗེས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དུས་སྐབས་གཉིས་པ་དང་། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་། མཚོ་སྔོན་པོའི་འབབ་རྒྱུད་དང་དེ་བཞིན་མཐའ་བསྐོར་གྱི་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྐྱེ་ཁམས་བཟོ་འགོད་གལ་ཆེན་འཛུགས་སྐྲུན་བྱེད་འགོ་བརྩམས་ཡོད།
རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལ་བརྩི་སྲུང་བྱས་ནས། མཚོ་སྔོན་གྱིས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་པ་དང་སའི་གོ་ལའི་སྲུང་དམག་ཡག་པོ་བྱེད་པའི་འགན་འཁྲི་གལ་ཆེན་ཏན་ཏིག་གིས་ཁུར་ཏེ། རྒྱལ་ཁབ་ལ་དབང་བ་དང་། དམངས་ཡོངས་ཀྱིས་མཉམ་སྤྱོད་བྱེད་པ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་བཅས་དམིགས་འབེན་དུ་བཟུང་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་འགྲོ་ལམ་གསར་པའི་ཐོག་སྐྱོད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་ཡོད།
ཡིག་སྒྱུར་བ། སྒྲོལ་མ་སྐྱིད།