“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད།
2022.03.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

“མཚོ་སྔོན་གྱི་རི་བོ་སྔར་ལས་ལྗང་ཞིང་ཆུ་བོ་སྔར་ལས་དྭངས་བ། ནམ་མཁའ་སྔར་ལས་སྔོ་བ། ཆུ་ནང་གི་ཉ་མོ་དང་མཁའ་དབྱིངས་ཀྱི་བྱིའུ། རྩྭ་ཐང་དང་ནགས་ཚལ་ཁྲོད་རང་དགར་རྒྱུ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སྔར་ལས་ཇེ་མང་དུ་ཕྱིན། རབ་མཛེས་མཚོ་སྔོན་སྔར་ལས་མཛེས་ཤིང་སྡུག་པ། དེ་དག་ནི་མི་ཡིས་རི་ཆུ་ལ་སྲུང་སྐྱོབ་དང་རི་ཆུ་ཡིས་མི་རྣམས་ལ་མཛེས་སྡུག་སྤྲོད་པའི་གསོན་ཉམས་དོད་པའི་རྣམ་པ་ཞིག་རེད།”དེ་ནི2022ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཐོག་ཡོངས་བསྒྲགས་བྱས་པའི་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་ཀྱི་གདེང་འཇོག་ཅིག་རེད།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་ལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བཅས་བྱ་རྒྱུ་ནི་མཚོ་སྔོན་གྱི་ལས་འགན་གལ་ཆེན་ཞིག་རེད།

2021ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་རྩོམ་པའི་ལོ་རེད། 2021ལོར་མཚོ་སྔོན་ཞིང་ཆེན་གྱིས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་ལེགས་པོར་སྒྲུབ་རྒྱུ་ཁྲིད་སྟོན་དུ་བྱེད་པ་དང་། དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་རྒྱུ་དམིགས་འབེན་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་གཙོ་བོར་སྤྱི་འདོམས་སྐུལ་འདེད་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོའི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་གིས་བསྐྲུན་དགོས།

མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱེད་དགོས།

མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོ་ཞ་ཁུག་སྡེ་བའི་ཡུས་ཝང་འགག་ནི་རྨ་ཆུ་མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་བརྒལ་བའི་འགག་རོང་མཐའ་མ་དེ་རེད། དགུན་དཔྱིད་སྣོལ་མར་གནས་པའི་དུས་ཚིགས་སུ། དེ་གའི་རྨ་ཆུ་དྭངས་ཤིང་བསིལ་བ་དང་སྔོ་ཞིང་དྭངས་པའི་ནམ་མཁའ་ཆུ་ངོས་སུ་འཕྲོས་ནས་ངོགས་གཉིས་ཀྱི་རི་བོ་ཆུ་ངོས་སུ་མཛེས་ཤིང་སྡུག་པ་ཞིག་རེད།

ཡུས་ཝང་འགག་གི་རྨ་ཆུའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བའི་སྐོར་གླེང་སྐབས། ཞ་ཁུག་སྡེ་བའི་དེ་སྔའི་ཏང་ཀྲི་པུའུ་ཧྲུའུ་ཅི་མ་ཅིན་ཚའེ་ཡིས་ཚོར་སྣང་ཟབ་མོས་སྒོ་ནས་བཤད་རྒྱུར། “ལོ་འདི་འགར་དགུན་སྒྲོལ་དུ་ཡོང་པའི་ངང་པ་ཇེ་མང་དུ་ཕྱིན་པ་མ་ཟད། འཚོ་སྡོད་ཀྱི་དུས་ཚོད་ཀྱང་མངོན་གསལ་སྒོས་ཇེ་རིང་དུ་ཕྱིན་ཡོད། དགུན་ཁ་ཐོན་རྗེས་མཐོང་དཀོན་པའི་ངང་དཀར་ཡང་ཐོན་ཡོད”ཟེར།

2021ལོར་མཚོ་སྔོན་ཞིང་ཆེན་གྱི་ཆུ་དང་མཁའ་དབུགས། ས་རྒྱུ་བཅས་ཀྱི་ཁོར་ཡུག་སྤུས་ཚད་ཀྱང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། ཞིང་ཆེན་བརྒལ་ནས་བཞུར་པའི་ཆུ་སྤུས་རིགསIདངIIIཟིན་པ། རྒྱལ་ཁབ་ཀྱི་དཔྱད་ཞིབ་ཆད་ངོས་ཀྱི་ཆུ་སྤུས་བཟང་ཚད100%ཟིན་པ་དང་། ལོ་རེར་སྨད་རྒྱུད་ལ་ཆུ་མུས་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་དྲུག་ལྷག་ཙམ་གཏོང་གིན་ཡོད།

སྐྱེ་ཁམས་ནི་མཚོ་སྔོན་གྱི་ཆེས་གལ་ཆེ་ཤོས་དང་རྒྱུན་མཐུད་ཀྱི་མིང་བྱང་གྲགས་ཅན་ཞིག་ཡིན་ལ། མཚོ་སྔོན་གྱིས་རྒྱལ་ཡོངས་སུ་རྐང་འཛུགས་ཐུབ་པ་དང་སྒྲུབ་ཐུབ་པའི་མིང་བྱང་གྲགས་ཅན་ཞིག་ཀྱང་རེད། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་པ་དེ་ནི་དག་གཙང་གི་གནས་དེ་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ནས། “གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་ཐུབ་པ”ཁག་ཐེག་བྱ་རྒྱུ་དེ་རེད།

“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བྱ་ཆེད། 2021ལོར། མཚོ་སྔོན་ཞིང་ཆེན་གྱིས་མཛེས་སྡུག་ལྡན་པའི་གཙང་པོ་དང་མཚེའུ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། འབྲི་ཆུ་དང་རྨ་ཆུ། མཚོ་སྔོན་པོ་སོགས་གཙོ་གནད་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སླར་གསོ་དང་ཆུའི་ཁོར་ཡུག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་པ། ཀྲུང་དབྱང་གི་ཆུའི་སྦགས་བཙོག་འགོག་བཅོས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཅིག་བྱེ་བ་གཅིག་ས་ཡ་དྲུག་བཀོད་སྒྲིག་བྱས་པ་དང་། རྣམ་གྲངས་སོ་དྲུག་ལག་བསྟར་བྱས་ལ། འབྲི་ཆུ་དང་རྨ་ཆུའི་ཆུ་འགོའི་ཆུ་ཁུངས་གསོ་གསོག་གི་ནུས་པ་ཆེ་རུ་བཏང་། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་ཞིབ་བཤེར་དཔྱད་འཇོག་ཧུར་ཐག་བྱས་ནས། བུ་ཧ་ཆུ་བོ་དང་ཁྱོན་རྒྱས་ཆུ་བོ་སོགས་མཚོ་ནང་དུ་བཞུར་བའི་ཆུ་བོ་གཙོ་བོའི་ཁོར་ཡུག་བཅོས་སྒྲིག་བྱས་ཏེ། མཚོ་སྔོན་པོའི་ཉ་ཕྱིར་མཚོ་ནང་དུ་བསྐྱོད་པའི་ཆུ་ལམ་གཙོ་བོའི་ཁོར་ཡུག་ཉམས་གསོའི་བྱ་བ་འཚོལ་ཞིབ་བྱས་ནས་སྤེལ་བ་དང་། ཆུ་མཐོ་རུ་ཕྱིན་པ་ལས་བྱུང་བའི་ཆུའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རླབས་ཕྲེང་ལང་ལོང་དུ་འཕྱུར་བའི་མཚོ་སྔོན་པོའི་མཛེས་ལྗོངས་སྔར་ལས་དྭངས་གཙང་ཡོང་བར་བྱས། ཡུལ་ཚོ་དང་གྲོང་རྡལ། དེ་མིན་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ས་ཁུལ་ལ་མཐིལ་རྟོགས་བརྟག་དཔྱད་བྱས་ནས། གཙོ་གནད་ཡུལ་ཚོ་དང་གྲོང་རྡལ། དེ་མིན་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ས་ཁུལ་གྱི་ཁོར་ཡུག་གནད་དོན་བཅོས་སྒྲིག་དང་ཚད་ལྡན་ཅན་འཛུགས་སྐྲུན་ནན་མོ་བྱས་ཏེ། གྲོང་གསེབ་ཀྱི་ཆུ་འགོའི་ས་ཁུལ་སྲུང་སྐྱོབ་ལ་རིམ་གྱིས་ཤུགས་སྣོན་བྱས། ཙོང་ཆུའི་འབབ་རྒྱུད་ཀྱི་བཙོག་འབུད་གནས་སུ་ལྟ་ཞིབ་ཚད་ལེན་དང་རྨ་ཆུའི་བཞུར་རྒྱུད་ཀྱི་བཙོག་འབུད་གནས་སུ་མིའི་ཐབས་ལ་བརྟེན་ནས་ཞིབ་བཤེར་བྱས། རྨ་ཆུའི་འབབ་རྒྱུད་དུ“མེད་པར་བཟོ་བའི”བྱ་སྤྱོད་སྤེལ་ནས་གནད་དོན་བརྒྱ་དང་སོ་ལྔ་ལ་གྲལ་བཤེར་དང་བཅོས་སྒྲིག་བྱས་པ་དང་། ཀན་སུའུ་ཞིང་ཆེན་དང་མཉམ་དུ་ས་མཚམས་ལས་བརྒལ་བའི་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་མཉམ་འགོག་མཉམ་བཅོས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་མ་ཟད། ས་མཚམས་ལས་བརྒལ་བའི་ཁོར་ཡུག་སྦགས་བཙོག་གི་རྩོད་གཞི་མཐུན་སྦྱོར་ཐག་གཅོད་དང་འཕྲལ་སྒྲུབ་ཐག་གཅོད་ལམ་སྲོལ་བཙུགས་པ་རེད།

ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱས་ཏེ“མཚོ་སྔོན་གྱི་དག་གཙང”གནས་བརྟན་སྲུང་བྱེད།

ཞོགས་པའི་སྦྱོང་བརྡར་ལ་གོམས་ཡོད་པའི་ཟི་ལིང་གི་གྲོང་མི་ཝང་ཧའེ་ཕིང་གིས2021ལོའི་མཁའ་རླུང་སྤུས་ཚད་ལ་བློ་ཡིད་ཚིམ་པོ་བྱེད་ཀྱིན་ཡོད། “དགུན་ཁ་ཐོན་པ་ནས་བཟུང་། ཁ་བ་འབབ་ཚད་ཉུང་ཡང་སྨུག་རྡུལ་དང་ས་རྡུལ་འཐིབ་པའི་གནམ་གཤིས་ཧ་ཅང་ཉུང་། མགོ་བོ་བཏེགས་ནས་དགུང་སྔོན་གནམ་ལ་བལྟས་ཚེ་གནམ་གཤིས་ཧ་ཅང་དྭངས་ལ་དབྱར་དུས་དེ་ལས་ཀྱང་དྭངས”ཞེས་བཤད།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། 2021ལོར། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི་གོ་ལྔ་དང་གྲངས་ཆུང་དྲུག་ཟིན་པ་དང་། གྲོང་ཁྱེར་དང་ཁུལ་བརྒྱད་ལ་ཁྱོན་ཡོངས་ནས་དམིགས་ཚད་ཐོག་མར་མངོན་འགྱུར་བྱུང་།

མཚོ་སྔོན་ཞིང་ཆེན་གྱི་ནམ་མཁའ་སྔོ་བ་དང་མཁའ་དབུགས་གཙང་བ་ནི་ལོ་མང་པོའི་རིང་རྒྱུན་འཁྱོངས་ལྷོད་མེད་ངང་རླུང་ཁམས་ཆེན་མོའི་སྦགས་བཙོག་བཅོས་སྐྱོང་གི་བྱ་བར་དམ་འཛིན་ལྷོད་མེད་བྱས་པ་ལས་བྱུང་བ་ཞིག་རེད།

ས་རྡུལ་ནི་ཟི་ལིང་གྲོང་ཁྱེར་གྱི་མཁའ་དབུགས་ཁྲོད་ཀྱི་སྦགས་བཙོག་འབྱུང་ཁུངས་ཨང་དང་པོ་རེད། ད་ལྟ། འཛུགས་སྐྲུན་ལས་ཡུལ་དང་བཤིག་སྤོའི་ལས་ཡུལ་སྐོར་ཞིག་ཏུ་ས་རྡུལ་ཅུང་ཙམ་གཡེང་བཞིན་ཡོད། དེ་དང་འདྲ་བར། སྲང་ལམ་གྱི་ས་རྡུལ་ཇེ་ཉུང་དུ་ཕྱིན་པ་དང་། གད་སྙིགས་གཙང་ཕྱགས་རླངས་འཁོར་དང་ཆུ་གཏོར་རླངས་འཁོར་གྱིས་གྲོང་ཁུལ་གྱི་གཞུང་ལམ་ལ་དུས་མཚམས་ཧྲིལ་པོར་གཙང་སྦྲ་དང་ཆུ་གཏོར་བ། གཙང་འཁྲུ་སོགས་བྱེད་བཞིན་ཡོད་པས། ས་རྡུལ་ཇེ་ཉུང་དུ་ཕྱིན་ནས་གཞུང་ལམ་སྔར་ལས་གཙང་ལ་གྲལ་དག་པ་ཞིག་ཏུ་གྱུར་ཡོད།

“མཚོ་སྔོན་གྱི་གནམ་གཤིས”ཡག་པོ་བརྟན་སྲུང་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཚོས་དྭངས་གཙང་གི་མཁའ་དབུགས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་རིམ་སོ་སོའི་སྲིད་གཞུང་སྡེ་ཁག་གིས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། རང་ཞིང་གིས་བཟོ་ལས་ཀྱི་འབྱུང་ཁུངས་དང་འཚོ་བའི་འབྱུང་ཁུངས། སྤོ་སྒུལ་འབྱུང་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། བཅོས་སྒྲིག་ཆེན་པོ་བྱེད་རྒྱུ་དངོས་འབེབ་བྱས་པ་དང་། ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གསུམ་ས་ཡ་དྲུག་བཀོད་སྒྲིག་བྱས་ནས་ལས་གཞི་ཞེ་དྲུག་ལག་བསྟར་བྱས་ལ། མཁའ་དབུགས་བཙོག་བཟོའི་གནད་དོན་ཕན་ནུས་ལྡན་པའི་སྒོ་ནས་ཐག་གཅོད་བྱས། 2021ལོར། མཚོ་སྔོན་ཞིང་ཆེན་གྱིས་དྲོད་ལེན་དུས་ཚིགས་སུ་རླུང་ཁམས་ཆེན་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཇེ་ཟབ་ཏུ་བཏང་སྟེ། བཟོ་ལས་ཁེ་ལས་ཀྱི་སྦགས་བཙོག་བཅོས་སྐྱོང་ལས་གཞི་སོ་ལྔ་ལག་བསྟར་བྱས་པ་དང་། རྡོ་སོལ་ཁྲོ་ཐབ་ཆུང་གྲས་ཏུན་སུམ་བརྒྱ་གོ་དྲུག་མེད་པར་བཟོས་པ། འཕྲུལ་སྒུལ་རླངས་འཁོར་རྙིང་པ་སྟོང་དགུ་དང་ལྔ་གཉིས་མེད་པར་བཟོས་ལ། “ཁ་ཐོར་དང་བཙོག་སྐྱོན”བཅས་ཀྱི་ཁེ་ལས་ང་བདུན་བཅོས་སྒྲིག་བྱས། ཡལ་སླའི་རང་བཞིན་གྱི་སྐྱེ་ལྡན་དངོས་པོ་དང་ཏན་དབྱང་འགྱུར་རྫས་མཉམ་དུ་བཙོག་འབུད་ཉུང་གཏོང་ལ་དམ་འཛིན་ནན་མོ་བྱེད་པ་དང་། གཙོ་གནད་ལས་རིགས་ཀྱི་ཡལ་སླའི་རང་བཞིན་གྱི་སྐྱེ་ལྡན་དངོས་པོ་ཕྱིར་འབུད་འགུལ་རྣམ་གྱི་ལྟ་སྐུལ་དོ་དམ་མ་ལག་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། ངར་ལྕགས་དང་ལྕགས་རིགས་མཉམ་བསྲེས་སོགས་ལས་རིགས་ཀྱི་དུ་རླངས་ཕྱིར་འབུད་པར་བཅོས་སྒྲིག་བྱེད་པ། བཟོ་ལས་ཐབ་ཁུང་ཕྱོགས་བསྡུས་བཅོས་སྒྲིག་བྱེད་པ། གཙོ་གནད་ལས་རིགས་ཀྱི་ཁེ་ལས་ལ་རླུང་ཁམས་ཆེན་མོའི་སྦགས་བཙོག་དངོས་པོ་ཕྱིར་གཏོང་གི་དམིགས་བསལ་ཚོད་འཛིན་ཚད་གཞི་རིམ་བཞིན་ལག་བསྟར་བཅས་བྱེད་དགོས།

དྭངས་གཙང་མཚེའུ་ཡི་མཛེས་ལྗོངས་དར་སྤེལ་བཏང་ནས“མཛེས་སྡུག་ལྡན་པའི”རྣམ་པ་མངོན་དུ་འཇུག་དགོས།

མཚོ་སྔོན་པོའི་རླབས་ཕྲེང་ལང་ལོང་དུ་གཡོ་བ་དང་། མདོ་ལ་རིང་མོའི་འདབ་ཆགས་ཀྱིས་སྐད་སྙན་འབྱིན་ཞིང་མེ་ཏོག་གི་དྲི་ཞིམ་འཐུལ་བ། རྩྭ་ཐང་དང་ནགས་ཚལ། བརླན་ས། འཁྱག་རོམས། གཙང་པོ་བཅས་གང་སར་མཛེས་སྡུག་ལྡན་པའི་རྣམ་པ་མཐོང་ཐུབ་པ་དེ་ནི་མཚོ་སྔོན་གྱི“མཛེས་སྡུག་ཉམས་འགྱུར”རེད། ལྷག་པར་དུ། ཉེ་བའི་ལོ་གཉིས་ཀྱི་རིང་ལ། འཚོ་སྡོད་ཀྱི་རེ་བ་ཧ་ཅང་མཐོ་བའི་ཆུ་བྱ་སྐེ་རིང་དང་། ད་དུང་ཁྲུང་ཁྲུང་ནག་པོ་དང་དམར་པོ། འུག་པ་སོགས་རྒྱུན་དུ་འཚོལ་དཀའ་བའི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་མཐོང་རྒྱུ་ཡོད་པས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད།

“མཛེས་སྡུག་ལྡན་པའི་རིན་ཐང”མཐོ་རུ་གཏོང་ཆེད། 2021ལོར། མཚོ་སྔོན་ཞིང་ཆེན་གྱིས་ས་རྒྱུའི་སྦགས་བཙོག་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས་ནས། ས་འོག་གི་ཆུའི་ཁོར་ཡུག་གནས་ཚུལ་ལ་ཞིབ་བཤེར་དཔྱད་འཇོག་བྱེད་མགོ་བརྩམས། འཛུགས་སྐྲུན་ལ་མཁོ་བའི་ས་རྒྱུའི་སྦགས་བཙོག་གི་ཉེན་ཁ་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལོ་རྒྱུས་ཀྱི་ཤུལ་དུ་ལུས་པའི་སྦགས་བཙོག་ས་ཁུལ་ལ་གོ་རིམ་ལྡན་པའི་བཅོས་སྐྱོང་བྱེད་པ། ཁོར་ཡུག་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན་རྩད་ཞིབ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ས་རྒྱུའི་ཁོར་ཡུག་དྭངས་གཙང་དང་བརྟན་པོ་ཡོང་བར་བྱེད་དགོས།

ལྗང་མདོག་ནི་མཚོ་སྔོན་གྱི་ཁྱད་ཆོས་ཡིན་ལ། མཚོ་སྔོན་གྱི་མི་རིགས་སོ་སོའི་མང་ཚོགས་ཚོས་ཐུན་མོང་གི་འབད་པ་བྱས་པས་གྲུབ་འབྲས་ཞིག་ཀྱང་རེད། 2021ལོར། མཚོ་སྔོན་ཞིང་ཆེན་གྱི་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ཐད་གྲུབ་འབྲས་སྔར་ལས་བཟང་པོ་བླངས་ཡོད་པ་དང་། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ཐད་ས་སྤྱི་ཆིང་འབུམ་གསུམ་དང་ཁྲི་གསུམ་གསར་དུ་བསྣན་ལ། བྱེ་ཐང་ཅན་དང་བྱེ་འགྱུར་ས་ཞིང་ཇེ་ཉུང་དུ་གཏོང་བ་མངོན་འགྱུར་བྱུང་།

གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་གཅིག་བཀོད་སྒྲིག་བྱས་ནས། བུ་ཧ་ཆུ་བོའི་འབབ་རྒྱུད་ཀྱི་ཐེམ་ཆེན་རྫོང་ཁོངས་ཀྱི་བཞུར་རྒྱུད་དང་། འཇུ་ལག་ཆུ་བོའི་ཡན་ལག་ཆུ་བོ་གཉིས་ཀྱི་ཆུའི་ཁོར་ཡུག་བཅོས་སྐྱོང་སླར་གསོའི་ལས་གཞི་ལག་བསྟར་བྱས་ཏེ། “ཆུ་ཁུངས་གསུམ”གྱི་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་། ཆུ་ཁུངས་གསོ་སྐྱོང་ནུས་པ་མཐོར་གཏོང་སོགས་ཀྱི་ལས་གཞི་དྲུག་ཀྲུང་དབྱང་ལས་གཞི་གསོག་འཇོག་མཛོད་ནང་བཅུག་པ་མ་ཟད་སྒོར་དུང་ཕྱུར་བདུན་དང་བྱེ་བ་བརྒྱད་ས་ཡ་ལྔ་ཡི་རྒྱབ་སྐྱོར་བྱས། མདོ་ལ་རིང་མོའི་རི་ཆུ་ནགས་མཚེའུ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟའི་ལས་གཞི་ཕལ་ཆེར་ཡོངས་འགྲུབ་བྱས་ཡོད། “ལྗང་ཕུབ2021”རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཏེར་ལས་དབང་ཆ་ཕྱིར་འཐེན་ས་གཤིས་ཁོར་ཡུག་སླར་གསོ་བཅོས་སྐྱོང་ལས་གཞི་གྱ་ལྔར་ཞིབ་བཤེར་རྩིས་ལེན་བྱས་ཡོད།

འགོག་པ་དང་བཅོས་སྐྱོང་གཉིས་དམ་འཛིན་ནན་མོ་བྱས་ཏེ། “སྲུང་སྐྱོབ་དམག་འཐབ”ཡག་པོ་རྒྱག་དགོས།

2021ལོར། ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཕོག་པར་སྐྱིན་ཚབ་སྤྲོད་པའི་གྱོད་གཞི་ང་གཉིས་ཞིབ་གཅོད་བྱས་པ་དང་། རེས་སྐོར་གཉིས་ཀྱི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དག་ཐེར་ལས་འགན་ཞིང་ཆེན་ཡོངས་སུ་ལེགས་གྲུབ་བྱུང་ཚད་དེ2020ལོའི་བརྒྱ་ཆའི་རེ་གསུམ་ནས2021ལོའི་བརྒྱ་ཆའི་གྱ་བདུན་བར་མཐོ་རུ་ཕྱིན་པ་དང་། མང་ཚོགས་ཀྱི་གཏུག་བཤེར་ཐག་གཅོད་བྱས་ཚད་དེ2020ལོའི་བརྒྱ་ཆའི་གོ་བདུན་གྲངས་ཆུང་ལྔ་ནས2021ལོར་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་གསུམ་བར་མཐོ་རུ་ཕྱིན། མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་ཉེན་བརྡའི་པར་གཞི་སྣ་བཅུའི་བཅོས་སྒྲིག་ལས་འགན་དང་བཅོས་སྒྲིག་བྱ་ཐབས་ཞེ་བདུན་ལེགས་སྒྲུབ་བྱས་པའི་ཁྲོད་སྣ་བདུན་དང་བྱ་ཐབས་ཞེ་གཅིག་ཡོངས་འགྲུབ་བྱས་ཡོད།

2021ལོར། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་འཛིན་བྱ་བར“རལ་གྲི་རྣོན་པོ”འཕྱར་ནས་སྔར་ལས་ལྷག་པའི་གྲུབ་འབྲས་ཐོབ་ཡོད།

ན་ནིང་། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གཏེར་ལས་དབང་ཆ་སླར་གསོ་བཅོས་སྐྱོང་དང་། ཨ་ཆེན་གངས་རྒྱབ་ཀྱི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་སོགས་ཀྱི་གནད་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རྒྱུན་མཐུད་ངང་སྤེལ་བ་མ་ཟད། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་དང་རྨ་ཆུའི་ཉེན་ཟོན་པར་གཞི་གོང་ཞུའི་གནད་དོན་དང་། ཀྲུང་དབྱང་གི་སྐོར་སྐྱོད་ཞིབ་བཤེར། རྩིས་བཤེར་ཚུར་ལན་བཅས་ཀྱི་འབྲེལ་ཡོད་གནད་དོན་བཅོས་སྒྲིག་མཉམ་འགུལ་བྱས།

མཁར་གྲོང་གི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་བྱས་ཚུལ་ལ་ཆེད་དམིགས་ལྟ་ཞིབ་བྱས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་རྒྱུན་ལྡན་གྱི་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། རྩིས་ཐོ་དང་རྩིས་ཁྲའི་རྣམ་པའི་ཐོག་ནས་གནད་དོན་བསྒྲུབ་པ་དང་དག་ཐེར་ལ་སྐུལ་འདེད་བཏང་སྟེ། “ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཡོད་པ་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་བྱས།

སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཁྲིམས་འཛིན་བྱ་བ་རྒྱུན་མི་ཆད་པར་ཟབ་སྤེལ་བྱས་ནས། རྒྱུན་རྣམ་ཅན་གྱི་ཐོག་ནས་ལྟ་སྐུལ་ཁྲིམས་འཛིན་གྱི་དྲང་ཕྱོགས་གསལ་ཐོ་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་དྲུག་བརྒྱ་གཅིག་གི་ནང་བཅུག་ནས། ཁེ་ལས་སྟོང་གཉིས་དྲུག་བརྒྱ་གོ་གཉིས་དང་ཡུལ་དངོས་མིན་པའི་ཞིབ་བཤེར་སྟོང་གཉིས་བརྒྱ་དང་ཉེར་གསུམ་ལ་རོགས་སྐྱོར་བྱས། བཙོག་འབུད་ཆོག་འཐུས་ལག་ཁྱེར་སྟེར་བར་དོ་དམ་ནན་མོ་བྱེད་པ་དང་། “ལག་ཁྱེར་གཅིག”གི་ཁྲིམས་བསྟར་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་བྱེད་པ། ཁོར་ཡུག་དཔྱད་འཇོག་དང་བཙོག་འབུད་ཆོག་འཐུས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཆེད་དམིགས་ཞིབ་བཤེར་རྒྱུན་མཐུད་སྒོས་སྤེལ་ཏེ། གཏན་འབེབས་ལྟར་ཉེན་ཁ་ཆེ་བའི་གད་སྙིགས་སྐྱེལ་འདྲེན་དང་རང་འགུལ་ངང་ལྟ་ཞིབ་ཚད་ལེན་མི་བྱེད་པར་གཞི་གྲངས་རྫུན་བཟོ་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་ཆེད་དམིགས་བྱ་སྤྱོད་གཅིག་བསྡུས་སྒོས་སྤེལ་ནས། ཁྲིམས་འགལ་ཁེ་ལས་ཉིས་བརྒྱ་སོ་བཞི་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཆ་ཚང་སྒྲིག་ཆས་བཞིའི་གྱོད་གཞི་ཉི་ཤུ་ལག་བསྟར་བྱས།

ན་ནིང་། རང་ཞིང་གིས་ཁྲིམས་འཛིན་སྦྱོང་བརྡར་ཆེན་མོའི་བྱ་འགུལ་ཏན་ཏིག་གིས་སྤེལ་བ་དང་། ཁྲིམས་འཛིན་དཔུང་ཁག་གི་གྱོན་ཆས་དང་མཚོན་རྟགས། ལག་ཁྱེར་བཅས“གཅིག་གྱུར་གསུམ”གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་། ཉིང་རྡུལ་དང་འགྱེད་འཕྲོའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ནས། ཉིང་རྡུལ་བདེ་འཇགས་ཀྱི་མཐུན་སྦྱོར་ལམ་སྲོལ་ནུས་ལྡན་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་སྲུང་བྱས་པ་དང་། “དུས་བདེའི་མཐོ་སྒང-2021”ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི་འགྱེད་འཕྲོའི་ལས་འཛོལ་ཕྱོགས་བསྡུས་འཕྲལ་སྒྲུབ་སྦྱོང་བརྡར་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱས། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ལོ་གསུམ་གྱི་བྱ་སྤྱོད་སྤེལ་བ་དང་། ཁོངས་གཏོགས་ས་ཁུལ་གྱི་བེད་མེད་འགྱེད་འཕྲོའི་ཡོང་ཁུངས་རྙིང་པ་ཚང་མ་བསྡུ་རུབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་འགྱེད་འཕྲོའི་ཁོར་ཡུག་ཧྲིལ་པོ་བདེ་འཇགས་ལྡན་དུ་བཅུག

འདས་སོང་ལ་ཕྱིར་མིག་ལྟ་བ་དང་མ་འོངས་པར་རྒྱང་ལྟ་བྱེད། 2022ལོར། རང་ཞིང་གིས་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱིས“ཀྲུང་ཧྭའི་ཆུ་མཛོད”ལ་ལྟ་སྲུང་བྱེད་པ། རྒྱལ་ཁབ་སྤྱི་གླིང་ལ་སྔར་ལས་གསོན་ཤུགས་ལྡན་དུ་འཇུག་པ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་མཚོ་སྔོན་གྱིས་འགན་འཁྲི་འཁུར་བ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བྱ་བ་གཅིག་གྱུར་དང་གོ་རིམ་ལྡན་པའི་ངང་ཡག་པོ་སྒྲུབ་པ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་མགྱོགས་མྱུར་སྒོས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་སྔར་ལས་དྭངས་གཙང་ཡོང་བ་དང་། རབ་མཛེས་མཚོ་སྔོན་གྱི“རྣམ་པ”སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱས་ནས། རབ་མཛེས་མཚོ་སྔོན་དང་སྐྱེ་ཁམས་བཟང་བའི་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་འབྲི་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།