མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་གནས་ཤིང་། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་པའི་མཚོ་སྔོན་ནི། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་མཐོ་སྒང་གི་སྐྱེ་དངོས་སྣ་མང་གི་གཞི་རྒྱུའི་ཐོན་ཁུངས་མཛོད་གལ་ཆེན་ཞིག་ཡིན་པས། རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོར་དོན་སྙིང་གལ་ཆེན་ལྡན་ཡོད།
སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་རྣམ་པ་བཟང་བོ་བསྐྲུན་ནས་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ལ་སྐུལ་འདེད་བཏང་།
མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ནི་འབྲི་ཆུའི་འགོ་ཁུངས་སུ་གནས་ཤིང་། ཐོག་ཐོག་ཆུ་བོ་སོགས་ཆུ་འགོའི་ཆུ་རྒྱུད་དེ་གར་འདུས་ནས་ཤར་ཕྱོགས་སུ་བཞུར་གྱིན་ཡོད། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་ཨ་ཆེན་གངས་རྒྱབ་ཀྱང་འབྲི་སྟོད་རྫོང་གི་ཁོངས་སུ་གཏོགས། རྫོང་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་མང་བ་དང་སྔོན་ཆད་ཀྱི་དོ་དམ་སྒྲིག་སྲོལ་ཁྲོད་རྒྱལ་ཁོངས་ས་ཁོངས་དང་། ནགས་ལས། ཁོར་ཡུག་སྲུང་སྐྱོབ། ཆུ་བེད་སོགས་འདུས་ཡོད་ལ། སྲུང་སྐྱོབ་ཁུལ་སྣ་ཚོགས་ཀྱི་ས་ཁོངས་ཀྱང་འདུས་ཡོད། སྐབས་དེར་ཚང་མས་དོ་དམ་བྱས་ཀྱང་དོ་དམ་ལེགས་པོ་ཞིག་བྱེད་ཐུབ་ཀྱི་མེད་ཅེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་འབྲི་སྟོད་དོ་དམ་ཁྲུའུ་ཡི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཚེ་རིང་ནོར་བུས་དེ་ལྟར་བཤད།
2015ལོའི་ཟླ12པར་ཀྲུང་དབྱང་གི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚན་ཆུང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེ་ནི། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་དང་པོ་ཡིན་པ་རེད། བྱེད་ཐབས་དང་ཉམས་མྱོང་ཡག་པོ་མེད་ཀྱང་། སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་ལྷག་ཙམ་གྱི་ཚོད་ལྟའི་ཁྱབ་ཁོངས་སུ་མཚོ་སྔོན་གྱིས་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱས་ཏེ། བཅོས་སྒྱུར་གྱི་སྙིང་སྟོབས་ལ་བརྟེན་ནས་བློ་ཁོག་ཆེན་པོས་ཐབས་ལམ་གསར་པ་བསྐྲུན་པ་སྟེ། ཞིང་ཆེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་བཙུགས་པའི་ཁོངས་སུ། འབྲི་ཆུའི་འགོ་ཁུངས་དང་། རྨ་ཆུའི་འགོ་ཁུངས། རྫ་ཆུའི་འགོ་ཁུངས་བཅས་ཀྱི་གླིང་གསུམ་དོ་དམ་ཨུ་ཡོན་ལྷན་ཁང་བཙུགས་ནས་འགོ་ཁུངས་ཁུལ་དུ་ཡོད་པའི་འབྲི་སྟོད་རྫོང་དང་། ཆུ་དམར་ལེབ་རྫོང་། རྨ་སྟོད་རྫོང་། རྫ་སྟོད་རྫོང་སོགས་རྫོང་བཞིར་སྡེ་ཁག་ཆེན་པོའི་སྒྲིག་གཞི་བཅོས་སྒྱུར་བྱས་ཏེ། རྒྱལ་ཁོངས་ས་ཁོངས་དང་། ནགས་ལས། ཁོར་ཡུག་སྲུང་སྐྱོབ། ཆུ་བེད་སོགས་རྫོང་རིམ་པའི་གཙོ་གཉེར་སྡེ་ཁག་ཚང་མ་དོ་དམ་ཨུ་ཡོན་ལྷན་ཁང་གི་གྲས་སུ་བཞག་ནས་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་དོ་དམ་ཅུས་བཙུགས། དེ་དང་ཆབས་ཅིག རྫོང་ནགས་ཚལ་སྤྱི་བདེ་དང་། རྒྱལ་ཁོངས་ས་ཁོངས་ཁྲིམས་འཛིན། ཁོར་ཡུག་ཁྲིམས་འཛིན། རྩྭ་ཐང་ལྟ་སྐུལ་དོ་དམ། ཉ་ལས་སྲིད་འཛིན་ཁྲིམས་འཛིན་སོགས་ཀྱི་ཁྲིམས་འཛིན་སྒྲིག་གཞི་ཡང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་བཅུག་ནས་ཐོན་ཁུངས་ཁོར་ཡུག་ཁྲིམས་འཛིན་ཅུས་བཙུགས་པ་རེད།
ལོ་འགའི་རིང་བཅོས་སྒྱུར་ཚོད་ལྟའི་ལས་དོན་ཐད་གཤམ་གསལ་གྱི་གྲུབ་འབྲས་ཐོབ་པ་སྟེ། སྲིད་འཛིན་དང་ལས་དོན་སྡེ་ཁག་གི་སྒྲིག་ཁོངས་གསར་པ་མ་བསྣན་པའི་སྔོན་འགྲོའི་ཆ་རྐྱེན་འོག སྔོན་ཆད་ཀྱི་ཚན་ཁག་ནས་མི་དང་སྒྲིག་ཁོངས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གསར་བཙུགས་དོ་དམ་སྒྲིག་གཞིའི་ཁྲོད་བཅུག་ནས། རྫོང་རིམ་པའི་སྡེ་ཁག25%ཁུ་བསྡུ་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྔར་ཡོད་ཀྱི་རིགས་དྲུག་དང་སྲུང་སྐྱོབ་ཁུལ་བཅོ་ལྔ་ལེགས་སྒྲིག་བྱས་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་གཞི་གཅིག་ཅན་གྱི་དོ་དམ་དང་སྲུང་སྐྱོབ་བྱས་ཡོད། སྡེ་ཁག་ཆེན་པོའི་སྒྲིག་གཞི་བཅོས་སྒྱུར་བྱས་རྗེས། ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་ཕྱིན་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཕྱོགས་བསྡུས་ཁྲིམས་འཛིན་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན་རིགས་ཁག་གི་སྲིད་འཛིན་གྱོད་གཞི་སུམ་བརྒྱ་གོ་བཞི་དང་ཉེས་དོན་གྱོད་གཞི4ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱས་ཚད100%ཟིན་པ་སོགས་མདོར་བསྡུས་ན། སྐྱེ་ཁམས་བཅོས་སྐྱོང་བྱ་རྒྱུ་རྒྱལ་ཁབ་སྤྱི་གླིང་ལ་དབང་བ་དང་། སྤྱི་ཚོགས་དོ་དམ་གྱི་འགན་ནུས་གཞན་དག་སྔར་བཞིན་ས་གནས་སྲིད་གཞུང་ལ་དབང་བས། རྒྱལ་ཁབ་སྤྱི་གླིང་དང་ཆེད་ལས་མི་སྣ་ཁག་གཅིག་གིས་མཛེས་སྡུག་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་དོ་དམ་ལེགས་པོ་བྱེད་པར་ཕན་འབྲས་མངོན་གསལ་ཐོན་ཡོད།
བཅོས་སྐྱོང་བྱེད་པ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་དེ། སྐྱེ་ཁམས་སྲུང་སྐྱོབ་ལ་འཚོལ་ཞིབ་ལེགས་པོ་བྱས།
2017ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གཞུང་ཕྱོགས་དྲ་ཚིགས་དང་། པོད་ཕྲན། སྐད་འཕྲིན་སྤྱི་སྟེགས་བཅས་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་པ་ལས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གནས་ཚུལ་ལ་མང་ཚོགས་ཀྱིས་རང་འདོད་ལྟར་བལྟ་ཆོག་པ་རེད།
ལོ་དེར《 རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག》དངོས་སུ་ལག་བསྟར་བྱས་པ་དང་རྒྱལ་ཁབ་སྤྱི་གླིང་དུ་གཏེར་ཁ་སྔོག་འདོན་དང་། ནགས་གཅོད་པ། རི་དྭགས་རྔོན་པ། ས་རྐོ་རྡོ་སློག་སོགས་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་ཞིབ་མོ་བཟོས་ནས། ཁྲིམས་སྐྱོང་བསམ་བློར་བརྟེན་ནས་སྐྱེ་ཁམས་ཀྱི་མཐའ་ཚད་སྲ་བརྟན་དུ་བཏང་བ་རེད།
ཚོད་ལྟ་བྱས་པ་ནས་བཟུང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས་སྔ་རྗེས་སུ《 རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》དང་དེ་མིན་ཚན་ཞིབ་ཚན་རིག་ཁྱབ་གདལ་དང་། སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་། སྤྱི་ཚོགས་ཀྱི་ཞལ་འདེབས། དང་བླངས་པའི་དོ་དམ། བཅར་འདྲི་བའི་དོ་དམ། རྒྱལ་སྤྱིའི་མཉམ་ལས་སྤེལ་རེས། ཁོར་ཡུག་སློབ་གསོ་སོགས་དོ་དམ་བྱེད་ཐབས་ཆ་ཚང་བཟོས་ཡོད་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་དོ་དམ་ལེགས་པོ་བྱེད་པའི་ལམ་ལུགས་ཀྱི་མ་ལག་ཅིག་གྲུབ་ཡོད།
ལྟ་ཞིབ་ཚད་ལེན་གཅིག་གྱུར་འཆར་འགོད་དང་། རྨང་གཞིའི་ས་ཚིགས་གཅིག་གྱུར། ཚད་གཞི་གཅིག་གྱུར་སོགས་ཀྱི་བླང་བྱ་ལྟར། “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་གིས་ལེ་བར་ཁྲི་ཡི་མཐོ་སྒང་ལ་ལྟ་ཞིབ་བྱེད་བཞིན་ཡོད་པ་རེད། གསར་འགོད་པ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལྟེ་གནས་སུ་སྐྱོད་སྐབས། རང་རྒྱལ་གྱིས་བཟོས་པའི་དབྱེ་འབྱེད་ནུས་པ་མཐོ་བའི་སྲུང་སྐར་གྱི“གནམ་མིག་མ་ལག”ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་གསལ་བོར་མཐོང་ཐུབ་ལ། “སྔོ་ཁེབས་དང་ཆུ་སོགས་སྐྱེ་ཁམས་ཆ་འཕྲིན་དབྱེ་འབྱེད་བྱེད་ཚད་སྨི16ཟིན་པ་དང་མིའི་རིགས་ཀྱི་འགྲོ་འོང་ཆ་འཕྲིན་སྨི2བར་གནད་འཁེལ་བྱེད་ཐུབ་པ། རང་འགུལ་ངང་བདའ་འདེད་གཏོང་བའི་ལག་རྩལ་ལས་སྐྱེ་ཁམས་ལ་གཏོར་བརླག་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་གཏན་འགོག་བྱེད་ཐུབ་ཅེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་ཚའོ་ཅུན་གྱིས་དེ་ལྟར་བཤད་བྱུང་།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་འབྲོག་པ་དར་རྒྱས་རིག་འཛིན་ནི་ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱི་སྐྱེ་ཁམས་ལྟ་སྲུང་རུ་ཁག་གི་རུ་མི་ཞིག་ཡིན། སྔོན་ཆད་སྐྱེ་ཁམས་ཉམས་ཞན་དུ་གྱུར་བའི་དབང་གིས་ཁོ་དང་ཁྱིམ་མི་ཚང་མ་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་སའི་རྨ་ཆུའི་འགོ་ཁུངས་ནས་བྲལ་དགོས་བྱུང་། ཡིན་ན་ཡང་། ད་ལྟ་ཁོ་སླར་ཡང་ཕ་ཡུལ་དུ་ལོག་སྟེ་མཚོ་སྐྱ་རེངས་དང་སྔོ་རེངས་འགྲམ་གྱི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཏུ་གྱུར་པ་དང་ཆབས་ཅིག ལྐོག་རྔོན་དང་ལྐོག་འཐུ་བྱེད་མཁན་ལའང་ལྟ་སྲུང་ནན་མོ་བྱེད་ཀྱིན་ཡོད། རི་དྭགས་དགོ་བ་དང་། རྐྱང་། ཁྲུང་ཁྲུང་མགོ་ཁྲ་སོགས་ནི་ཁོའི་པར་ལེན་བྱ་ཡུལ་དུ་གྱུར་ཡོད་ལ། པར་དེ་དག་ལྟ་སྲུང་རུ་ཁག་གི་སྐད་འཕྲིན་ཚོགས་པར་སྐུར་ཐེངས་རེར་སེམས་ལ་གྲུབ་འབྲས་ཆེན་པོ་ཞིག་ཐོབ་པའི་སྣང་བ་སྐྱེས་ཡོད་ཅེས་དར་རྒྱས་རིན་འཛིན་གྱིས་དེ་ལྟར་བཤད། ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་སྐྱེ་ཁམས་ལྟ་སྲུང་གི་ལས་གནས་སུ་ཞུགས་ཡོད་པས། སྔོན་ཆད་ཀྱི་རྩྭ་ཐང་བེད་སྤྱོད་བྱེད་མཁན་ནས་སྐྱེ་ཁམས་སྲུང་སྐྱོབ་པ་དང་སྐྱེ་ཁམས་ཀྱི་ཕན་འབྲས་ལོངས་སུ་སྤྱོད་མཁན་ཞིག་ཏུ་གྱུར་ཡོད།
ཀྲུང་གོའི་གསའ་ཡི་ཕ་ས་ཞེས་སུ་གྲགས་པའི་རྫ་ཆུའི་རོང་ཆེན་དུ་སྐྱོད་སྐབས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་སྡེ་མི་ཡོན་ཏན་གྱིས་ཉེ་བའི་ལོ་ཤས་རིང་ཞབས་ཞུ་བའི་ལས་ཀ་གཉེར་བཞིན་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་གནས་དེ་ནས་གསའ་ལ་ལྟ་ཞིབ་ཀྱི་ཆོག་འཐུས་གཉེར་སྐྱོང་རྣམ་གྲངས་འཚོལ་ཞིབ་བྱས་ནས་སྤེལ་བ་དང་། འབྲོག་པ་ཁྱིམ་ཚང་ཉེར་གཉིས་སྐྱེ་ཁམས་ཉམས་ལེན་གྱི་སྣེ་ལེན་ཁྱིམ་ཚང་དུ་བདམས་ཡོད།
གསོ་སྦྱོང་བྱས་པ་བརྒྱུད་ཡོན་ཏན་གྱིས་སྐྱེ་ཁམས་བཅར་འདྲི་བར་བཟའ་བཏུང་དང་ཞག་སྡོད་ཀྱི་ཞབས་ཞུ་བ་དང་། ཁ་ལོ་བ། ལམ་སྣེ་འཁྲིད་མཁན་བཅས་བྱས་ཏེ། སྐྱེ་ཁམས་བཅར་འདྲི་བ་རྣམས་རོང་ཆེན་དབུས་སུ་ཚན་ཞིབ་དང་། པར་ལེན། སྐྱེ་ཁམས་ཉམས་ལེན། རང་བྱུང་ལྟ་ཞིབ་བཅས་བྱེད་པར་རམ་འདེགས་བྱེད་བཞིན་ཡོད། ཆོག་འཐུས་གཉེར་སྐྱོང་ལས་ཐོབ་པའི་ཁེ་སྤོགས་ཀྱི45%སྣེ་ལེན་བྱེད་མཁན་གྱི་ཁྱིམ་ཚང་ལ་དབང་བ་དང་། 45%གྲོང་གསེབ་ལ་དབང་བ་དེ་དག་སྤྱི་པའི་ལས་དོན་ལ་སྤྱོད་པ། 10%རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཐེབས་རྩར་འཇོག་བཞིན་ཡོད། མིག་རྒྱ་བསྐྱེད་པ་དང་བསམ་བློར་འགྱུར་ལྡོག་བྱུང་བས། མཛེས་སྡུག་གི་སྐྱེ་ཁམས་ནི་ང་ཚོའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་བྱེད་ཐབས་བཟང་བོ་ཞིག་རེད་ཅེས་ཡོན་ཏན་གྱིས་དགའ་སྤྲོས་ངང་དེ་ལྟར་བཤད་བྱུང་།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།