ལྗང་མདོག་གི་མཚོ་ལྷོ།རབ་མཛེས་ཀྱི་སྐྱེ་ཁམས།
2022.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

“དགུན་དུས་ཀྱི་ནམ་ཟླ་གྲང་ངར་ཆེ་ནའང་། སྔོ་ཞིང་བསངས་པའི་ནམ་མཁའ་དང་། དྭངས་ཤིང་གཙང་གི་མཁའ་དབུགས། ཕུན་སུམ་ཚོགས་པའི་རྩྭ་རྩི་ཤིང་རིགས་ཀྱིས་ང་ཚོ་ཕྱི་རོལ་དུ་ལུས་སྦྱོང་བྱེད་དུ་འགྲོ་བར་འགུགས་བཞིན་པ་དང་འདྲ” ཞེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་དུ་ཞོགས་རྩལ་སྦྱོང་བཞིན་པའི་ཀྲང་ལིས་ལིས་ཡིས་དེ་ལྟར་བཤད།

མཛེས་སྡུག་གི་ཁོར་ཡུག་ནི་མིག་གིས་མཐོང་ཐུབ་པ་ཞིག་རེད། 2022ལོའི་ཟླ1ཚེས་21ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི《སྲིད་གཞུང་བྱ་བའི་སྙན་ཞུའི》ནང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་དུ་བདམས་པ་དང་། ཁྲི་ཀ་དང་ཧི་ནན་རྫོང་གཉིས་རྒྱལ་ཁབ་ཀྱི“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་སྐྲུན་གྱི་རྟེན་གཞི་རུ་བདམས་ཡོད། ཡིན་ཡང་། གནམ་སྔོན་པོ་དང་། ཆུ་དྭངས་མོ། སྤང་ལྗང་ཁུའི་མཛེས་པ་དང་མི་དམངས་མང་ཚོགས་ཀྱིས་རང་འགུལ་ངང་སྐྱེ་ཁམས་ཁོར་ཡུག་བཟང་པོར་སྲུང་སྐྱོབ་བྱེད་པའི་རྣམ་པ་ནི་ལས་སླ་མོར་བྱུང་བ་ཞིག་མིན།

“ལོ་ལྔའི་འཆར་འགོད་བཅུ་གསུམ་པ”ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲིར་བརྩིས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ།“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་གཏིང་ཟབ་སྒོས་ལག་བསྟར་དང་། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཀྱི་བྱེད་ཐབས་སོ་སོ་ནན་ཏན་གྱིས་དངོས་འབེབ་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་འབུར་དུ་ཐོན་པའི་ཁོར་ཡུག་གནད་དོན་ནུས་པ་ལྡན་པའི་སྒོ་ནས་ཐག་གཅོད་བྱས་པ་དང་། སྐྱེ་ཁམས་ལྗང་མདོག་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ལྗང་མདོག་དེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་མངོན་གསལ་ཞིག་ཏུ་འགྱུར་བར་བྱས།

གད་སྙིགས་བཅོས་སྐྱོང་བྱས་ནས་སྔོ་ལྗང་སྐྲུན།

ཉེ་ལམ། རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྨ་ཆུའི་རིག་གནས་ཡུལ་སྐོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་སྒོའི་སྟེང་། རྨ་ཆུ་བརྗོད་བྱ་གཙོ་བོ་ཡིན་པའི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་ལམ་ཐིག་བཅུ་དང་《རྨ་ཆུའི་རིག་གནས་ཡུལ་སྐོར་ཁུལ་གྱི་སྤུས་དག་ལམ་ཐིག་ལག་དེབ》ཁྱབ་བསྒྲགས་བྱས་པ་དང་། རྨ་ཆུའི་ཨན་ལན་རིག་གནས་ཡུལ་སྐོར་ལམ་ཐིག་ལས་གྲུབ་པའི་གྲས་སུ་མཚོ་ལྷོ་ཁུལ་ཚྭ་རྔ་འགག་ཡང་ཚུད་ཡོད་པ་རེད།

“ཁང་བའི་རྒྱབ་མདུན་དང་། གཞུང་ལམ་གྱི་ལམ་རྒྱུད། ཆུ་མཛོད་ཁུལ་གྱི་འགྲམ་རྒྱུད་བཅས་སུ་རྩྭ་དང་འབུད་ཤིང་གང་བྱུང་དུ་སྤུངས་པ་དང་། འགྱིག་སྣོད་དང་། ལྕགས་ཀྲིན་སོགས་གད་སྙིགས་གང་བྱུང་དུ་གཡུགས་ཡོད་པ་དེ་ནི་ང་ཚོ་སྡེ་བའི་སྔོན་ཆད་ཀྱི་རྣམ་པ་ཡིན། ‘ས་ཁོངས་ཡོངས་སུ་གད་སྙིགས་མེད་པ’ཁྱབ་གདལ་བཏང་བ་ནས་བཟུང་། མིའི་འཚོ་སྡོད་ཁོར་ཡུག་ལ་ལེགས་བཅོས་ཐོབ་པ་དང་། ཚང་མས་ཁོར་ཡུག་ལ་མཐོང་ཆེན་བྱས། ཁྱེད་ཀྱིས་ལྟོས་དང་། ད་ལྟ་ང་ཚོ་སྡེ་བའི་རྣམ་པ་ཤིན་ཏུ་མཛེས། ”སྡེ་བའི་ཁོར་ཡུག་གི་འགྱུར་ལྡོག་སྐོར་གླེང་སྐབས། གུང་ཧོ་རྫོང་ཚྭ་རྔ་འགག་གྲོང་རྡལ་ལུང་གཡང་སྡེ་གསར་གྱི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྥིན་ཐིན་ཀྲུང་གིས་དགའ་སྤྲོའི་ངང་ནས་དེ་ལྟར་བཤད། ཉིན་འདི་དག་རིང་ལ་སྡེ་བ་སོ་སོའི་སྡེ་མིས་གཅིག་བསྡུས་ཀྱིས་གཙང་སྦྲ་བྱས་པ་བརྒྱུད།འབུད་ཤིང་ར་སྐོར་ཕྱི་རོལ་གྱི་གྱང་ཟུར་དུ་གྲལ་འགྲིག་པོར་བརྩིགས་པ་དེས་ཚྭ་རྔ་འགག་གྲོང་རྡལ་ལ་བབ་ཆགས་པའི་ཞིང་རའི་ཉམས་འགྱུར་ཤིག་མངོན་དུ་བཅུག་ཡོད་པ་རེད།

ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་སྤེལ་བའི་ཁྲོད། ལུང་གཡང་སྡེ་གསར་གྱི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགོ་ཁྲིད་པའི་ཁོངས་མི་དང་། ཏང་ཡོན་མང་ཚོགས་ཀྱི་འཐུས་མིས་ཁོར་ཡུག་བཅོས་སྐྱོང་བྱ་བའི་ལྟ་ཞིབ་དཔྱད་བསྡུར་ཚོ་ཆུང་བཙུགས་ཏེ། དོ་དམ་བྱེད་ཐབས་ཀྱི་བྱ་དགའ་དང་ཆད་གཅོད་ལམ་ལུགས་བཟོས་ནས“ཟླ་རེར་དཔྱད་བསྡུར་གཅིག”གི་ཞིབ་བཤེར་ལམ་ལུགས་ལག་བསྟར་བྱས། ཟླ་རེར་ཁོར་ཡུག་འཕྲོད་བསྟེན་ལེགས་སྒྲིག་གི་དཔྱད་བསྡུར་བྱེད་སྒོ་སྤེལ་ཏེ།“འཕྲོད་བསྟེན་དཔལ་ཡོན་ཁྱིམ་ཚང་”བདམས་པ་དང་། སྤྱི་གྲངས5%ཡི་བསྡུར་ཚད་ཁྲོད“ལོ་ཧྲིལ་བོའི་འཕྲོད་བསྟེན་དཔེ་སྟོན་ཁྱིམ་ཚང་”དཔྱད་འདེམས་བྱས། 2021ལོར་ལུང་གཡང་སྡེ་གསར་དུ་ཁྱིམ་ཚང་བཅོ་བརྒྱད་བདམས་ཡོད་པ་མ་ཟད། བྱ་དགའི་སྒོར་མོ་ཡང་བྱིན། དེ་དང་ཆབས་ཅིག འཕྲོད་བསྟེན་གྱི་ཚད་གཞིར་སླེབས་མེད་པའི་ཁྱིམ་ཚང་ཡོངས་བསྒྲགས་བྱས་ཏེ། ཉེ་འགྲམ་གྱི་མི་དང་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་མང་ཚོགས་ལ་སློབ་གསོ་བཏང་། སྡེ་བ་ནས་ད་དུང་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཆེད་དོན་བཅོས་སྐྱོང་བྱས་པ་དང་། ཁག་བགོས་ནས་ཆུ་མཛོད་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་བྱེད་པའི་བྱེད་ཐབས་དེ་སྡེ་སྲོལ་དམངས་ཆིངས་ཁྲོད་བཞག་པ་དང་། རྒྱ་ཆེའི་མང་ཚོགས་རྣམས་འགུལ་སྤྱོད་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྔར་ལས་མཐོ་རུ་ཕྱིན་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་ཁོར་ཡུག་བཅོས་སྐྱོང་བྱེད་པའི་རྣམ་པ་ཞིག་ཆགས།

གུང་ཧོ་རྫོང་གིས་ད་དུང་ཡུལ་ཚོ་དང་གྲོང་རྡལ་དང་། ཚོད་ལྟའི་སྡེ་བ་བཅུ་གཅིག་ལ་གད་སྙིགས་གཙང་སེལ་གྱི་ཆེད་དོན་གྲོན་དངུལ་བྱིན་པ་དང་། གཙང་སྦྲའི་དཔུང་སྡེ་བཀོད་སྒྲིག་བྱས་ལ། ཁོར་ཡུག་སྲུང་སྐྱོབ་སྒྲིག་ཆས་ཀྱི་ཉིན་རྒྱུན་བཀོལ་སྤྱོད་དང་དོ་དམ་སྲུང་སྐྱོང་བྱ་བའི་འགན་འཁུར་དུ་བཅུག་པ་དེས་ཁོར་ཡུག་རྣམ་པར་མུ་མཐུད་དུ་རྣམ་པ་གསར་པ་མངོན་པ་དང་། གྲོང་ཁྱེར་གྱི་སྐྱེ་ཁམས་དཔལ་ཡོན་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད་པ་རེད།

མཛེས་སྡུག་ལྡན་པའི་མཚེའུ་ནི་འདབ་ཆགས་བྱ་ཡི་ཞིང་ཁམས་ཡིན།

ལོ་རེའི་ཟླ་བཅུ་བ་ནས་བཟུང་། ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་ཨར་ལན་སྡེ་བའི་རྨ་ཆུའི་བརླན་སའི་ཆུ་ཁོངས་སུ་ངང་བ་ཁྱུ་ཞིག་འཕུར་ཡོང་།

“དེ་ནི་ང་ཚོ་སྡེ་བའི་ནང་གི་གནས་ཡུལ་འགྲིམས་པའི་བུ་མོ་ཞིག་དང་འདྲ། དགུན་ཁ་ཕ་ཡུལ་དུ་ལོག་ནས་ལོ་སར་བཞིན་ཡོད། ལོ་རེའི་ཟླ་དགུ་བ་ནས་བཟུང་། ང་ཚོས་ཆེད་དུ་མི་བཀོད་སྒྲིག་བྱས་ནས་ཉིན་རེར་བརླན་སའི་ཁུལ་དུ་སྐོར་གཡེང་བྱས་ནས‘བྱ་ངང་བ’དེ་དག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཅིང་། བྱ་ངང་བས་ཨར་ལེན་སྡེ་བའི་ཉེ་འགྲམ་གྱི་ཆུ་ཁོངས་བདམས་ནས་ངལ་གསོ་བྱེད་བཞིན་ཡོད་ལ། དེས་གནས་འདིའི་རང་བྱུང་ཁོར་ཡུག་ཤིན་ཏུ་ལེགས་པ་མཚོན་ཡོད”ཅེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིག་བུན་ཡུས་དགོད་ཞོར་དུ་དེ་ལྟར་བཤད།

ཀྲང་ཧྲིན་ཧའེ་ནི་བརླན་ས་འདིའི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མཁན་ཞིག་ཡིན་པ་དང་། ལོ་ངོ་མང་པོའི་རིང་ལ་དགུན་བརྒལ་བར་ཡོང་བའི་ངང་པའི་གནས་ཚུལ་ལ་དོ་ཁུར་བྱེད་བཞིན་ཡོད་ཅིང་། རྒྱལ་སྟོན་དུས་ཆེན་གྱི་རྗེས་སུ་ངང་པ་རྣམས་སྔ་རྗེས་བྱས་ནས་འཕུར་ཡོང་གིན་ཡོད། ཟླ་བཅུ་གཅིག་པ་ནས་ཕྱི་ལོའི་ཟླ་དང་པོའི་བར་གྲངས་ཀ་ཆེས་མང་བ་དང་། ད་ལོར་ཕལ་ཆེར་ངང་པ་སྟོང་གཅིག་ལྷག་ཡོད་པ་རེད། དེའི་རྒྱུ་མཚན་ནི་ཆུ་ཁོངས་ཀྱི་རྒྱ་ཁྱོན་ཅུང་ཆེ་བ་དང་། ངང་བ་གཅིག་འདུས་མི་བྱེད་པས། དོ་དམ་ལྟ་སྲུང་པ་རྣམས་ཚོ་ཆུང་གསུམ་དུ་བགོས་ཏེ། སོ་སོས་སྤྱི་ལེ་གཅིག་ཡས་མས་ལ་དོ་དམ་ལྟ་སྲུང་བྱེད་དགོས། “ང་ཚོའི་འགན་འཁུར་གཙོ་བོ་ནི་གྲུ་ཆུང་གཏོང་རྒྱུ་དེ་ཡིན་པ་དང་། གནས་གཏན་འཁེལ་དུ་སོང་ནས་ངང་པར་མ་རྨོས་ལོ་ཏོག་དང་། ནས། ཡུ་གུ་སོགས་གཟན་ཆས་སྟེར་བ་དང་། དེ་དང་ཆབས་ཅིག མཚེའུ་ནང་གི་གད་སྙིགས་དང་རྩྭ་ལྡུམ་སོགས་གཙང་སེལ་བྱ་དགོས”ཞེས་བཤད།

2021ལོ་ནས་བཟུང་། ཁྲི་ཀ་རྫོང་གིས་ཞིང་ཆེན་དང་ཁུལ་གྱི་བཙོག་ཆུ་འགོག་བཅོས་བྱ་བའི་བྱེད་ཐབས་ནན་ཏན་གྱིས་དངོས་འབེབ་བྱེད་པའི་འབྲེལ་ཡོད་དགོས་མཁོ་ལྟར། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཧུར་ཐག་གིས་ཉམས་གསོ་བྱེད་པར་སྐུལ་འདེད་བྱས་པ་དང་། བཙོག་ཆུ་ཕྱིར་གཏོང་གི་སྤྱི་གྲངས་ལ་དོ་དམ་ཚོད་འཛིན་ནན་མོ་བྱེད་པ། འཐུང་ཆུའི་ཆུ་འགོར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྨ་ཆུའི་ནང་བཞུར་བའི་བཙོག་ཆུ་ཕྱིར་གཏོང་ཞིབ་བཤེར་ལེགས་སྒྲིག་བྱེད་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་ཀྱི་ཉིན་བརྒྱའི་མཁྲེགས་གཏོར། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་གནད་དོན་ལ་ཕྱོགས་ཡོངས་ནས“བརྟག་དཔྱད”དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་དག་ཐེར་བྱེད་པའི་འགུལ་སྐྱོད་སོགས་གཏིང་ཟབ་སྒོས་སྤེལ། ད་ལྟ། རྫོང་ཡོངས་ཀྱི་ས་ངོས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་ཁྱོན་ཡོངས་ནས་ལེགས་པ་དང་། གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་མགོ་ཚད་ཐིག་ལ་སླེབས་ཚད100%ཡིན་པ་དང་། རྨ་ཆུའི་བཅད་ངོས་ཀྱི་ཆུ་སྤུས་བརྟན་འཇགས་ཀྱི་སྒོ་ནས་རིགསIIཡི་ཚད་གཞིར་སླེབས་ཡོད་པ་རེད། མིག་གི་མཐོང་ཚད་བར་དུ་ཁྲི་ཀའི་རྨ་ཆུ་ནི་གཡུ་ཡི་སྐ་རགས་ཤིག་དང་འདྲ་བར་བྱ་རིགས་མང་པོ་འཚོ་གནས་བྱེད་པར་ཡོང་གིན་ཡོད།

ཀོས་ནན་རྫོང་མགོ་མང་གྲོང་རྡལ་དུ་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་མཐུན་ཚོགས་ཞིག་ཡོད་པ་དང་། ཁོ་ཚོས་མཛེས་པའི་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་ཕྲག་ཏུ་བླངས་ཏེ། དང་བླངས་པ་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བའི་ནང་ཞུགས་པ་དང་། ལོ་ངོ་བཅུ་ལྷག་ཙམ་གྱི་རིང་ལ་གླ་ཆ་མི་ལེན་པར་ཕ་ཡུལ་ལ་ལྗང་མདོག་གི་མཛེས་པའི་སྟོབས་ཤུགས་ཤིག་ལེགས་སྐྱེས་སུ་ཕུལ་ཡོད།

མགོ་མང་གྲོང་རྡལ་ནི་ཟི་ལིང་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་འགྲམ་རྒྱུད་དུ་གནས་ཡོད་པ་དང་། འགྲིམ་འགྲུལ་སྟབས་བདེ་བའི་གྲོང་རྡལ་ཆུང་ཆུང་ཞིག་ཡིན་ལ། རྫོང་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་བསྡུ་འགྲེམས་བྱེད་ས་གཙོ་བོ་དང་རྫོང་མཁར་ཤར་རྒྱུད་ཀྱི་ཉོ་ཚོང་ལྟེ་གནས་ཤིག་ཀྱང་ཡིན་པས། མི་གྲངས་ཉིན་རེར་ཇེ་མང་དུ་སོང་བའི་གྲོང་རྡལ་ཆུང་བ་དེའི་ཁོར་ཡུག་གནད་དོན་ཡང་ཉིན་བཞིན་མངོན་གསལ་དུ་གྱུར་ཡོད།

དཀའ་ངལ་དེ་དག་ལ་གདོང་གཏོད་སྐབས། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་དང་རོང་འབྲོག་པ་མང་ཚོགས་རྣམས་རྩ་འཛུགས་བྱས་ཏེ་ཐེངས་མང་པོར་ཁྱོན་ཡོངས་ནས་གཙང་སྦྲ་བྱས་ཡང་། དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་མ་ཐུབ། 2006ལོའི་ཟླ4པར། ཏང་ཡོན་གྱིས་སྣེ་ཁྲིད་དང་མང་ཚོགས་དང་མཉམ་འབྲེལ་བྱས་ནས་མགོ་མང་གྲོང་རྡལ་གྱི་སྤྱི་ཕན་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་མཐུན་ཚོགས་བཙུགས་པ་དང་། ཁོངས་མིའི་ནང་དུ་ལས་འཁྱུར་ངལ་གསོ་བྱས་ཡོད་མཁན་དང་། སྡེ་བའི་ལས་བྱེད་པ། རོང་འབྲོག་པ་སོགས་ཡོད། ཚང་མས་ཟླ་རེར་དུས་གཏན་འཁེལ་དང་ཡང་ན་དུས་ངེས་མེད་དུ་མགོ་མང་གྲོང་རྡལ་གྱི་སྡེ་བ་སོ་སོ་དང་། གཞུང་ལམ་འགྲམ་རྒྱུད། དགོན་པའི་ཉེ་འཁོར་སོགས་སུ་གད་སྙིགས་གཙང་སེལ་བྱེད་དགོས་པ་དང་། བྱེ་འགོག་ནགས་ཚལ་ཁུལ་དུ་ལོ་རེར་འདེབས་འཛུགས་བྱས་པའི་སྡོང་རྐང་དང་། ཚེར་ནག ལྕང་མ། སྦྱར་སྡོང་སོགས་ལྗོན་ཤིང་སྐྱེ་འཚར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་པ་མ་ཟད། ཆེད་དུ་མི་སྣ་བཀོད་སྒྲིག་བྱས་ནས་ལྟ་སྐྱོང་བྱེད་བཞིན་ཡོད་ལ། མིག་སྔར་ནགས་ཁུལ་དེ་རུ་ལྗོན་ཤིང་གི་སྐྱེས་ཚད100%ལ་སླེབས་ཡོད། གྲོང་རྡལ་ནུབ་ཕྱོགས་ཀྱི་བྱེ་ཐང་དུ་གང་བྱུང་དུ་སྦྱར་སྡོང་དང་ལྕང་སྡོང་རྐང་ཁྲི་གཉིས་བཙུགས་པ་དང་། ལྕང་སྡོང་དང་། སྦྱར་སྡོང་། ཉིང་སྡོང་བཅས་བསྡོམས་པས་སྡོང་རྐང་འབུམ་གཉིས་དང་ཁྲི་ལྔ་བཙུགས་ཡོད་པ་རེད། ཆུ་འགོ་ཁུལ་དུ་ལྕགས་ར་བསྐོར་ནས་ཆུའི་འགོ་ཁུངས་ལ་བཙོག་སྐྱོན་མི་ཐེབས་པར་ཁག་ཐེག་བྱས་པ་དང་། མོག་དབོར་ལུང་བའི་རི་སྐྱེས་རི་དྭགས་གནའ་དང་ཆོས་ཚ་སྡེ་བའི་ཆུ་མཛོད་ཁུལ་གྱི་བྱ་རིགས་ཉིས་བརྒྱ་ལྷག་གི་འཚོ་གནས་ཁོར་ཡུག་གི་ད་ལྟའི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་ས་གནས་དེ་གའི་མང་ཚོགས་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱ་རྒྱུའི་འབོད་སྐུལ་བྱས།

མཐུན་ཚོགས་ཀྱི་མིག་དཔེའི་ནུས་པ་ལ་བརྟེན་ནས་མི་སྔར་ལས་མང་པོ་ཞིག་འཕྲོད་བསྟེན་བཅོས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ངན་པར་འགྱུར་ལྡོག་གཏོང་རྒྱུའི་སློབ་གསོ་བཏང་བ་དང་། མི་རྣམས་ཀྱིས་རང་འགུལ་ངང་ཁོར་ཡུག་འཕྲོད་བསྟེན་ལ་སྲུང་སྐྱོང་བྱས་ནས་མགོ་མང་གྲོང་རྡལ་གྱི་རྣམ་པ་གྲལ་འགྲིག་པ་དང་། སྡེ་བ་སོ་སོའི་རྣམ་པ་ཇེ་ཡག་ཏུ་གྱུར། ཉེ་ལམ། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་ཀྲུང་གོའི་ན་གཞོན་དང་བླངས་པའི་མཐུན་ཚོགས་ཀྱིས་མཉམ་འབྲེལ་སྒོས་བཙུགས་པའི“ཀྲུང་གོའི་གཞོན་ནུ་དང་བླངས་པའི་ཕུལ་བྱུང་རྩ་འཛུགས་བྱ་དགའི”མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཀོས་ནན་རྫོང་མགོ་མང་གྲོང་རྡལ་གྱི་སྤྱི་ཕན་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་མཐུན་ཚོགས་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་པ་དང་། མི་ཚང་མས་ཁོར་ཡུག་སྲུང་སྐྱོང་བྱེད་ཆེད་བྱས་རྗེས་འཇོག་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད་པ་རེད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།