རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་ནི་མཛེས་སྡུག་གི་ཀྲུང་གོའི་མིང་བྱང་ཡིན།
2022.03.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

 མཚོ་སྔོན་ནི་མདོ་དབུས་མཐོ་སྒང་དུ་གནས་ཤིང་། “ རྨ་འབྲི་རྫ་གསུམ་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་མཛོད”ཅེས་བརྗོད་ཀྱིན་ཡོད།  དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་དང་ཐ་ན་ཨེ་ཤ་ཡ་ཤར་ལྷོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་བཟུང་ཡོད།

2016ལོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་འགོ་བརྩམས་ཤིང་།  མཚོ་སྔོན་གྱིས་རྒྱལ་ཡོངས་ནས་ཐོག་མར་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་འགན་འཁྲི་འཁུར་ཏེ།  ཀྲུང་གོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་དུས་རབས་གསར་པ་བཏོད་པ་རེད།  2017ལོར་མཚོ་སྔོན་འདི་ཉིད་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་གྱི་གྲས་སུ་ཚུད་ནས།   རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཟུང་གི་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་དང་པོར་གྱུར་པ་དང་། 2019ལོའི་ཟླ6པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་མཉམ་སྐྲུན་བྱེད་འགོ་བརྩམས་པར་མ་ཟད། ཟླ8པར་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་དང་པོ་མཉམ་དུ་གཉེར་བ་རེད། 2020ལོའི་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུའི་ནང་དཔེ་སྟོན་ལྔའི་ཞིང་ཆེན་འཛུགས་སྐྲུན་ལ་སྤྱི་འདོམས་བྱ་རྒྱུ་སྟེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་དང་། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན།  མཐོ་སྒང་གི་མཛེས་སྡུག་མཁར་གྲོང་གི་དཔེ་སྟོན་ཞིང་ཆེན། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བཅས་འཛུགས་སྐྲུན་བྱེད་དགོས་ཞེས་བཏོན་ཡོད།

རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་བྱས་ཏེ། རབ་མཛེས་མཚོ་སྔོན་གྱི་བརྩེ་བ་བརྒྱུད་སྤྲོད་བྱེད་རྒྱུ་ནི་དུས་རབས་ཀྱིས་མཚོ་སྔོན་ལ་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ཞིག་ཡིན་ལ།  ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ།  འདྲ་བཤུས་དང་ཁྱབ་གདལ་གཏོང་ཆོག་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པ་དང་།  རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་འཛུགས་སྐྲུན་ཁྲོད་མཚོ་སྔོན་གྱི་བློ་གྲོས་དང་མཚོ་སྔོན་གྱི་ཉམས་མྱོང་ལེགས་སྐྱེས་སུ་འབུལ་རྒྱུ་ནི་མཚོ་སྔོན་གྱི་འདོར་དུ་མེད་པའི་འགན་འཁྲི་ཡིན་པ་རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས།

འདས་པའི་ལོ་གཅིག་གི་རིང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་སྟེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་རེད།

རྨ་འབྲི་རྗ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ནི་རང་རྒྱལ་གྱི་མཆན་འགོད་ཆོག་མཆན་ཐོབ་པའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་ཡིན་ཞིང་། མཚོ་སྔོན་གྱིས་མེད་པ་ནས་ཡོད་པའི་བར་གྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལམ་ཚད་མངོན་འགྱུར་བྱུང་ཡོད།

འདས་སོང་ལ་ཕྱིར་དྲན་བྱས་ཚེ། ང་ཚོས་དགའ་འོས་པ་ཞིག་ནི།  རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་བར་གྱི་འབྲེལ་བ་མཐུན་སྦྱོར་བྱུང་སྟེ།  སྡེ་ཁག་མང་པོས་བཅོས་སྐྱོང་བྱེད་པའི་རྣམ་པ་གཏོར་བ་དང་།  ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐར་ཐོར་ཅན་གྱི་གནད་དོན་ཐག་གཅོད་བྱས་ཡོད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལམ་ལུགས་གསར་སྐྲུན་ལག་ལེན་ཁྲོད་ཁྲིམས་ལྟར་དང་། ལྗང་མདོག དམངས་ཡོངས། བློ་གྲོས། འཆམ་མཐུན།  ཚན་རིག  སྒོ་འབྱེད།  རིག་གནས།  སྤུས་ཚད་བཅས་ཀྱི་སྤྱི་གླིང་འཛུགས་སྐྲུན་གྱི་འདུ་ཤེས་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་སྤྱི་གླིང་གི་འབྲོག་པ་མང་ཚོགས་ཁྲི་གཅིག་སྟོང་བདུན་ལྷག་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཏེ།  སྔོ་ལྗང་གི་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དེ་ནི་མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་རྒྱུགས་གཞི་གསར་བ་ཞིག་ཡིན་པས། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་གསར་སྐྲུན་རང་བཞིན་དང་ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་ལྡན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་།  མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་བ།  མཚོ་སྔོན་པོ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱེད་བཞིན་ཡོད་པས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ།  འཛམ་གླིང་ཡོངས་ལ་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་དང་རབ་མཛེས་མཚོ་སྔོན་གྱི་བརྩེ་བ་མཚོན་པའི་ཐུན་མིན་གྱི་ཡིད་དབང་འགུག་ཤུགས་ངོམ་གྱིན་ཡོད།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གཙོ་བོ་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བྱེད་པ། རིགས་དབྱེ་ཚན་རིག་དང་། བཀོད་སྒྲིག་ལུགས་མཐུན། སྲུང་སྐྱོབ་ནུས་ལྡན།  དོ་དམ་ནུས་ལྡན་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བཙུགས་ནས།  རང་བྱུང་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ཀྱི་ སྒྲིག་གཞི་གསར་པ་དང་། རྐྱེན་སྲོལ་གསར་པ།  དཔེ་དབྱིབས་གསར་པ་བཅས་གྲུབ་པར་བྱས་པ་དང་།  སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བྱས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཡག་པོ་དང་། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ཡག་པོ།   སྐྱེ་ཁམས་སྲུང་ཡོལ་སྲུང་སྐྱོབ་ཡག་པོ་བཅས་བྱས་ནས།  དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བྱ་རྒྱུ་ནི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་དོན་སྙིང་གལ་ཆེན་ཡིན་ལ། མཚོ་སྔོན་གྱིས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འགན་འཁྲི་འཁུར་སེམས་དེ་བས་ཀྱང་ཡིན་པ་རེད།

མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ《རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ལག་ལེན་དངོས་འབེབས་བྱེད་པའི་ལག་བསྟར་ཇུས་གཞི་བཏོན་ནས། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ཕྱོགས8ཐད་ཀྱི་ཞིབ་ཕྲའི་བྱ་སྤྱོད42གཏན་འཁེལ་བྱས་པ་དང་། རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་འབབ་རྒྱུད་ཀྱི་ཞིང་ཆེན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁོར་ཡུག་མཉམ་སྐྲུན་མཉམ་སྤྱོད་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་སུ་བསྡོམས་པས་རྩྭ་ཐང་དང་། ནགས་ཚལ།  བརླན་ས་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་འབུམ་གཅིག་ཁྲི་བཞི་སྟོང་ལྔ་ལྷག་བཀོད་སྒྲིག་བྱས་ཡོད།

བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་གྱིས་ད་དུང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲིམས་འཛུགས་སྔོན་ལ་འཚོལ་ཞིབ་བྱས་ནས། 《མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲོལ་ཡིག 》འཆར་ཟིན་བཀོད་པ་དང་། གླིང་ཁུལ་དུ་རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་གསོ་སྤེལ་ས་ཚིགས་དང་། སྐྱེ་ཁམས་ཚན་རིག་ཁྱབ་གདལ་ས་ཚིགས།  ཆ་འཕྲིན་ལྟ་ཞིབ་ཚད་ལེན་ས་ཚིགས།   སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་ལས་དཔུང་སྡེ་བཅས་བཙུགས་པ་དང་།  མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ཆེ་མོའི་ལྟེ་གནས་དང་། གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དྲ་བ། རང་བྱུང་ཐོན་ཁུངས་ཀྱི་རྨང་གཞིའི་གཞི་གྲངས་མཛོད་དང་བསྡོམས་རྩིས་དབྱེ་ཞིབ་སྟེགས་བུ་བཅས་བསྐྲུན་པ། ཀྲུང་གོ་ཚན་རིག་ཞིབ་འཇུག་གླིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་དང་།  མཐོ་སྒང་གི་ཚན་རིག་དང་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་ཁང་།  མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་རྒྱལ་ཁབ་ཀྱི་ཡུན་རིང་ཚན་ཞིབ་རྟེན་གཞི་བཅས་བཙུགས་ཡོད།

2022ལོར་མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་།  མདོ་ལ་རི་བོ། མཚོ་སྔོན་པོ། ཁུ་ནུ་རི་བོ་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་ཁྱོན་ཡོངས་ནས་བསྐྲུན་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་དང་། དོ་དམ།  ཚན་ཞིབ་བཅས་ཀྱི་མ་ལག་བཙུགས་ནས།  རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་སྒོས་མཚོན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་སྒྲིག་སྲོལ་ཚོད་ལྟའི་འཚོལ་ཞིབ་བྱས་པ་བརྒྱུད། ཉམས་མྱོང་ཕྱོགས་སྡོམ་དང་ཕན་འབྲས་ཐོབ་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དེ་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལག་ལེན་གསར་པར་གྱུར་ཡོད།

ལོ་མང་པོའི་རིང་འབད་བརྩོན་བྱས་པ་བརྒྱུད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་ཐོབ།  ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བརླན་སའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་གསུམ་དང་སྟོང་དགུ་ནས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་ལྔ་ཙམ་བར་ཇེ་མང་དུ་ཕྱིན་ཏེ། དུས་རབས་སྔོན་མའི་ལོ་རབས60པའི་ནང་སྐམ་ཟིན་པའི་མཚེའུ་སྟོང་གི་མཛེས་ཉམས་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སླར་ཡང་མངོན་ཡོད།   གསའ་དང་། དགོ་བ།  གཙོད།  འབྲོང་། རྐྱང་། ཁྲུང་ཁྲུང་སྐེ་ནག་སོགས་རི་སྐྱེས་སྲོག་ཆགས་རིགས་ཀྱི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། རི་དྭགས་གཙོད་དུས་རབས་སྔོན་མའི་ལོ་རབས90པར་ཁྲི་གསུམ་ལའང་མི་ལོངས་བ་ནས་ད་ལྟའི་ཁྲི7ལྷག་བར་སླར་གསོ་བྱུང་བ་དང་།  རི་དྭགས་དགོ་བ་སུམ་བརྒྱ་ལྷག་ནས་སྟོང་གཉིས་ལྷག་ཏུ་བསླེབས་ཏེ།  མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ཡོད།

རི་སྐྱེས་སྲོག་ཆགས་ཀྱིས་འབྲོག་པའི་སྒོ་ཕྱུགས་ལ་གནོད་པ་གཏོང་བར་དམིགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་སྟངས་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་ཁྲིམས་འཛིན་ཤུགས་ཚད་ཇེ་དྲག་ཏུ་བཏང་བ་དང་། མཉམ་འགོག་མཉམ་བཅོས་དང་སྡོད་ཁུལ་གྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་རྐྱེན་སྲོལ་བཙུགས་པར་མ་ཟད། སྲུང་སྐྱོབ་ཐེབས་རྩ་དང་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེའི་སྐྱིན་ཚབ་ལམ་ལུགས་ཀྱང་བཙུགས་ཡོད།

རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་ཐོག་མར་སྒོ་ཕྱུགས་ཀྱི་ཉེན་ཚབ་ཐེབས་རྩའི་ལམ་ལུགས་ཚོད་ལྟ་བྱས་ནས་བཙུགས་པ་དང་།   ནོར་ནག་གི་ཉེན་ཚབ་མ་དངུལ་དེ་མཉམ་དུ་སྤྱི་ཚོགས་ཀྱི་ཞལ་འདེབས་དང་སྲིད་གཞུང་གི་མ་དངུལ་གྲབས་གསོག་ཁྲོད་བཞག་ཏེ།  སྐྱིན་གསབ་ཐེབས་རྩའི་སྤྱོད་དབང་སྡེ་བའི་ཨུ་ཡོན་ལྷན་ཁང་ལ་དབང་བ་དང་།  སྡེ་བའི་ཨུ་ཡོན་ལྷན་ཁང་དུ་མི་གསུམ་ནས་ལྔ་བར་གྱི་དཔྱད་ཞིབ་ཚན་ཆུང་བཙུགས་ནས།  ཆེད་དུ་རི་སྐྱེས་སྲོག་ཆགས་ཀྱི་འཇབ་རྒོལ་དོན་རྐྱེན་གྱི་དཔང་རྟགས་འཚོལ་བསྡུ་དང་། བརྟག་དཔྱད། ཚོད་ལྟ་ར་སྤྲོད་བཅས་ཀྱི་འགན་འཁུར་བར་མ་ཟད་སྐྱིན་གསབ་ཀྱང་སྤྲད་པ་རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་འབྲོག་པ་མང་ཚོགས་ལ་དམིགས་བསལ་ཆོག་འཐུས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ཁྲིད་སྟོན་བྱས་ཏེ།  སྐྱེ་ཁམས་ཉམས་ལེན་དང་ཁོར་ཡུག་སློབ་གསོའི་མ་ལག་ཆ་ཚང་བཙུགས་པ་དང་།  《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཐོན་ལས་ཅན་གྱི་གཉེར་སྐྱོང་རྣམ་གྲངས་ཀྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》ལྟར། རྫ་ཆུའི་འགོ་ཁུངས་གླིང་ཁུལ་རྣམ་སྲས་གྲོག་རོང་དུ་སྐྱེ་ཁམས་ཉམས་ལེན་རྣམ་གྲངས་ཀྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟ་བྱས་ཤིང་།    སྐྱེ་ཁམས་སྲུང་སྐྱོབ་དང་འབྲོག་པའི་ཡོང་འབབ་འཕར་སྣོན་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ།   དམངས་ཡོངས་ཀྱིས་རང་བྱུང་ཁམས་དང་ཉེ་བཅར་དང་། རང་བྱུང་ཁམས་མྱོང་རོལ། རང་བྱུང་ཁམས་ལ་ཤེས་རྟོགས་བཅས་བྱེད་པ་དང་།  དམངས་ཡོངས་ཞུགས་པར་སྐུལ་ལྕག་དང་དམངས་ཡོངས་ཀྱི་བརྩོན་སེམས་སྐུལ་སྤེལ་བྱེད་པ། སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།  མི་རིགས་ཀྱི་སྤོབས་སེམས་ཆེ་རུ་གཏོང་བ་བཅས་ཀྱི་དམིགས་འབེན་མངོན་འགྱུར་བྱས་ཡོད།

སྔོན་དཔག་བྱས་ན2025ལོར་སླེབས་སྐབས། མཚོ་སྔོན་གྱིས་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་ཁྱད་ཆོས་མངོན་གསལ་ལྡན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་དབྱིབས་བཙུགས་ནས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་དཔེ་སྟོན་ཁུལ་དང་། རང་བྱུང་སྲུང་སྐྱོབ་ཁུལ་མ་ལག་གི་དཔེ་སྟོན་ཁུལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྔོན་སྐྱོད་ཁུལ།   མཐོ་སྒང་གི་རང་བྱུང་ཁམས་སྲུང་སྐྱོབ་འགྲེམས་སྟོན་ཁུལ། ཕུལ་བྱུང་སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཁུལ་བཅས་སུ་འགྱུར་བར་བྱེད་རྒྱུ་རེད།

ས་རྒྱ་ཆེ་ལ་མི་གྲངས་ཉུང་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས།  རི་ཀླུང་མཛེས་སྡུག་ལྡན་པའི་མདོ་ལ་རིང་མོའི་བར། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་བཞིན་བརྟན་ལ།  ཡིད་ཆེས་དང་སྤོབས་པ་ཆེན་པོས་ཁེངས་ཡོད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།