ཁུ་ནུ་རི་བོས་ཤར་ནུབ་འཕྲེད་དུ་བཅད་ཡོད་པ་དང་། སྐྱ་ཐིང་ཐིང་གི་གནས་དེར་གངས་རི་མཐོན་པོར་འགྲེང་ཤིང་། འཁྱག་རོམ་འཕྲེད་གཞུང་བསྣོལ་མར་རྔམ་བརྗིད་ལྡན་པའི་ངང་གནས་ཡོད།
མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ནི་མཚོ་སྔོན་ཞིང་ཆེན་གྱི་དབུས་ནུབ་ཁུལ་དུ་ཡོད་པ་དང་། ཨ་ཆེན་གངས་རྒྱབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ། ཁུ་ནུ་རི་བོ་སོགས་ས་ཁམས་གལ་ཆེན་གྱི་རིགས་རྣམས་ན་གོར་མོའི་ས་ཁོངས་སུ་ཡོད་པ་རེད།
ཉམས་ཞན་དུ་གྱུར་བའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཆེད། འཇིགས་ཉེན་ཆེ་བ་དང་དཀོན་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་མུ་མཐུད་དུ་གཏོར་བརླག་དང་གནོད་འཚེ་མི་ཐེབས་པར་བྱ་ཆེད། ན་གོར་མོ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱིས་འཕེལ་རྒྱས་ལ་མཛུབ་སྟོན་བྱས་ནས་མཉམ་དུ་སྐྱེ་ཁམས་སྣ་མང་རང་བཞིན་ལ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱས།
2016ལོར། ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་མགོ་ཁུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟེ་གནས་དངོས་སུ་བཙུགས་པ་དང་། དེ་ནི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཚོགས་རྩ་འཛུགས་ཤིག་རེད། སྲུང་སྐྱོབ་ལྟེ་གནས་ཀྱིས་འབྲི་ཆུའི་མགོ་ཁུངས་ས་ཁུལ་གྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་ལ་སྐུལ་འདེད་དང་རྩ་འཛུགས་བྱས་ཏེ། དམངས་ཁྲོད་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བ་སྤེལ་བར་ཡར་སྐུལ་བཏང་བ་དང་། སྤྱི་ཚོགས་ཡོངས་ཀྱི་ཁོར་ཡུག་འདུ་ཤེས་ཇེ་མཐོར་བཏང་སྟེ། འབྲི་ཆུའི་མགོ་ཁུངས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བ་མངོན་འགྱུར་ཡོང་ཆེད་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད།
སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལག་བསྟར་མཁན་བྱ་དགོས།
ན་གོར་མོ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་བཅུ་ལྷག་གི་སར་ཡོད་པའི་གཞུང་ལམ་འགྲམ་དུ། གྲལ་འགྲིག་པའི་ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་ཀྱི་གད་སྙིགས་སྒམ་འགའ་མིག་ལམ་དུ་མངོན་ཡོང་། དམིགས་བསལ་གྱི“ལྗང་མདོག”དེའི་རྒྱབ་ཕྱོགས་ནི་ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟེ་གནས་ཀྱི་བྱ་བའི་མི་སྣ་དང་དང་བླངས་མཁན་དག་གི་བྱ་བ་སྒྲུབ་ས་དང་འཚོ་བ་རོལ་སའི་གནས་རེད།
ང་ཚོའི་འདི་རུ་བསྡོམས་པས་ལས་བྱེད་མི་སྣ་བཞི་ཡོད་པ་དང་། ང་ཚོའི་རྩ་འཛུགས་ལ་ན་གོར་མོ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་དོ་དམ་བྱེད་བཞིན་ཡོད། རྩ་འཛུགས་འཛུགས་མཁན་ནི་དགེ་རྒན་ཧན་མའེ་ཡིན་པ་རེད་ཅེས་གད་སྙིགས་སྒམ་གྱི་མདུན་ན་ལས་ཀར་བྲེལ་བཞིན་པའི་སུན་ཧའོ་ཡིས་ང་ཚོ་མཐོང་རྗེས་མྱུར་མོར་མགོ་བོ་ཡར་བཀྱགས་ནས་དགའ་སྤྲོ་དང་བཅས་དེ་ལྟར་མཚམས་སྦྱོར་བྱས་བྱུང་།
ལོ་ན་ཉེར་བརྒྱད་ལ་སོན་པའི་སུན་ཧའོ་ནི་ས་གནས་དེ་གའི་དྲུང་ཡིག་ཡིན་པ་དང་། ཁོའི་ཕ་ཡུལ་ཀན་སུའུ་ཡིན་ཞིང་། ཁོ་རང་གནས་འདིར་ཡོང་བའི་རྒྱུ་མཚན་སྐོར་ནས་འདྲི་སྐབས། ཁོས་ཁེངས་སྐྱོང་ངང་ནས་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་ཆེད་ཡིན་པ་དང་། སྤྱི་ཕན་བྱ་བ་སྒྲུབ་པའི་ཆེད་ཡང་ཡིན་ཟེར།
2018ལོའི་ཟླ8པར། སུན་ཧའོ“ལྗང་མདོག་གཙང་བོའི”དང་བླངས་མཁན་ཞིག་བྱེད་འདོད་པས་འདིར་སླེབས་པ་དང་། ཟླ་གཉིས་ཀྱི་རིང་ལ་སྐྱེ་ཁམས་དང་བླངས་བྱ་འགུལ་སྤེལ་བ་བརྒྱུད་ཁོ་ལ་བག་ཆགས་ཟབ་མོ་ཞིག་བཞག ཁོས་བཤད་རྒྱུར། སློབ་ཆེན་ལོ་རིམ་གཉིས་པའི་ལོ་དེར། ཁོ་དང་གྲོགས་པོ་ཚོ་ལྕགས་རྟར་ཞོན་ནས་ཟི་ཁྲོན་ནས་བོད་ལྗོངས་བར་གྱི་གཞུང་ལམ་སྟེང་བགྲོད་མྱོང་བ་དང་། ཡུལ་ལྗོངས་ལྟ་ན་སྡུག་ཡང་། གཞུང་ལམ་སྟེང་བགྲོད་པའི་འགྲུལ་བ་དང་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ཁ་ལོ་བས་གད་སྙིགས་མང་པོ་གཡུགས་ཡོད་པ་མཐོང་། 2016ལོར། སློབ་གྲྭ་ཆེན་མོ་མཐར་ཕྱིན་རྗེས། ངས་དྲ་སྟེང་ནས་ལྗང་མདོག་གཙང་བོ་ཞེས་པའི་དམངས་ཁྲོད་སྤྱི་ཕན་ཁོར་སྲུང་རྩ་འཛུགས་ལ་རྒྱུས་ལོན་བྱས་པ་དང་། དེའི་སྐོར་གྱི་གསར་འགྱུར་དང་དཔེ་ཆ་མང་པོར་བལྟས་མྱོང་། ངས་རྒྱས་བཟང.བསོད་ནམས་དར་རྒྱས་ལ་སེམས་གཏིང་ནས་མོས་གུས་བྱེད་ཅིང་། དུས་དེ་ནས་བཟུང་རང་གིས་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་བྱ་བ་ཞིག་བསྒྲུབ་རྒྱུའི་སེམས་ཐག་བཅད་ཟེར།
དེ་དང་མཚུངས་པར། ལོ་ན་ཉེར་བཞིར་སོན་པའི་བུན་ཀྲིན་ཡང་ཐག་རིང་ནས་ཡོང་བའི་དང་བླངས་པ་ཞིག་རེད། ཁོ་མོ་ཟླ་གཉིས་ཀྱི་རིང་ལ་སྐྱེ་ཁམས་དང་བླངས་པའི་བྱ་འགུལ་ནང་ཞུགས་པའི་རྗེས་སུ། མུ་མཐུད་དུ་གནས་དེར་འདུག་རྒྱུའི་སེམས་ཐག་བཅད་པ་སྟེ། སྐབས་དེར་ང་རང་སློབ་མཐར་ཕྱིན་པ་དང་། ཧྲིན་ཀྲིན་ནས་བྱ་བ་ཞིག་བཙལ་རྗེས་གློ་བུར་དུ་འདིར་གར་ལོག་པའི་ཁ་པར་འབྱོར་བྱུང་། ཁ་པར་ལས་ང་རང་གནས་འདིར་ཡོང་ནས་བྱ་བ་སྒྲུབ་འདོད་ཡོད་མེད་དྲིས་བྱུང་བར་སྐབས་དེར་ང་རང་འདིར་ཡོང་འདོད་ཀྱི་སེམས་ཀྱི་མེ་ལྕེ་དེ་ཡང་བསྐྱར་སྦར་བྱུང་ལ། མྱུར་མོར་ཡོང་རྒྱུའི་བརྡ་ལན་བྱིན་པ་ཡིན་ཞེས་བཤད།
མིག་མདུན་གྱི་ལྷོད་ཆགས་པའི་བུ་མོ་འདིས་སྐྱེ་ཁམས་སྲུང་སྐྱོབ་སྐོར་གླེང་སྐབས་དགའ་སྣང་གིས་ཁེངས་འདུག གནས་འདིར་དང་བླངས་མཁན་བྱེད་དུ་ཡོང་རྒྱུ་ནི་ལས་སླ་མོ་ཞིག་མ་རེད། བུན་ཀྲིན་གྱིས་ང་ཚོར་བཤད་རྒྱུར། ཟླ་རེ་རེར་དང་བླངས་མཁན་སྐོར་ཁག་གསུམ་རེ་འདིར་ཡོང་བཞིན་ཡོད་པ་དང་། མི་ཕལ་ཆེར་ཉི་ཤུ་ཡས་མས་ཡོད་ཅིང་། དང་བླངས་པ་དེ་དག་ནི་རིམ་པ་བཞིན་བདམས་གསེས་བྱས་རྗེས་འདིར་ཡོང་དུ་བཅུག་པ་རེད། ཁོ་ཚོའི་ལུས་ཕུང་བཟང་དགོས་པ་མ་ཟད་ད་དུང་ལག་རྩལ་ཞིག་ཀྱང་ཤེས་དགོས་ཟེར།
སུན་ཧའོ་ཡིས་བཤད་རྒྱུར། དང་བླངས་པ་ལ་ལས་རི་མོ་འབྲི་ཤེས་དགོས་པ་དང་། ལ་ལས་པར་ལེན་ཤེས་ཤིང་། ལ་ལས་ཟིན་ཐོ་འགོད་ཤེས་ལ། ལ་ལས་ཟ་མ་ལས་ཤེས་པ་རེད། ཁོ་ཚོ་ཐོག་མར་འདིར་ཐོན་དུས་ང་ཚོས་སྔོན་ལ་ཁོ་ཚོར་གད་སྙིགས་ཇི་ལྟར་བཏུ་བ་དང་། གཞི་གྲངས་དྲ་ཐོག་དུ་འཇོག་པ། རང་ཉིད་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་པ་སོགས་ཀྱི་བྱ་བའི་སྐོར་ནས་གསོ་སྦྱོང་བྱས་པ་དང་། དེའི་འཕྲོ་ནས་དང་བླངས་པས་བྱ་འགུལ་སོ་སོ་སྤེལ་བར་རྩ་འཛུགས་དང་མཐུན་སྦྱོར་བྱས་ཆོག ཚང་མས་རང་གི་ནུས་ཚོད་ཀྱིས་གནས་འདིའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་བཞིན་ཡོད་ཟེར།
སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་སྲུང་བ་བྱེད་དགོས།
ཧན་མའེ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྔོན་བསྐྱོད་པ་ཡིན་པ་དང་། ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟེ་གནས་འཛུགས་མཁན་ཡང་རེད།
དགེ་རྒན་ཧན་མའེ་གླེང་སྐབས། གནས་འདིའི་ལས་བྱེད་མི་སྣ་དང་དང་བླངས་པ་རྣམས་ཀྱིས་དགེ་རྒན་ཧན་མའེ་ད་ལྟ་རི་མགོར་ཡོད་པས། ཕལ་ཆེར་འབྲེལ་གཏུག་བྱེད་ཐུབ་ཀྱིན་མ་རེད་ཟེར།
ལོ་ན་བདུན་ཅུ་ཙམ་ལ་ཉེ་བའི་ཧན་མའེ་ནི་ན་གོར་མོ་གྲོང་ཁྱེར་མི་དམངས་སྨན་ཁང་སྙིང་ཁམས་ཁྲག་རྩའི་ཚན་ཁག་གི་སྨན་པ་རམ་འབྱམས་པ་ཞིག་ཡིན་ཡང་། ཁོ་མོའི་གཏམ་རྒྱུད་དེ་དུས་དང་རྣམ་པ་ཀུན་ཏུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དམ་པོར་འབྲེལ་ཡོད། སུན་ཧའོ་ཡིས་ང་ཚོར་བཤད་པ་ལྟར་ན། དགེ་རྒན་ཧན་མའེ་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་བྱ་བར་དགའ་མཁན་ཞིག་ཡིན་པ་དང་། དུས་རྒྱུན་ཚན་རིག་རྟོག་ཞིབ་རུ་ཁག་དང་། སྤྱི་ཕན་རྩ་འཛུགས་སོགས་ལ་རིན་མི་དགོས་པར་སྨན་བཅོས་ཞབས་ཞུ་དང་བོད་སྐད་ཀྱིས་ལོ་ཙཱ་བྱེད་རོགས་བྱེད་བཞིན་ཡོད་ཟེར།
ཧན་མའེ་ཡི་གཏམ་རྒྱུད་གླེང་སྐབས། ཁོར་ཡུག་སྲུང་སྐྱོབ་ཀྱི་རླབས་ཆེན་མི་སྣ་ཞིག་སྟེ། --རྒྱས་བཟང﹒བསོད་ནམས་དར་རྒྱས་ངེས་པར་དུ་གླེང་དགོས། ཧན་མའེ་དང་རྒྱས་བཟང﹒བསོད་ནམས་དར་རྒྱས་གཉིས་ནི་ཕ་ཡུལ་གཅིག་ནས་ནར་སོན་པའི་གྲོགས་པོ་ཡིན་ལ། མཉམ་དུ་སློབ་གྲྭར་འགྲིམས་པའི་སློབ་གྲོགས་ཡང་ཡིན། བསོད་ནམས་དར་རྒྱས་ཀྱི་བྱས་རྗེས་ཀྱི་ཤན་ཤུགས་འོག་ཏུ། ཧན་མའེ་ཡང་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་གྱུར་བ་དང་། ཁོ་མོའི་གཟུགས་བརྙན་དེ་དུས་རྒྱུན་འབྲི་ཆུའི་མགོ་ཁུངས་དང་། ཁུ་ནུ་རི་འདབས། ཨ་ཆེན་གངས་རྒྱབ་སོགས་སུ་མཐོང་ཐུབ།
ལོ་ངོ་མང་པོའི་རིང་ལ། ཧན་མའེ་ཡིས་སྨན་སྒམ་ལུས་དང་གྲིབ་མ་བཞིན་དུ་འཁུར་ཡོད་ལ། དེའི་ནང་དུ་ཁོ་མོས་ཉོས་པའི་རྫ་དུག་སྔོན་འགོག་བྱེད་སྤྱད་ཀྱི་རྒྱུན་སྤྱོད་སྨན་རྫས་བསྡུས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཁོར་ཡུག་སྲུང་སྐྱོབ་རུ་ཁག་མང་པོར་སྨན་བཅོས་འགན་སྲུང་གི་ལས་འགན་ཕྲག་ཏུ་བླངས་ཡོད། ཐེངས་རེ་རེར་ཕྱི་ལ་བསྐྱོད་པའི་ལམ་བར་དུ་ཡུལ་སྐོར་བ་དང་ས་དེའི་འབྲོག་པ་མང་ཚོགས་སུ་ཞིག་ལ་འཕྲད་ཀྱང་རོགས་རམ་མཁོ་ཚེ་ཁོ་ཚོས་གླ་ཆར་མི་སེམས་པར་སྨན་བཅོས་རོགས་སྐྱོར་མཁོ་འདོན་བྱེད་སྲིད། ཧན་མའེ་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་བྱ་འགུལ་མང་པོའི་ནང་ཧུར་ཐག་གིས་ཞུགས་བཞིན་ཡོད་པ་དང་། དེའི་ནང་བསོད་ནམས་དར་རྒྱས་རང་བྱུང་སྲུང་སྐྱོབ་ས་ཚིགས་ཀྱི་འཛུགས་སྐྲུན་དང་། མཚོ་བོད་ལྕགས་ལམ་འགྲམ་རྒྱུད་ཀྱི་གད་སྙིགས་ཁྱབ་ཁོངས་ལ་རྟོག་དཔྱོད་བྱེད་པ་དང་། མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ལ་རྟོག་དཔྱོད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་ལས་གཞི་སོགས་འདུས།
ཧན་མའེ་ཡིས་དུས་རྒྱུན་བཤད་རྒྱུར། སྐྱེ་ཁམས་ནི་མིའི་རིགས་ཀྱི་བདེ་ཐང་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་ཚན་རིག་ཞིབ་འཇུག་རུ་ཁག་དང་སྤྱི་ཕན་རྩ་འཛུགས་ཚང་མས་ཀྱང་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཆེད་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ཁོ་མོས་མི་སྣ་དེ་དག་གི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས་ཁོ་ཚོར་སྨན་བཅོས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་བཞིན་ཡོད། དེ་ནི་ཕན་ཚུན་ལ་རོགས་རམ་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པ་དང་། བརྒྱུད་རིམ་དེའི་ཁྲོད་དུ་ཁོ་མོས་སྐྱེ་ཁམས་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྱུར་བཞིན་ཡོད་པ་མཐོང་བས། ནང་སེམས་ནས་ཚེ་སྲོག་རེ་རེས་བསྐྱལ་ཡོང་བའི་སྟོབས་ཤུགས་དང་དོན་སྙིང་ལ་རོལ་མྱོང་བྱེད་བཞིན་ཡོད་ཟེར།
སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་སྲུང་བ་བྱེད་དགོས།
“འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི”ཉིན་དེར། ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟེ་གནས་ཀྱིས་ལས་ཁུངས་མང་པོ་དང་ལག་རྡང་སྦྲེལ་ནས“ལེ་བར་སྟོང་གི་མཚོ་བོད་གཞུང་ལམ་གྱི་ལམ་རྒྱུད་དུ་བསྐྱོད་པ་དང་། མཐོ་སྒང་གི་ལྗང་མདོག་ཕོ་ཉ་བྱེད”ཅེས་པ་བརྗོད་བྱ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་ན་གཞོན་དང་བླངས་ཞབས་ཞུ་བ་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཐེངས་དེའི་བྱ་འགུལ་ལ་ཞུགས།
ན་གོར་མོ་གྲོང་ཁྱེར་འབྲི་ཆུའི་མགོ་ཁུངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟེ་གནས་ཀྱི་སུན་ཧའོ་དགའ་སྤྲོས་ཁེངས་ནས་བཤད་རྒྱུར། ཐེངས་དེའི་བྱ་འགུལ་ནི་བྱ་འགུལ་སྤེལ་བ་བརྒྱུད་དེ་དམིགས་འབེན་ཡོད་པའི་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་མཐོང་ཆེན་བྱེད་དུ་བཅུག་སྟེ། འབྲི་ཆུའི་མགོ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་འཕེལ་རྒྱས་བཟང་བོར་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཚོགས་པའི་ནང་ཞུགས་ནས་གཏན་འཁེལ་གྱི་ས་ཁོངས་གད་སྙིགས་འཐུ་བ་དང་། གད་སྙིགས་ཀྱི་རིགས་བགོ་བ། རི་མགོ་དང་རི་སྟེང་ནས་མཉམ་གཅིག་ཏུ་བྱ་འགུལ་སྤེལ་ཏེ། ན་གོར་མོ་གྲོང་ཁྱེར་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་། སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་སྡོད་དམངས་ཀྱིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱེད་རྒྱུ་དེ་ཡིན་ཟེར།
རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ན་གོར་མོ་དང་གདང་ལ་གྲོང་རྡལ་བར་གྱི་མཚོ་བོད་ལྗང་མདོག་ས་ཚིགས་ལྔ་ནི་སོ་སོར་ན་གོར་མོ་ས་ཚིགས་དང་། ཁུ་ནུའི་ཆུ་མགོ་ས་ཚིགས། ཁུ་ནུ་རི་བོ་ས་ཚིགས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཚིགས། ཐོག་ཐོག་ཆུ་བོའི་ས་ཚིགས་བཅས་ཡིན་པ་དང་། ལྗང་མདོག་ས་ཚིགས་དེ་ལྔ་ནི་ཏག་ཏག་སུན་ཧའོ་དང་བློ་མཐུན་གཞན་པ་ཚོས་ཉིན་རྒྱུན་བྱ་བ་སྒྲུབ་སའི་ས་ཚིགས་ཡིན་པ་རེད། སུན་ཧའོ་ཡིས་བཤད་རྒྱུར། “དང་བླངས་པར་གསོ་སྦྱོང་བྱེད་དགོས་པ་ལས་གཞན། ང་ཚོར་ད་དུང་ལས་གཞིའི་བྱ་བ་གལ་ཆེན་བཞི་ཡོད་པ་ནི་སོ་སོར‘གད་སྙིགས་ཀྱི་སྣོད་ཕྱིར་འཁྱེར་བ’དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་གསོའི་བྱ་འགུལ་སྤེལ་བ། དངོས་ཟོག་སྐྱེལ་འདྲེན་ཁྲོམ་ར་ནས་དྲིལ་སྒྲོག་བྱེད་པ་བཅས་རེད།”
སུན་ཧའོ་ཡིས་བཤད་རྒྱུར། དང་བླངས་པ་ཚོས་ཁུ་ནུ་དངོས་ཟོག་སྐྱེལ་འདྲེན་ར་བའི་ནང་གི་ལན་ཧིན་མགྲོན་ཁང་ནས་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ཁ་ལོ་བར་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུན་ཤེས་དྲིལ་སྒྲོག་བྱས་པར་མ་ཟད་གད་སྙིགས་ཁུག་མ་དང་འདག་རྫས་སོགས་བྱིན་ཏེ། སྐྱེལ་འདྲེན་ཀུང་ཟིས་སྐྱེལ་འདྲེན་བྱེད་སྐབས་ཐོན་པའི་གད་སྙིགས་ཕྱིར་འཁྱེར་དུ་བཅུག་པ་དང་། དེ་ལྟར་བྱས་ན་མགྲོན་ཁང་གི་རིན་གོང་ཇེ་སླར་གཏོང་བ་དང་། གཏན་སྡོད་མང་ཚོགས་ལ་དྲིལ་སྒྲོག་དང་བྱ་དགའི་ལམ་ལུགས་བཙུགས་པ་བརྒྱུད་དེ། མཐའ་མར་གད་སྙིགས་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པ་བྱུང་ཟེར།
“གད་སྙིགས་ཀྱི་སྣོད་ཕྱིར་འཁྱེར་དུ་འཇུག་པའི”ལས་གཞི་དེ2021ལོའི་ཟླ7པའི་ཚེས3ཉིན་ནས་ད་ལྟའི་བར་དུ་སྤེལ་བ་དང་། དང་བླངས་མཁན་དག་གིས་རང་འགུལ་གྱིས་ཕར་འགྲོ་ཚུར་འོང་གི་ཁ་ལོ་བ་དང་འགྲུལ་བར་ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་གསོ་གཏོང་བ་དང་། གད་སྙིགས་ཁུག་མ་སྟེར་བ། འདག་རྫས་སོགས་བྱིན་ནས་ཁ་ལོ་བ་དང་འགྲུལ་བ་རྣམས་གད་སྙིགས་འཐུ་བའི་བྱ་བའི་ནང་ཧུར་ཐག་གིས་ཞུགས་སུ་བཅུག་པ་མ་ཟད། ཁོ་ཚོར་བྱ་དགའི་དངོས་རྫས་ཀྱང་བྱིན།
ང་ཚོས་དུས་རྒྱུན་དུ་འབྲི་ཆུའི་མགོ་ཁུངས་སྡེ་བའི་མི་རིགས་སློབ་ཆུང་དང་མཉམ་འབྲེལ་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་གསོའི་བྱ་འགུལ་སྤེལ་བ་དང་། གཟའ་འཁོར་རེའི་གཟའ་ཟླ་བ་ཉིན་གྱི་ཕྱི་དྲོར་དང་བླངས་པ་རྣམས་ཀྱིས་སེམས་ཞིབ་མོས་ཁོར་ཡུག་སྲུང་སྐྱོབ་བརྗོད་བྱ་ཡིན་པའི་སློབ་ཁྲིད་གྲ་སྒྲིག་བྱས་ནས། གད་སྙིགས་ཀྱི་རིགས་དབྱེ་བ་དང་། ཐོན་ཁུངས་ཕྱིར་བསྡུ་བྱེད་པ། སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པ་སོགས་བརྗོད་བྱ་མི་འདྲ་བའི་སློབ་ཁྲིད་ཇུས་འགོད་བྱས་པ་བརྒྱུད་དེ། བྱ་འགུལ་ནང་ཞུགས་པའི་གྲོགས་པོ་ཆུང་ཆུང་ཚོའི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་ཇེ་མཐོར་བཏང་བར་མ་ཟད། སློབ་གྲོགས་ཚོ་རང་ཉིད་ཀྱི་ཕ་ཡུལ་ལ་དགའ་བའི་སེམས་པ་གསོ་སྐྱོང་བྱས་ཟེར།
སུན་ཧའོ་ཡིས་བཤད་རྒྱུར། ཁོ་ཚོས“ཆེ་བས་ཆུང་བའི་སྣེ་ཁྲིད”དེ་མི་སྔར་ལས་མང་པོ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བའི་ནང་ཞུགས་པའི་རེ་བ་བྱེད་བཞིན་ཡོད།
ལོ་འདི་དག་གི་རིང་ལ། ས་དེའི་འབྲོག་པ་མང་ཚོགས་ཀྱིས་ཧུར་ཐག་གི་སྒོ་ནས་རྩྭ་ཐང་དང་གཞུང་ལམ་འགྲམ་རྒྱུད་ཀྱི་གད་སྙིགས་རྣམས་ས་ཚིགས་སུ་སྐྱེལ་འདྲེན་བྱེད་པ་དང་། དང་བླངས་པས་བརྗེ་རེས་ཀྱི་ཚད་གཞི་ལྟར་བྱ་དགའི་ཚུལ་གྱིས་འབྲོག་པར་ཟས་རིགས་དང་འཚོ་བའི་མཁོ་ཆས་བྱིན་པ་དེས་ས་དེའི་འབྲོག་པ་མང་ཚོགས་རྣམས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རུ་ཁག་ནང་ཞུགས་པར་སྐུལ་སློང་བྱས་ཟེར།
ལྗང་མདོག་གི་རྨི་ལམ་གྱིས་ཕྱུག་པའི་སྐྱེ་ཁམས་ལྟ་སྲུང་བ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་སྙིང་ལྡན་པའི་སྤྱི་ཕན་ལས་གཞི་རེ་རེས་འབྲི་ཆུའི་མགོ་ཁུངས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཐད་ལ་རྔུལ་ཆུ་གཏོར་ཡོད་པ་དང་། སྔར་ལས་མང་པའི་སྐྱེ་ཁམས་སྲུང་སྐྱོབ་མཁན་གྱི་འབད་བརྩོན་འོག མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་འཕེལ་རྒྱས་ཆེན་པོ་འབྱུང་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།