དཀོན་མཆོག་སྒྲོལ་མའི་སེམས་ཁོང་གི་རྒྱལ་ཁབ་ཀྱི་དོན་ཆེན།
2022.03.30 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

དཔྱིད་དུས་ཀྱི་མཐོ་སྒང་གི་ནམ་མཁའ་ནི་གཡའ་དག་ཅིང་དྲོད་འཇམ་གྱི་ཉི་འོད་འོག་ཏུ་རྨ་ཆེན་གངས་རི་འོད་དུ་འཚེར། རྨ་ཆེན་གངས་རིའི་འདབས་རོལ་དུ་མི་སྐོར་ཞིག་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ།མི་དེ་དག་གི་ཁྲོད་དུ་ད་ལོ་ལོ་ན་ང་བདུན་ལ་སོན་པའི་དཀོན་མཆོག་སྒྲོལ་མ་ཡང་ཡོད་ཅིང་མོས་ལན་རེར་ལུས་པོ་མར་སྒུར་ནས་རྩྭ་ཐང་སྟེང་གི་གད་སྙིགས་འཐུ་བ་དང་སྐབས་རེར་ཆུའི་ནང་གི་སྙིགས་རོ་གཙང་སེལ་བྱེད་བཞིན་འདུག

རྨ་ཆེན་གངས་རི་ནི་ས་དེའི་མི་དམངས་མང་ཚོགས་ཀྱི་སེམས་ཁོང་གི་བླ་རི་ཡིན་ཞིང་། ཆུང་དུས་ནས་ཡུལ་དེར་འཚར་ལོངས་བྱུང་བའི་དཀོན་མཆོག་སྒྲོལ་མ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོའི་འབྲོག་དམངས་ཤིག་རེད། ཉིས་སྟོང་བཅུ་ཐམ་པའི་ལོར། ས་གནས་དེའི་ཆུ་མགོ་ཞིག་གད་སྙིགས་ཀྱིས་ཁེགས་ནས་རྩ་བ་ནས་བསྐམས་པ་དེས་ཉེ་འགྲམ་གྱི་མི་ཕྱུགས་རྣམས་ལ་འཐུང་ཆུའི་དཀའ་ངལ་ཆེན་པོ་བཟོས། དེ་ལྟར་རང་གི་ཉེ་འགྲམ་དུ་ཁོར་ཡུག་གི་གནད་དོན་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བའི་རྣམ་པ་དེ་དག་མཐོང་དུས། དཀོན་མཆོག་སྒྲོལ་མས་ཅི་ནས་ཀྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་བྱ་བ་ཞིག་བསྒྲུབ་དགོས་པའི་སེམས་ཐག་བཅད། དུས་དེ་ནས་བཟུང་སྟེ་དཀོན་མཆོག་སྒྲོལ་མ་དང་མོའི་ལས་རོགས་ཚོས་རྩྭ་ཐང་གི་གད་སྙིགས་འཐུ་མགོ་བརྩམས་པར་མ་ཟད། ཕྱི་ཕྱོགས་ནས་ཡོང་བའི་མགྲོན་པོ་རྣམས་ལ་གད་སྙིགས་གང་སར་མི་འཕེན་པར་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་ཁ་ཏ་སློབ་གསོ་བཏང་། དེ་ལྟར་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བ་དོན་དུ་གཉེར་པས་སྔོན་ཆད་བསྐམས་ཟིན་པའི་ཆུ་མགོ་དེ་ལས་ཡང་བསྐྱར་ཆུ་མིག་ཕྲ་མོ་ཞིག་བཞུར་མགོ་བརྩམས་པས་ཁོ་ཚོའི་གདོང་ལས་དགའ་ཞིང་བློ་བདེ་བའི་ཉམས་སྣང་ཞིག་མངོན་འདུག

ཉིས་སྟོང་བཅུ་དྲུག་ལོར། ཕ་ཡུལ་གྱི་ཁོར་ཡུག་སྔར་ལས་ལྷག་པར་སྲུང་སྐྱོབ་བྱེད་པའི་ཆེད་དུ། དཀོན་མཆོག་སྒྲོལ་མས་མགོ་འཛིན་བྱས་ནས་བུད་མེད་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཞེས་པའི་དམངས་ཁྲོད་ཀྱི་ཚོགས་པ་ཞིག་བཙུགས། མཐུན་ཚོགས་དེས་ས་གནས་ཀྱི་བུད་མེད་རྣམས་རྩ་འཛུགས་བྱས་ཏེ། དུས་ཚོད་གཏན་འཁེལ་གྱི་ནང་དུ་ས་གནས་མི་དམངས་མང་ཚོགས་ལ་ཁོར་ཡུག་དག་ཐེར་བཅོས་སྐྱོང་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་དྲིལ་སྒྲོག་བྱ་འགུལ་སྤེལ །  ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་དེ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་དེར་རིམ་བཞིན་ཡུན་ཕན་སྒྲིག་གཞི་ཞིག་གྲུབ་པར་བྱས་ཏེ། ཟླ་རེ་རེའི་ཚེས་བཅོ་ལྔ་དང་སུམ་ཅུའི་ཉིན་མོར་སྐྱེ་ཁམས་འཕྲོད་བསྟེན་གཅིག་བསྡུས་དག་ཐེར་བྱེད་པའི་བྱ་བ་བསྒྲུབས་ནས། རྩྭ་ས་དང་ནགས་ཁུལ། ཆུ་ལམ། འགྲིམ་འགྲུལ་ལམ་རྒྱུད། མང་ཚོགས་ཀྱི་འཚོ་བའི་ཁྱབ་ཁོངས་སོགས་ཁོར་ཡུག་གི་འཕྲོད་བསྟེན་རྣམ་པ་མུ་མཐུད་དུ་ལེགས་བཅོས་བྱས།

ན་ནིང་རྨ་ཆེན་རྫོང་གི་ཅན་བཅུའི་ཏང་འཛུགས་སྐྲུན་བྱ་བའི་ཁོར་ཡུག་སྲུང་སྐྱོབ་ཚན་ཆུང་གི་དྲིལ་སྒྲོག་པའི་དྲིལ་སྒྲོག་བྱ་བའི་བརྒྱུད་རིམ་ལ་ཉན་རྗེས་སུ། དཀོན་མཆོག་སྒྲོལ་མས་རང་ཉིད་དང་ལས་གྲོགས་རྣམས་ཀྱིས་དུས་ཡུན་རིང་བོར་བསྒྲུབས་པའི་བྱ་བ་དེ་ནི་རང་གི་སྒོ་འགྲམ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པར་དོན་སྙིང་ལྡན་པ་ཙམ་དུ་མ་ཟད། རྨ་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཤེས། དེའི་རྗེས་སུ་དཀོན་མཆོག་སྒྲོལ་མས་མིག་རྒྱང་རིང་བོ་དེ་རྨ་ཆེན་གངས་རིའི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཕྱོགས་སུ་གཏད་ཡོད།

སེམས་ཞིབ་མོས་ལྟ་སྐྱོང་བྱས་པ་བརྒྱུད། དཀོན་མཆོག་སྒྲོལ་མ་རང་གི་རྐང་འོག་གི་ས་གཞི་ཆེན་མོ་དེའི་སྐྱེ་ཁམས་ཉམས་ཉེན་ཐད་ལ་སེམས་ཁྲལ་ཆེན་པོ་བྱུང་། མི་རྣམས་ཀྱིས་དབྱར་རྩྭ་དགུན་འབུ་བརྐོས་ཤུལ་ཡག་པོར་མ་སུམ་ཚེ་ལོ་རྗེས་མར་ཡང་རྗེས་ཤུལ་དེ་གསལ་བོར་མཐོང་ཐུབ། དེའི་སྟབས་ཀྱིས། ས་གནས་མགོ་ཁྲིད་པའི་ཁོར་ཡུག་སྲུང་སྐྱོབ་རྩ་འཛུགས་ཀྱི་སྣེ་ཁྲིད་འོག་ཏུ། དཀོན་མཆོག་སྒྲོལ་མ་དང་མོའི་ལས་རོགས་ཚོ་དབྱར་རྩྭ་དགུན་འབུ་བརྐོས་ཤུལ་སུམ་པའི་བྱ་བའི་ཁྲོད་ཞུགས། ལོ་རེ་བཞིན་དབྱར་རྩྭ་དགུན་འབུ་བརྐོས་རྗེས་སུ་དཀོན་མཆོག་སྒྲོལ་མ་སོགས་ཀྱིས་དབྱར་རྩྭའི་བརྐོས་ཤུལ་དུ་ནས་སོགས་ཀྱི་ས་བོན་སྣ་ཚོགས་འཕེན་བཞིན་ཡོད་པ་དང་།   དེ་ནས་བཟུང་དབྱར་རྩྭ་དགུན་འབུ་བརྐོས་ཤུལ་དུ་ལྗང་མདོག་གི་རྣམ་པ་གསར་བས་ཁེངས་པར་གྱུར།

ད་ལོར་དཀོན་མཆོག་སྒྲོལ་མ་དང་མོའི་ལས་གྲོགས་ཚོས་ཡང་ཡང་འབོད་སྐུལ་བཏོན་པ་བརྒྱུད། ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་དེར་སྔོན་ཆད་མི་བཞི་ལས་མེད་པ་ནས་ད་ལྟ་མི་གྲངས་སོ་བདུན་དུ་འཕར་ཡོད། དེ་མིན་སྔར་ལས་མང་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་དག་སྣ་ཚོགས་ཤིག་ས་གནས་དེའི་མི་རྣམས་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་གླེང་གཞིར་གྱུར་ཡོད་པར་མ་ཟད། མི་རེ་རེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བའི་ཁྲོད་ཞུགས་པའི་རྣམ་པ་ཞིག་ཆགས་འདུག

ང་ཚོའི་སེམས་པ་དེ་རྨ་ཆེན་གངས་རིའི་སྐྱེ་ཁམས་ཁོར་ཡུག་དང་གཞི་གཅིག་ཏུ་འདྲེས་ཡོད་ཅེས་དཀོན་མཆོག་སྒྲོལ་མས་བཤད། དེ་ལྟར་རྨ་ཆེན་གངས་རིའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་དཀོན་མཆོག་སྒྲོལ་མའི་སེམས་ཁོང་གི་རྒྱལ་ཁབ་ཀྱི་དོན་ཆེན་དུ་གྱུར་ཡོད།

                                                                              ཡིག་སྒྱུར་བ། གཡང་འབུམ་རྒྱལ།