ཞིན་ཧེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས་སྒྲིག་ཁྲིམས་ལྟར་སྲུང་སྐྱོབ་བྱ་བ་བསྒྲུབས་པས་ཕན་འབྲས་མངོན་གསལ་བླངས།
2022.03.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 9

 ཞིན་ཧེ་རྫོང་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་ཆེད། ཞིན་ཧེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་ཞི་ཅིན་ཕིང་གི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོབ། སླར་གསོ་བྱ་རྒྱུ་དེ་ལས་འགན་གཙོ་བོར་བཟུང་ཡོད།

རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་གོང་རིམ་སྡེ་ཁག་གི་རྒྱབ་སྐྱོར་ལ་བརྟེན་ཏེ། ཞིན་ཧེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་ཚད་རྒྱུན་འཁྱོངས་གང་ལེགས་བྱས་ཤིང་། བྱ་བའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ། ནགས་ཚལ་ཐོན་ཁུངས་དང་རི་སྐྱེས་སྲོག་ཆགས། རྩི་ཤིང་བཅས་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་སྐུལ་འདེད་ནན་མོ་བཏང་བར་མ་ཟད།  སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་བཅོས་སྐྱོང་སླར་གསོར་སྐུལ་འདེད་གཏོང་བ་དང་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་ཞིང་། རི་སྐྱེས་སྲོག་ཆགས་འཚོ་སའི་རང་བྱུང་ཁོར་ཡུག་ལེགས་བཅོས་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཞིན་ཧེ་རྫོང་གི་ཁྱབ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་ནུས་ལྡན་བྱས་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་གྱིས་འཕར་སྣོན་འབྱུང་བར་སྐུལ་འདེད་བྱས།  ད་ལྟ་ཞིན་ཧེ་རྫོང་གི་རང་བྱུང་ཐོན་ཁུངས་ཀྱི་སྐྱེ་ཁམས་སླར་གསོ་བྱུང་བས་སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ཇེ་ལེགས་སུ་སོང་བ་དང་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོབ་བྱ་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།

2015ལོ་ནས2021ལོའི་བར་དུ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས་འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ཏེ་རི་འགོར་སྐོར་གཡེང་བྱེད་སྐབས། སྔ་རྗེས་སུ་ཆུ་ཁོལ་ཡུལ་ཚོའི་སྟོད་པ་ནགས་ཁུལ་དང་གནམ་ཐང་ནགས་ཁུལ་དུ་རི་དྭགས་གསའ19མཐོང་བས། ཞིན་ཧེ་རྫོང་གིས་ཁྱབ་རྒྱ་ཆེན་པོའི་སྒོ་ནས་ཕྱུགས་བཀག་རྩྭ་གསོ་དང་གཏེར་རིའི་ཁེ་ལས་གཏན་འགོག་བྱས་པ། ནགས་རྩྭ་སྔོ་ཁེབས་སླར་གསོ་བྱས་པ་སོགས་ཀྱི་བྱེད་ཐབས་ལ་ཕན་འབྲས་མངོན་གསལ་ལྡན་པ་མཚོན།

2019ལོའི་ཟླ10པར་འབྲོང་ཐུལ་ནགས་ཁུལ་དུ་སེར་འབའ་ལྟ་སྲུང་ས་ཚིགས་དང་མདོ་ཆེན་ལྟ་སྲུང་ས་ཚིགས་གཉིས་ཀྱིས་གྲུབ་པའི“རྟ་ཐོག་སྐོར་ཞིབ་རུ་ཁག”དང་པོ་བཙུགས་ཏེ་གཙོ་བོ་རི་སྐོར་དང་། པྲོག་གསར་རིམས་ནད། འདབ་ཆགས་ཆམ་རིམས་སྔོན་འགོག་བྱ་བ། ནགས་ལས་གྱོད་གཞི། ནགས་ཚལ་གྱི་མེ་སྐྱོན། རང་བྱུང་གནོད་འཚེ་སོགས་ཀྱི་སྙན་ཞུ་དང་འགོག་སྲུང་གི་བྱ་བ་བསྒྲུབས།  རྟ་ཐོག་སྐོར་ཞིབ་རུ་ཁག་གིས་སྐོར་སྲུང་བྱེད་སྐབས་ནགས་ཚལ་ལ་མེ་ཤོར་བ་དང་གང་འདོད་དུ་ནགས་གཅོད་པ། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་འཛིན་པ་དང་གསོད་པ་སོགས་ཀྱི་གནས་ཚུལ་གཅིག་ཀྱང་བྱུང་མ་མྱོང་།

2020ལོའི་ཟླ3པར་ཞིན་ཧེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཞིང་ལས་ཐོན་རྫས་ཁྲོམ་ར་སོ་སོ་དང་སྒོ་རྩིས་ཚོང་ཁང་།   བཟའ་བཏུང་ཞབས་ཞུའི་སྡེ་ཁག་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། རི་སྐྱེས་སྲོག་ཆགས་གསོ་སྤེལ་ར་བ་སོགས་གཙོ་གནད་ས་ཁོངས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་ཞིབ་བཤེར་བྱ་བ་བསྒྲུབས་ཤིང་། ཞིབ་བཤེར་བྱེད་སྐབས་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་སྒྲིག་འགལ་གྱིས་ཉོ་ཚོང་བྱེད་པའི་བྱ་སྤྱོད་ཅི་ཡང་མ་བྱུང་། ཞིབ་བཤེར་ཚོགས་པས་བདག་གཉེར་སྡེ་ཁག་ལ་དྲིལ་བསྒྲགས་དང་འགྲེལ་བཤད་བྱས་ཏེ། རི་སྐྱེས་སྲོག་ཆགས་ལྐོག་ཚོང་གི་བྱ་སྤྱོད་གཏན་འགོག་བྱེད་པ་དང་སྤྱི་དམངས་ཀྱི་བདེ་ཐང་དང་འཕྲོད་བསྟེན་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་བླང་བྱ་ནན་མོ་བཏོན།

ལོ་རེའི་ཟླ3པར་ཞིན་ཧེ་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས“འཛམ་གླིང་གི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཉིན་མོའི”གོ་སྐབས་དང་བསྟུན་ཏེ《མཚོ་སྔོན་ཞིང་ཆེན་གྱི‘བསིལ་རླུང་བྱ་སྤྱོད’སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》དང《མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི‘འཛམ་གླིང་གི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཉིན་མོའི’བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》 བླང་བྱ་གཞིར་བཟུང་སྟེ།  རི་སྐྱེས་སྲོག་ཆགས་ཀྱི་ཁྲིམས་འགལ་ཚོང་དོན་ལ་རྡུང་རྡེག་གཏོང་བའི“སྤྱོད་གཙང་བྱ་སྤྱོད”དང་ཟུང་འབྲེལ་བྱས་ནས།  “ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་རྒྱུ”བརྗོད་གཞིར་བཟུང་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ། དེ་མིན་སྐྱེ་ཁམས་བཅོས་སྐྱོང་དང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་པར་བརྟེན་སྐྱེ་ཁམས་བཅོས་སྐྱོང་བྱ་བ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། “འཛམ་གླིང་གི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཉིན་མོ”སྤྱད་དེ།  ཧང་གཞུང་ནགས་ར་དང་འབྲོང་ཐུལ་ནགས་ར། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་སྡེ་ཁག་གི་མི་སྣ་བཅས་རྩ་འཛུགས་བྱས་ཏེ །  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཀྱི་ཚན་རིག་ཤེས་བྱ་སོགས་དྲིལ་སྒྲོག་ལ་ཤུགས་སྣོན་བྱས།

2021ལོའི་ཟླ6པར་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་སུ། རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་སྒྲོལ་མ་སྐྱབས་ཞིན་ཧེ་རྫོང་འབྲོང་ཐུལ་ནགས་ར་དང་ནགས་ཚལ་ཉེན་རྟོག་རུ་ཆེན་གཉིས་ཀྱིས་བཙུགས་པའི་ནགས་ཚལ་མེ་ཟོན་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དྲིལ་སྒྲག་ཞིབ་བཤེར་བྱ་བའི་ཚོགས་ཆུང་དང་མཉམ་དུ་འབྲོང་ཐུལ་ནགས་རའི་ཁོངས་གཏོགས་ཁུལ་སྟེ།   རི་ཕྱོར་ནགས་ཁུལ་དང་སྟོད་པ་ནགས་ཁུལ། དམར་མོ་ནགས་ཁུལ་བཅས་སུ་སོང་ནས་དྲིལ་སྒྲོག་དང་ཞིབ་བཤེར་གྱི་བྱེད་སྒོ་སྤེལ། དྲིལ་སྒྲོག་དང་ཞིབ་བཤེར་བྱེད་སྒོ་སྤེལ་བར་བརྟེན་ས་གནས་ཀྱི་འབྲོག་པ་མང་ཚོགས་དང་དབྱར་རྩྭ་དགུན་འབུ་བརྐོ་མཁན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་རྨང་གཞི་བརྟན་པོ་བཏིང་།

ལོ་རེའི་སྟོན་དགུན་དུས་སུ་བྱ་རིགས་གནས་སྤོ་སྲུང་སྐྱོབ་བྱ་བར་སྔར་ལས་ཤུགས་སྣོན་བྱེད་ཆེད། རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས་འབྲེལ་ཡོད་བྱ་བའི་བླང་བྱ་གཞིར་བཟུང་སྟེ། གཅིག་ནས་གང་འདོད་དུ་རི་སྐྱེས་སྲོག་ཆགས་རྔོན་པ་དང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པ། རི་སྐྱེས་སྲོག་ཆགས་ཟ་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། རང་རྫོང་གི་སྲུང་སྐྱོབ་བྱ་བའི་དོན་དངོས་དང་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ཁ་གཏད་རང་བཞིན་དང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྟོན་དུས་དང་དགུན་དུས་ཀྱི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱས་པ་དང་། གཉིས་ནས་སྐྱེ་ཁམས་ལྟ་སྲུང་པ་རི་སྐོར་དང་ནགས་སྐོར་སོགས་ཀྱི་ཁྲིམས་འཛིན་བྱ་སྤྱོད་ཁྲོད་ཞུགས་པར་སྐུལ་སློང་དང་རྩ་འཛུགས་ལེགས་པོ་བྱས་ཏེ།  ཁོ་ཚོའི་སྐོར་སྲུང་དང་ལྟ་ཞིབ་ཚད་ལེན་གྱི་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་ནས་རང་རང་གི་ལས་གནས་སུ་འོས་འགན་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་། གསུམ་ནས་དུས་བྱ་དང་རི་སྐྱེས་སྲོག་ཆགས་གཞན་དག་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ། ཚན་རིག་ཤེས་བྱ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་སྲོལ་ཡིག  རི་སྐྱེས་སྲོག་ཆགས་གསོད་མི་ཆོག་པའི་གཏན་འབེབས་སོགས་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ཏེ། རི་སྐྱེས་སྲོག་ཆགས་གང་འདོད་དུ་གསོད་པའི་གོམས་གཤིས་ངན་པ་དོར་ནས་མང་ཚོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་བའི་ཁྲོད་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་ལེགས་པོ་བསྐྲུན།

ཉེ་བའི་ལོ་འགའི་རིང་ཞིན་ཧེ་རྫོང་ཁོངས་ཀྱི་སྤྱང་ཀི་དང་ཤྭ་བ།  གསའ།  རི་བྱ་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་དང་རིགས་ཇེ་མང་དུ་འགྲོ་བཞིན་ཡོད། སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གི་ལས་གཞི་ལག་བསྟར་བཟང་བོ་བྱས་བ་དང་།  མང་ཚོགས་ཀྱིས་རང་བྱུང་ཁམས་ལ་གཅེས་སྐྱོང་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་སོང་། རོང་འབྲོག་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་སོང་བ་དང་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བ། དེ་མིན་རྫོང་རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུས་ཀྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱ་བར་མཐོང་ཆེན་བྱས་ཏེ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཀྱི་དྲིལ་སྒྲོག་ལ་ཤུགས་བསྣན་པ་དང་། མི་དང་རི་སྐྱེས་སྲོག་ཆགས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཁྱབ་བསྒྲགས་བྱས་ཏེ། གང་འདོད་དུ་རི་སྐྱེས་སྲོག་ཆགས་འཛིན་བཟུང་དང་རྔོན་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་བས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གཏོར་བརླག་བྱེད་བའི་ཁྲིམས་འགལ་གྱི་བྱ་སྤྱོད་བཀག་འགོག་ནུས་ལྡན་བྱས་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཕན་ནུས་ཆེན་པོ་ཐོན་ཏེ། མི་དང་རི་སྐྱེས་སྲོག་ཆགས་ཀྱི་བར་ཐག་ཇེ་ཉེ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་སྡུག་གི་ཁོར་ཡུག་ཅིག་རིམ་བཞིན་ཆགས་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།