མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཐད་ཕན་འབྲས་མངོན་གསལ་བླངས།
2022.03.17 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 27

མཚོ་སྔོན་པོ །

                                                དབྱར་དུས་ཀྱི་གསེར་མཚེའུ།

 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་པོའི་བྱང་རྒྱུད་དུ་གནས་པས་མཚོ་བྱང་ཞེས་མིང་དེ་ལྟར་ཐོགས་ལ། གནས་འདིར་བཀྲག་མདངས་རབ་ཏུ་འཚེར་བའི“རྡུལ་ཕྲན་མཁར”དང“མཚོ་སྔོན་པོ”། “གསེར་ཉ་ཡར་འགྲོ”སོགས་ཡོད་པར་མ་ཟད། བརྗིད་ཆགས་ཡིད་དུ་འོང་བའི་གངས་རི་དང་མུ་མཐའ་མེད་པའི་རྩྭ་ཐང་། ཡངས་ཤིང་རྒྱ་ཆེ་བའི་ནགས་ཚལ། ཤ་ཤེད་རབ་ཏུ་རྒྱས་པའི་ནོར་ལུག་སོགས་ཀྱང་ཡོད།

མཚོ་བྱང་ནི་ཆུ་དང་བསྟུན་ནས་འགུལ་སྐྱོད་བྱེད་བཞིན་ཡོད་དེ། གནས་འདི་ནི་མཚོ་སྔོན་པོ་དང་ཙོང་ཆུ།  མུ་རིའི་ཆུ། བར་དམ་ཆུ་བཅས་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་ཆུ་མགོ་ཡིན་ཞིང་།  མཚོ་སྔོན་པོར་བཞུར་ཚད་ཀྱི80%ནི་དེ་ལས་བྱུང་ལ།   རྨ་ནུབ་དོག་ལམ་དང་ནང་སོག་གི་ཨེར་ཅི་ན་ཆི་བརྒྱུད་ནས་བཞུར་བའི་བར་དམ་ཆུ་དང་ཐོ་ལེ་ཆུའི90%ཡང་དེ་ནས་བྱུང་བར་མ་ཟད།  མཚོ་སྔོན་གྱི་མ་ཡུམ་ཆུ་བོ་སྟེ་ཙོང་ཆུ་ཡང་གནས་འདི་ནས་གཅིག་སྡུད་སྒོས་ཆེ་རུ་ཕྱིན་ཡོད་པ་རེད།

“ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་དུ་གྱུར་བའི་གནས་མཆོག”དེ་ཡང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ནུབ་མཚོ་གྲོང་རྡལ་གྱི་གསེར་དངུལ་རྩྭ་ཐང་དུ་ཡོད་ལ། དེ་ནི་རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོ་ཡིན་པས། རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་དང་པོ་དང་ཆིང་མདེལ་དང་པོའང་གནས་འདི་ནས་ཞིབ་བཟོ་བྱས་པ་རེད།

ཟི་ལིང་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་དུས་ཚོད་གཉིས་ཙམ་སྐྱོད་ཚེ་ནུབ་མཚོ་གྲོང་རྡལ་དུ་ཐོན་ལ། ལམ་བར་དུ་མཚོ་འཕང་རིམ་བཞིན་ཇེ་མཐོར་ཕྱིན་པ་དང་དེ་བཞིན་དྲོད་ཚད་མར་ཆག་པ་དང་མཉམ་དུ་ཚན་ཞིབ་མི་སྣས་སྔོན་ཆད་གནས་འདི་རུ་དཀའ་ཚེགས་གང་མང་ཞིག་མྱངས་མྱོང་པ་ཡིད་ལ་དབང་མེད་དུ་འཁོར་ཡོང་།

དཀའ་སྡུག་ཚད་མེད་ཀྱི་ཁོར་ཡུག་ཁྲོད་ནུབ་མཚོ་གྲོང་རྡལ་འདི་དུས་ད་ལྟ་རི་ཆུ་ནགས་གསུམ་འཛོམས་པའི་གནས་མཆོག་ཅིག་ཏུ་གྱུར་ཡོད་ལ། རྫོང་མཁར་གྱི་ཤར་ནུབ་ཕྱོགས་གཉིས་སུ་གསེར་མཚེའུ་དང་དངུལ་མཚེའུ་ཡོད་ཅིང་། སྒྱུར་བཀོད་རིམ་སྤོར་བྱས་པ་བརྒྱུད། དེ་གར་མཛེས་ཤིང་ལྟ་ན་སྡུག་པའི་ཁོར་ཡུག་དང་དྭངས་ཤིང་གཙང་བའི་ཆུ་བོས་རབ་ཏུ་བརྒྱན་ཡོད།

ཀའོ་ཀོང་ཧྲིན་ནི་གསེར་མཚེའུ་ཡི་སྐོར་སྲུང་བ་ཞིག་ཡིན་ལ་གཟའ་འཁོར་རེར་ཉུང་མཐར་ཡང་ཐེངས་གསུམ་ལ་སྐོར་ཞིབ་བྱེད་ཀྱི་ཡོད། ཆུ་ལམ་གཙང་སྦྲ་དང་འབྲུབ་འགོག་སོགས་ཀྱི་གནད་དོན་ཡོད་ཚེ་མྱུར་དུ་བཅོས་སྐྱོང་བཀོད་སྒྲིག་བྱེད་བཞིན་ཡོད། ཁོ་ནི་ཆུ་ལམ་གཙང་སྦྲ་བྱེད་པའི་ལྟ་སྐུལ་བ་ཞིག་ཡིན་པར་མ་ཟད་ཆུ་ལམ་དོ་དམ་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་པ་ཞིག་ཀྱང་ཡིན་པས། ཉིན་མཚན་དུས་དྲུག་ཏུ་གསེར་མཚེའུ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།

ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་སྤེལ་བ་ནས་བཟུང་། གནས་འདིའི་ཆུ་དྭངས་ཤིང་གཙང་བར་གྱུར་ནས་ཁོར་ཡུག་ལའང་འགྱུར་ལྡོག་བྱུང་བས།  ལོ་རེར་དུས་བྱ་མི་ཉུང་བ་ཞིག་གནས་འདིར་ཡོང་སྟེ་འཚོ་སྡོད་བྱེད་བཞིན་འདུག་ཅེས་ཀའོ་ཀོང་ཧྲིན་གྱིས་དེ་ལྟར་བཤད།

ནུབ་མཚོ་གྲོང་རྡལ་ནི་ཙོང་ཆུའི་འབབ་རྒྱུད་དུ་གཏོགས་ཤིང་། གནས་འདི་རུ་སྙན་པའི་གྲགས་པ་འབར་བའི“རྡུལ་ཕྲན་མཁར”ཡོད་པར་མ་ཟད།  ད་དུང་གསེར་དངུལ་ཐང་ཡང་ཡོད་ལ། 《རྒྱང་ཐག་རིང་བའི་གནས་དེ་ན》ཞེས་པའི་གླུ་གཞས་དེའང་ཏག་ཏག་གནས་འདི་ནས་བརྩམས་པ་རེད།

ནུབ་མཚོ་གྲོང་རྡལ་ནས་ནུབ་ཕྱོགས་སུ་དུས་ཚོད་གཅིག་ཙམ་སོང་ན་ཝ་མགྱོགས་ཡུལ་ཚོར་སླེབས་ལ། དེ་ནི་མཚོ་སྔོན་པོའི་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་ཞིག་ཡིན། དཔྱིད་ཀ་སླེབས་ཀྱང་མཚོ་འཕང་མཐོ་བའི་རྐྱེན་གྱིས་གནམ་གཤིས་སྔར་བཞིན་ཧ་ཅང་འཁྱག

ལིས་ཧུང་ལུའུ་ནི་ཧེ་ཡན་རྫོང་ཝ་མགྱོགས་ཡུལ་ཚོའི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན་ལ། གྲོང་གསེབ་ཀྱི་འཕྲོད་བསྟེན་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཁོའི་བྱ་བ་གཙོ་བོ་ཞིག་རེད།

“ཆུ་དཔོན་ལམ་ལུགས་ཀྱི་དྲིལ་སྒྲོག་བྱ་བ་བརྒྱུད་ད་ལྟ་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན་པ་དང་ཆུ་ལམ་གྱི་གད་སྙིགས་ཀྱང་ཇེ་ཉུང་དུ་ཕྱིན་ཡོད” ཅེས་ལིས་ཧུང་ལུའུ་ཡིས་དེ་ལྟར་བཤད།

ནུབ་མཚོ་གྲོང་རྡལ་ཆུ་དཔོན་གཞུང་ལས་ཁང་གི་ཀྲུའུ་རིན་ཨན་ཡུང་ལའེ་ཡིས་བཤད་རྒྱུར། 2021ལོར་ཧེ་ཡན་རྫོང་གི་རིམ་པ་ཁག་གི་གཙང་བོ་དང་མཚེའུ་ལ་རིམ་རྩིས་བྱས་ན་ཐེངས4500སྐོར་ཞིབ་བྱས་ནས་གསར་བརྗེས་ཀྱི་ཡོངས་བསྒྲགས་བྱང་བུ68དང་གཏན་འཇགས་རང་བཞིན་གྱི་ཡོངས་བསྒྲགས་བྱང་བུ58། འཚོ་བའི་གད་སྙིགས་ཏུན35ལྷག འཛུགས་སྐྲུན་གད་སྙིགས་ཏུན26ལྷག་བཅས་གཙང་བཤེར་བཅོས་སྒྲིག་བྱས་ཏེ།   མཉམ་དུ་དོ་དམ་བྱེད་པའི་རྣམ་པ་བཟང་བོ་ཞིག་མངོན་ཡོད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་རྒྱ་ཆེ་ལ་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་འོག  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ལེགས་པོ་ཞིག་མངོན་ཡོད།

རྐང་ཚ་རྫོང་དུ་སྐྱོད་ཚེ། ལོ་རེའི་དབྱར་ཁར་མཚོ་སྔོན་པོའི་གསེར་ཉ་ཁྲི་ཚོ་བརྒྱ་ཕྲག་མང་བོ་ཁྱུ་དང་ཁྱུ་བྱས་ནས་མཚོ་སྔོན་པོའི་ཆུ་རྒྱུན་བརྒྱུད་དེ་འོམ་ཆུ་དང་དཔལ་དགེ་ཆུ་བོའི་ནང་རྒྱུད་སྤེལ་བར་འགྲོ་བ་དེ་ནི། ལམ་ཐག་རིང་བའི་ཚེ་སྲོག་ཡར་འགྲོའི་རྣམ་པ་ཞིག་ཡིན་ལ། “ཆུ་བོའི་ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ”ཡིན་པའི་མཐོ་སྒང་གི་མཛེས་ལྗོངས་ངོ་མཚར་བ་ཞིག་གྲུབ་ཡོད།

མིན་ཡོན་རྫོང་དུ་སྐྱོད་ཚེ། ལོག་དཀར་མེ་ཏོག་རབ་ཏུ་བཞད་པས་ས་གནས་མང་ཚོགས་ཀྱིས་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད་ལ། མེ་ཏོག་ལྡུམ་རའི་གཞོགས་གཅིག་ཏུ་མུ་རིའི་ཆུ་ཤར་ཕྱོགས་སུ་བཞུར་ནས་མཚོ་སྔོན་གྱི་ཆུ་བེད་བཟོ་འགོད“ཨང་དང་པོ”བརྒྱུད་དེ།  ཙོང་ཆུའི་རོང་ཁུལ་གྱི་མ་འོངས་འབྱུང་འགྱུར་དང་འཕེལ་རྒྱས་ལ་རེ་བ་བསྩལ་ཡོད།

མདོ་ལ་རྫོང་དུ་སྐྱོད་ཚེ། མཐའ་བཞི་རི་ཆུས་བསྐོར་ཞིང་ཞིང་ས་བརླན་ལ། རྩྭ་ཆུ་འཛོམས་པ། གང་སར་སྔོ་ལྗང་གིས་ཁེབས་པས་སྐྱེ་ཁམས་ཁོར་ཡུག་དང་སྤྱི་ཚོགས་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་འཆམ་མཐུན་གྱི་རོལ་དབྱངས་ཤིག་བརྩམས་ཡོད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆུ་དཔོན་ལམ་ལུགས་གཞུང་ལས་ཁང་གི་ལས་བཟོ་བ་ཏུང་ཚུན་ཁུའེ་ཡིས་བཤད་རྒྱུར། མཚོ་བྱང་ཁུལ་གྱི་ཁོངས་གཏོགས་སུ་ཆུ་བོ23ཡོད་ཅིང་། 2017ལོར་ཆུ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་བྱས་པའི་ཚུན་ལ།   ཁུལ་ཡོངས་སུ་ཆུ་དཔོན323དང་མཚོ་ཆུ་ལྟ་སྲུང་པ411ཡོད་ཟེར།

“ལོ་དྲུག་གི་དྲིལ་སྒྲོག་ཁྲིད་སྟོན་ལ་བརྟེན་ནས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཆུ་དཔོན་གྱིས་བྱ་བའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གསར་བ་བྱུང་ཡོད་ལ། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་སྐྱེ་ཁམས་འདུ་ཤེས་མངོན་གསལ་སྒོས་ཇེ་དྲག་ཏུ་ཕྱིན་ནས། རང་རྟོགས་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་སྤྱོད་སྤེལ་བར་མ་ཟད།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་ཡང་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད།    ཁོངས་གཏོགས་ས་ཁུལ་གྱི་ཙོང་ཆུ་དང་།  མཚོ་སྔོན་པོ། བར་དམ་ཆུ་བཅས་ཆུ་རྒྱུད་གསུམ་གྱི་ཆུ་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་། ས་མཚམས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པ་ཡན་དུ་སླེབས་ཡོད་ལ། “དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར”འགན་ལེན་ཐུབ་པ་དང་།  གཙང་བོ་དང་མཚེའུ་ཡི་མཐའ་འཁོར་ལ་གང་བྱུང་དུ་སྔོག་འདོན་བྱེད་པ་སོགས་ཀྱི་བྱ་སྤྱོད་བཀག་འགོག་ནུས་ལྡན་དང་། གཙང་བོ་དང་མཚེའུ་ཡི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ནས།  སྐྱེ་ཁམས་ཁོར་ཡུག་བཟང་བོ་ཆགས་པར་རྨང་གཞི་བརྟན་པོ་བཏིངས་ཡོད་ཅེས་ཏུང་ཚུན་ཁུའེ་ཡིས་དེ་ལྟར་བཤད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།