བག་ཡངས་སུ་རྒྱུ་བའི་རི་དྭགས་གཙོད།
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དུ་ཡོད་པའི་རི་དྭགས་གསའ།
ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས།
མཚོ་སྔོན་ནི་འཛམ་གླིང་ཐོག་མཚོ་འཕང་མཐོ་བའི་ས་ཁུལ་ཡིན་ལ་སྐྱེ་དངོས་སྣ་མང་རང་བཞིན་གཅིག་བསྡུས་བྱས་ཡོད་པའི་ས་ཁུལ་ཞིག་ཡིན་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དང་སྐྱེ་དངོས་རིགས་ཀྱི་ནོར་མཛོད་གལ་ཆེན་ཞིག་ཀྱང་རེད། ཞིང་ཆེན་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་བརྒྱ་ཆའི་གྱ་ལྔའི་འཚོ་སྡོད་བྱ་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་བྱེད་ཁོངས་སུ་བཅུག་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྐོར་ས་ཁུལ་གྱི་རི་སྔོ་ཆུ་དྭངས་ཀྱི་གནས་སུ། རི་སྐྱེས་སྲོག་ཆགས་ཀྱིས་རྩེད་དགར་རོལ་བ་དང་ཟས་འཚོལ་བ་བཅས་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་མོ་དེ་ཁོ་ཚོའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད།
གསའ་ཡི་རྗེས་ཤུལ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་ལ་ཁྱབ་ཡོད།
2021ལོར། མཚོ་སྔོན་གྱི་ས་ཆ་མང་པོ་ཞིག་ཏུ་སླར་ཡང་གསའ་ཡི་འགུལ་སྐྱོདསྤེལ་ཡུལ་ལྟ་ཞིབ་ཚད་ལེན་བྱས་པ་རེད། ཤེས་རྟོགས་བྱུང་བའི་གསའ་མང་པོ་ཞིག་གི་ཁྲོད་དུ། ཕྱི་རོལ་དུ་བཏང་པའི་གསའ་ལིན་ཀྲའི་ཁྱབ་རྒྱ་ཧ་ཅང་ཆེ་ལ། གསའ་ལིན་ཀྲི་ནི་མཚོ་སྔོན་ཞིང་ཆེན་གྱིས་ཐེངས་དང་པོར་ཕྱི་རོལ་དུ་བཏང་པའི་གསའ་ཞིག་ཡིན་པ་དང་། དེས་རང་རྒྱལ་གྱི་གསའ་ཡི་ཁེར་རྐྱང་བྱ་སྤྱོད་རིག་པ་སོགས་ཞིབ་འཇུག་ལ་ཕུན་སུམ་ཚོགས་པའི་རྨང་གཞིའི་དཔྱད་གཞི་མཁོ་འདོན་བྱས་ཡོད།
མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྟག་རོང་བདག་སྐྱོང་ས་ཚིགས་ཀྱི་འགོ་གཙོ་ལི་ཁྲིན་དབྱིས་ཀྱིས་བཤད་རྒྱུར། ལིན་ཀྲི་ནི་སྟག་རོང་ཤར་ཕྱོགས་སྤྱི་ལེ་བདུན་ཙམ་གྱི་སར་ཤེས་རྟོགས་བྱུང་བ་ཞིག་ཡིན་ལ། གསའ་དེ་ཞིང་པའི་སྡོད་ཁང་དུ་བསྐྱོད་ནོར་བྱུང་བ་ནས་རོགས་སྐྱོབ་བྱས་པ། དེ་ནས་ཕྱི་རོལ་དུ་བཏང་པའི་བར་སྤྱི་ཚོགས་ལས་རིགས་སོ་སོའི་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། ན་ནིང་གི་ཟླ་དགུ་པར། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་ལིན་ཀྲི་ཡི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། སྲུང་སྐར་བརྒྱུད་ནས་རྗེས་འདེད་ཤེས་རྟོགས་བྱུང་བ་ལྟར་ན། ལིན་ཀྲི་ཕྱིར་བཏང་རྗེས་ཤར་ཕྱོགས་སུ་བསྐྱོད་པ་དང་། མིན་ཡོན་ནས་ཧུའུ་ཀྲུའུ་དང་ལའོ་ཏུའུ། དེ་ནས་ལན་ཀྲིག་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཡུང་ཏིན་རྫོང་བཅས་སུ་བསྐྱོད་པ་རེད། འོན་ཀྱང་། གསའ་དེ་གང་དུ་སོང་ཡང་ཁོའི་ཁྱིམ་ནི་ནམ་ཡང་སྟག་རོང་དུ་གནས་ཡོད་ཟེར།
ལིན་ཀྲིའི་སྐོར་གླེང་སྐབས། སྟག་རོང་བདག་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་བ་རེ་རེར་སེམས་འགུལ་ཆེན་པོ་ཐེབས་ཀྱིན་ཡོད། ཁོ་ཚོའི་སེམས་སུ། ལིན་ཀྲི་ནི་དྲིལ་བསྒྲགས་ཕོ་ཉ་ཞིག་དང་འདྲ་བར་ཕྱི་ཕྱོགས་ཀྱིས་དོ་ཁུར་བྱས་པ་བརྒྱུད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་གྱི་ས་ཁུལ་དང་དེ་མིན་སྲུང་སྐྱོབ་ཀྱི་ཕན་འབྲས་ལ་སྔར་ལས་དོ་ཁུར་ཆེན་པོ་ཐེབས།
གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་འཛུགས་སྐྲུན་གྱི་ཕན་འབྲས་མཚོན་པའི་དཔེ་མཚོན་ལྟ་བུ་རེད། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ལི་ཞའོ་ནན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་གསའ་ཡི་གྲངས་ཀ་དང་ཡང་ན་ཤེས་རྟོགས་བྱུང་པའི་ས་ཆ་མངོན་གསལ་སྒོས་ཇེ་མང་དུ་འགྲོ་བཞིན་ཡོད། གསའ་ཡང་ཡང་མཐོང་ཐུབ་པའི་གནས་ཚུལ་དེ་དག་ལས་མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་པ་མཚོན་ལ། འཚོ་སྡོད་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད།
མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་ཏུ་གསའ་ཡི་འགུལ་སྐྱོད་ཟིན་ཐོར་བཀོད་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཀ་ཕྱེད་ཙམ་ཟིན་པའི་རྫོང་ཁོངས་སུ་གསའ་ཡོད་པ་དང་། གསའ་ཡི་ཁྱབ་རྒྱ་ཅུང་ཆེ་བའི་ཞིང་ཆེན་ཞིག་ཡིན་ལ། མིག་སྔར། གསའ་ཡི་རྗེས་ཤུལ་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད།
ཁྲུང་ཁྲུང་སྐེ་ནག་གི་ཁྱབ་ཚད་རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་གནས་ཡིན་པ།
དཔྱིད་འགོར། འབྲི་ཆུའི་འགོ་ཁུངས་གླིང་ཁུལ་གྱི་ཡུས་ཧྲུའུ་རིན་པོ་བརླན་ས་རུ་ཚེ་སྲོག་གསོ་སྤེལ་བྱེད་བཞིན་ཡོད། ཟླ་བ་གཅིག་འགོར་རྗེས། ལྷོ་རུ་དགུན་སྒྲོལ་དུ་སོང་པའི་ཁྲུང་ཁྲུང་སྐེ་ནག་གཅིག་རྗེས་གཉིས་མཐུད་ངང་འདི་གར་སླེབས་སྲིད། ཡངས་ཤིང་རྒྱ་ཆེ་བའི་རིན་པོ་བརླན་ས་ནི་ཁྲུང་ཁྲུང་སྐེ་ནག་གི་ཁྱིམ་གཞིས་རེད། ཡུས་ཧྲུའུ་རིན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལས་བཟོ་བས་མཚམས་སྦྱོར་བྱས་པ་ལྟར་ན། ཁྲུང་ཁྲུང་སྐེ་ནག་ས་ཆ་འདིར་བརྩེ་བ་ཡོད་པ་དང་། གཙོ་བོ་ནི་སྲུང་སྐྱོབ་ས་ཁུལ་གྱི་བརླན་སའི་སྟེང་ཟས་རིགས་ཕུན་སུམ་ཚོགས་པོ་ཡོད་པས། ཁྲུང་ཁྲུང་སྐེ་ནག་ལ་འཚོ་བའི་ཁོར་ཡུག་སྐྱིད་པོ་ཞིག་བསྐྲུན་ཡོད་ཟེར།
ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་གཞོན་པ་ལི་ལའེ་ཞིན་གྱིས་བཤད་རྒྱུར། ཁྲུང་ཁྲུང་སྐེ་ནག་ནི་མཚོ་སྔོན་གྱི་ས་ཁོངས་ཧྲིལ་པོར་ཁྱབ་པ་དང་། མཐོ་སྒང་གི་བརླན་ས་མང་ཆེ་བའི་གནས་སུ་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་བྱེད་པར་འཚམ་ལ། རྒྱལ་ནང་གི་དབྱར་དུས་རྒྱུད་སྤེལ་གྱི་གནས་ཆེས་ཆེ་བ་དང་ཆེས་གལ་ཆེ་བ་ཞིག་རེད་ཟེར།
“ཁྲུང་ཁྲུང་སྐེ་ནག་མཚོ་སྔོན་མཐོ་སྒང་ལ་དགའ་ཞེན་ཆེ་བ་ནི་སྐྱེ་དངོས་ས་ཁམས་རིག་པའི་ཐད་ཀྱི་ཁྱད་སྟོབས་ཞིག་ཡིན་པ་མ་ཟད། མདོ་དབུས་མཐོ་སྒང་དུ་ཁྲུང་ཁྲུང་གི་རིགས་ཀྱང་རིམ་བཞིན་འཚམ་མཐུན་བྱུང་བའི་སྲོག་ཆགས་ཤིག་རེད།” ལི་ལའེ་ཞིན་གྱིས་བཤད་རྒྱུར། ཆེས་གལ་ཆེ་བ་ནི་མཚོ་སྔོན་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་འཛུགས་སྐྲུན་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ལྷག་པར་དུ་མཚོ་སྔོན་གྱིས་ཁྲུང་ཁྲུང་སྐེ་ནག་འཚོ་གནས་གཙོ་བོ་མཚོ་སྔོན་པོ་དང་ཡུས་ཧྲུའུ་རིན་པོ་སོགས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་རིམ་སྤོར་བྱ་རྒྱུ་དེ་རེད་ཟེར།
ཁྲུང་ཁྲུང་སྐེ་ནག་ནི་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་གི་རིགས་གཅིག་པུ་ཡིན་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོ་སོགས་སུ་ཁྱུ་དང་ཁྱུ་བྱས་ཏེ་ཁྱབ་ཡོད། སྐྱེ་ཁམས་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་པ་དང་ཆབས་ཅིག འབྲི་ཆུའི་འགོ་ཁུངས་ཀྱི་རིན་པོ་དང་རྒྱ་ཐང། པན་ཏེ་མཚེའུ་སོགས་སུ་གནས་པའི་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཀྱི་གྲངས་ཀ་བརྟན་པོའི་ངང་ཇེ་མང་དུ་འགྲོ་བཞིན་ཡོད། ལི་ལའེ་ཞིན་གྱིས་བཤད་རྒྱུར། ད་ལྟ་མཚོ་སྔོན་ཞིང་ཆེན་འདི་ཉིད་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་དུ་བདམས་ཡོད་པ་དང་། བརླན་ས་ཚུད་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ལ་ཁྱོན་ཡོངས་ནས་ཚན་རིག་དང་མཐུན་པའི་ངོས་འཛིན་དང་ལྟ་ཞིབ་ཚད་ལེན། དོ་དམ་བཅས་བྱ་རྒྱུར་ཤུགས་བསྣན་ཏེ། ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཀྱིས་མདོ་དབུས་མཐོ་སྒང་དུ་སྔར་ལས་ལེགས་པའི་ངང་འཚོ་བ་རོལ་བ་དང་རྒྱུད་སྤེལ་ཐུབ་པར་བྱེད་དགོས་ཟེར།
2021ལོར། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་པ་དང་། གསའ་དང་དགོ་བ། གཙོད་སོགས་མཐོང་དཀོན་པའི་སྲོག་ཆགས་ཀྱི་གྲངས་ཀ་བརྟན་པོའི་ངང་འཕར་བཞིན་ཡོད་ལ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད། ད་ལོའི་རང་རྒྱལ་གྱི་བརྗོད་བྱ་གཙོ་བོ་ནི“མཐོང་དཀོན་པའི་རི་སྐྱེས་སྲོག་ཆགས་ལ་དོ་ཁུར་དང་སྲུང་སྐྱོབ་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།”
སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། 《དགོ་བ་སྲུང་སྐྱོབ་འཆར་འགོད》དང《གསའ་སྲུང་སྐྱོབ་འཆར་འགོད》བཟོས་ནས་ལག་བསྟར་བྱེད་དགོས། སྡེ་ཁག་མང་པོ་ཞིག་གིས“ལྗང་ཕུབ”ཀྱི་བྱ་སྤྱོད་སྤེལ་བ་དང་། འཚོ་གནས་ཁུལ་སྲུང་སྐྱོབ་དང་། རིམས་ནད་འབྱུང་ཁུངས་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ། ཟས་རིགས་དང་གསོ་སྤེལ་ལ་བཀག་སྡོམ་བྱེད་པ། གང་བྱུང་དུ་ལྐོག་རྔོན་བྱེད་པར་རྡུང་རྡེག་གཏོང་བ་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་འགུལ་སྤེལ་བས། རྩ་ཆེ་ལ་འཇིག་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་ཀ་སླར་གསོ་བྱུང་བ་དང་ཇེ་མང་དུ་འགྲོ་བཞིན་ཡོད།
ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་འཚོ་གནས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། སྲུང་སྐྱོབ་ས་ཁུལ་མངའ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་འཚོ་གནས་ཁུལ་གལ་ཆེན་གྱི་འཐུས་ཚང་རང་བཞིན་དང་གདོད་མའི་རང་བཞིན་སྲུང་སྐྱོབ་ནུས་ལྡན་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ནགས་ཚལ་གཏོར་བརླག་གཏོང་མཁན་དང་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཉོ་འཚོང་བྱེད་མཁན་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་དགོས། ནགས་ཚལ་དང་རྩྭ་ཐང་། བརླན་ས་བཅས་ཀྱི་ཐོན་ཁུངས་ལ་ལྟ་ཞིབ་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་། དཔེ་མཚོན་གྱོད་གཞི་ཁག་ཅིག་ཡོངས་བསྒྲགས་སུ་དམར་འདོན་དང་སྒོ་བྱང་བཀལ་ནས་སྒྲུབ་ཏེ་ཟིལ་ཤུགས་ཆེན་པོ་མཚོན་པར་བྱེད་དགོས།
ཞིང་ཆེན་དང་ཁུལ(གྲོང་ཁྱེར།)རྫོང་བཅས་རིམ་པ་གསུམ་གྱི་སྐམ་སའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྐམ་སའི་ཐོག་གི་རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཉེན་ཟོན་དང་རྡུང་རྡེག་གཏོང་བའི་སྡེ་ཁག་གི་མཐུན་སྦྱོར་རྐྱེན་སྲོལ་འཛུགས་པ། སྐམ་སའི་ཐོག་གི་རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་ཁྲིམས་འཛིན་གསལ་འབྱེད་བྱེད་པའི་སྒྲིག་སྲོལ་འཛུགས་པ། ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བའི་ཆེད་དམིགས་བྱ་འགུལ་སྒྲིག་འཛུགས་བཅས་བྱ་དགོས། གླེང་རིན་ཡོད་པ་ཞིག་ནི། ཉེན་ཚབ་ཀྱི་འགན་སྲུང་ནུས་པ་ཆེ་རུ་བཏང་ནས། ནགས་ཚལ་ཕྱོགས་བསྡུས་ཉེན་ཚབ་མུའུ་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་གཉིས་ཁྲི་གཉིས་ལེགས་སྒྲུབ་བྱས་པ་དང་། རི་སྐྱེས་སྲོག་ཆགས་ཀྱིས་མི་ལུས་དང་རྒྱུ་ནོར་ལ་གྱོང་གུན་བཟོས་པར་ཉེན་ཚབ་ཀྱིས་སྐྱིན་ཚབ་སྤྲོད་པའི་ཚོད་ལྟའི་བྱ་བ་སྤེལ། ཉེན་ཚབ་ལམ་སྲོལ་དེ་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པའི་སྐྱིན་ཚབ་སྤྲོད་པའི་ཐད་ཐོག་མར་བཀོལ་བ་རེད།
མཚོ་སྔོན་གྱི་སྐྱེ་ཁམས་མ་ལག་ཁག་གི་འགྱུར་ལྡོག་བརྟན་པོར་གྱུར་བ་དང་བསྟུན་ནས། ཆུ་ཁོངས་དང་བརླན་སའི་རྒྱ་ཁྱོན་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། བརླན་སའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། ནགས་ཚལ་གྱི་རྒྱ་ཁྱོན་ཇེ་ཆུང་དུ་འགྲོ་བར་བཀག་འགོག་ཐུབ་ཡོད་ལ། རྩྭ་ཐང་གི་སྔོ་ཁེབས་ཚད་ཡང་ཇེ་མང་དུ་གྱུར་ཡོད། མཚོན་བྱེད་རང་བཞིན་གྱི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཇེ་མང་དུ་འགྲོ་བ་བཅས་རི་སྐྱེས་སྲོག་ཆགས་ཀྱི་ཟས་རིགས་དང་བྱ་འགུལ་སྤེལ་ཡུལ་ལ་ཕན་ནུས་ལྡན་པའི་སྒོ་ནས་ལེགས་བཅོས་ཐོབ་ཡོད། རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་ཀ་རིམ་བཞིན་སླར་གསོ་དང་ཇེ་མང་དུ་སོང་བ་དེས་མཚོ་སྔོན་གྱི་སྐྱེ་ཁམས་མ་ལག་སླར་གསོ་བྱུང་བར་གནད་འགག་གི་ནུས་པ་འདོན་སྤེལ་བྱས་ཡོད།
མིག་སྔའི་བར་དུ། མཚོ་སྔོན་གྱི་མཐོང་དཀོན་པའི་སྲོག་ཆགས་ཀྱི་གྲངས་ཀ་བརྟན་པོའི་ངང་འཕར་བཞིན་ཡོད། དེའི་ཁྲོད། གཙོད་ཁྲི་བདུན་ལྷག་ཙམ་བར་ཇེ་མང་དུ་ཕྱིན་པ་དང་། དགོ་བ་སྟོང་གསུམ་ལྷག་ཙམ་བར་ཇེ་མང་དུ་ཕྱིན་ལ། གསའ་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་མངའ་ཁོངས་ནང་གསའ་འཚོ་གནས་བྱེད་པའི་རྗེས་ཤུལ་མཐོང་ཐུབ།
ད་ལོ་རང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་རི་སྐྱེས་སྲོག་ཆགས་ཁྱབ་ཚུལ་ལ་བརྟག་དཔྱད་བྱས་ནས། ཧུར་ཐག་གིས་མདོ་དབུས་མཐོ་སྒང་རྒྱལ་ཁབ་སྐྱེ་དངོས་གླིང་འཛུགས་སྐྲུན་བྱེད་དགོས། རྒྱུན་རྣམ་ཅན་གྱིས་ཆེད་དོན་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་ནས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱ་རྒྱུ་ཁྱོན་ཡོངས་ནས་གཏན་འགོག་བྱེད་དགོས་ལ། རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་ཁ་གསབ་ཀྱི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱིས་མི་ལུས་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པར་ཉེན་ཚབ་ཀྱིས་སྐྱིན་ཚབ་འཇལ་བའི་ཚོད་ལྟ་བྱེད་གནས་ཀྱི་བྱ་བ་ལག་བསྟར་བྱ་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།