མགོ་ལོག་ཁུལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན།
2022.04.08 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 34

 མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་གནས་སུ་ཆགས་པ་དང་། དེ་ནི་ཀྲུང་གོ་དང་ཐ་ན་ཨེ་ཤ་ཡའི་སྐྱེ་ཁམས་སྲུང་ཡོལ་དང་ཆུ་ཁུངས་གསོ་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་པར་མ་ཟད། འཛམ་གླིང་ཐོག་ས་བབ་མཐོ་བའི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཀྱང་ཡིན། ཉེ་བའི་ལོ་འགའི་རིང་། མགོ་ལོག་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁོངས་ལྗང་བསྒྱུར་བྱེད་པ་དེ་རྒྱལ་ཁབ་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་རྟེན་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། “འབྱུང་ཡུལ་འགན་འཁྲི”ཕྲག་ཏུ་འཁུར་ནས་མགོ་ལོག་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྒྱལ་ཁུངས་ལྗང་བསྒྱུར་བྱ་སྤྱོད་ཁྲོད་ཧུར་ཐག་གིས་ཞུགས་པར་སྐུལ་སློང་བྱས་ཤིང་། སྐྱེ་ཁམས་དཔལ་ཡོན་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་བ་ཧུར་ཐག་གིས་བསྐྲུན་པའི་སྐྱོད་ལམ་བུ་གསར་བའི་སྟེང་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

2021ལོར་མགོ་ལོག་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ།  ‘ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་དང་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ནས། རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ཐང་། བྱེ་མ། གངས་འཁྱགས་བཅས་ལ་གཅིག་གྱུར་གྱིས་བཅོས་སྐྱོང་བྱས་ཤིང་། མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ལྷག་བཏང་བའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་ཕྱུགས་བསྐྱུར་རྩྭ་གསོ། ཉམས་ཞན་དུ་གྱུར་བ་ཚབས་ཆེ་བའི་རྩྭ་ཐང་བཅོས་སྐྱོང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་སོགས་ཀྱི་གཙོ་གནད་སྐྱེ་ཁམས་ལས་གཞི་ལག་བསྟར་བྱས་པ་བརྒྱུད། ས་མུའུ་ས་ཡ་དྲུག་འབུམ་དྲུག་ཁྲི་དགུ་ཡི་རང་བྱུང་ནགས་ཚལ་དང་ས་མུའུ་ས་ཡ་བརྒྱད་འབུམ་གསུམ་ཁྲི་དྲུག་གི་སྤྱི་ཕན་ནགས་ཚལ་ལ་སྲུང་སྐྱོབ་ཐོབ་ཡོད་ཅེས་མགོ་ལོག་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཡེ་བན་པེན་གྱིས་ཉེ་ལམ་ཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་ལྗང་བསྒྱུར་སྐུལ་སློང་ཚོགས་ཆེན་སྟེང་དེ་ལྟར་བཤད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་ཐད། མགོ་ལོག་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ནས། “རྩྭ་དཔོན་ལམ་ལུགས”ཁྱབ་གདལ་གཏོང་བའི་ཉམས་མྱོང་ཕྱོགས་སྡོམ་གང་ལེགས་བྱས་ཏེ། ཁྱོན་ཡོངས་ནས་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ཁྱབ་གདལ་བཏང་སྟེ་རྒྱལ་ཁོངས་ལྗང་བསྒྱུར་བྱ་སྤྱོད་ལ་གཞོགས་འདེགས་བྱས། གཞན་ཡང་། ཁུལ་རིམ་པའི་ནགས་དཔོན་དང་རྩྭ་དཔོན6དང་། རྫོང་རིམ་པའི་ནགས་དཔོན་དང་རྩྭ་དཔོན30། ཡུལ་ཚོ་རིམ་པའི་ནགས་དཔོན་དང་རྩྭ་དཔོན88། གྲོང་ཚོ་རིམ་པའི་ནགས་དཔོན་དང་རྩྭ་དཔོན343། སྡེ་ཁུལ་རིམ་པའི་ནགས་དཔོན་དང་རྩྭ་དཔོན610བཅས་དོན་འཁྱོལ་བྱས་པས།  ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་དོ་དམ“རིམ་པ་ལྔའི”འགན་འཁྲིའི་མ་ལག་གྲུབ་ནས་འཁོར་སྤྱོད་བྱས་པ་རེད།  རྨ་ཆེན་གྱི་ཏང་འཛུགས་སྐྲུན་དང་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་དང་།  པད་མའི་ཉམས་མྱོང་དང་ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་སོགས་རང་ཡུལ་ཅན་གྱི་དོ་དམ་བྱེད་སྟངས་ཁྱབ་གདལ་བཏང་ནས། རྒྱལ་ཁོངས་ལྗང་བསྒྱུར་བྱ་སྤྱོད་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས།

ཚན་རིག་དང་མཐུན་པའི་ལྗང་བསྒྱུར་བླང་བྱ་ལག་བསྟར་བཟང་བོ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་དང་། མཐུན་སྦྱོར་འཕེལ་རྒྱས། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅས་ཕྱོགས་བསྡུས་བཅོས་སྐྱོང་གི་བཀོད་སྒྲིག་གཞིར་བཟུང་ནས། ནགས་ཚལ་གྲོང་རྡལ་དང་ནགས་ཚལ་གྲོང་གསེབ་བསྐྲུན་རྒྱུ་གཞི་རྟེན་དུ་བྱེད་པ་དང་།  རྒྱལ་ཁོངས་ལྗང་བསྒྱུར་དེ་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་སྤྱི་ཡོངས་ཀྱི་འཆར་འགོད་ནང་བཅུག་སྟེ་ལྗང་བསྒྱུར་ཐོན་ཁུངས་ལུགས་མཐུན་སྒོས་བགོ་བཤའ་བརྒྱབ་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བེད་མེད་དུ་བསྐྱུར་བའི་ས་ཆ་དང་ས་རྒོད་སོགས་སུ་ལྗང་བསྒྱུར་ལས་དོན་སྤེལ་ཏེ་ཁྱོན་ཡོངས་ནས་སྔོ་ལྗང་ཅན་དུ་འགྱུར་བར་བྱས། ལྗང་བསྒྱུར་བར་སྟོང་རྒྱ་ཆེར་བཏང་ནས་ལྗང་བསྒྱུར་བྱེད་དགོས་རིགས་ཚང་མ་སྔོ་ལྗང་ཅན་དུ་བསྒྱུར་བ་རེད། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་བླང་བྱ་དང་རྒྱལ་ཁོངས་ལྗང་བསྒྱུར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་གཏོང་རྒྱུར་དམིགས་ནས།  ནགས་ས་དང་། རྩྭ་ཐང་། བརླན་ས། རང་བྱུང་སྲུང་སྐྱོབ་ཁུལ། རི་སྐྱེས་སྲོག་ཆགས་འཚོ་སྡོད་ཁུལ་བཅས་ཚང་མ་ཁྲིམས་ལྟར་དོ་དམ་མ་ལག་ནང་བཅུག་པ་དང་། བཟུང་སྤྱོད་ཞིབ་བཤེར་ཆོག་མཆན་ནན་མོ་ལག་བསྟར་བྱས་ནས་རྩྭ་ཕྱུགས་དོ་སྙོམས་དང་། ཕྱུགས་བསྐྱུར་ཕྱུགས་འགོག་ལམ་ལུགས་དོན་འཁྱོལ་བྱས།

ཐབས་ལམ་མང་པོ་དང་ཕྱོགས་ཡོངས་ནས་རྒྱལ་ཁོངས་ལྗང་བསྒྱུར་དྲིལ་སྒྲོག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་རིན་ཐང་ལྟ་བ་དང་སྐྱེ་ཁམས་ལྟ་བ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་།    ལོ་བཞིའི་རིང་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ་བ་དང་། ལས་བྱེད་པ་དང་མང་ཚོགས་ཁྲི་གསུམ་ལྷག་འོས་འགན་སྡོང་འཛུགས་བྱ་འགུལ་ནང་ཞུགས་ནས། མཚོ་སྔོན་གྱི་གསོམ་ཤིང་དང་མཚོ་སྔོན་གྱི་སྦྱར་ཤིང་གི་སྡོང་ཕྲུག་འབུམ་གཅིག་ཁྲི་གཉིས་ལྷག་བཙུགས།   2021ལོར་རྒྱལ་ཁོངས་ལྗང་བསྒྱུར་འཛུགས་སྐྲུན་ས་མུའུ་འབུམ་གཉིས་ཁྲི་བཞི་ལྷག་ཟིན་པ་དེ་འཆར་གཞིའི་ལས་འགན་གྱི128%ལེགས་འགྲུབ་བྱས་པ་རེད། འབྲོག་པ་མང་ཚོགས་ཁྲི་གཅིག་དང་བདུན་བརྒྱ་ལྷག་སྐྱེ་ཁམས་ལྟ་སྲུང་པར་བསྡུས་ནས་ནགས་ལས་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཁྲོད་ཞུགས་པས། འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་ཡོང་འབབ་བསྡུར་ཚད10%ནས20%བར་ཇེ་མཐོར་ཕྱིན་ཡོད།

དེ་དང་ཆབས་ཅིག་དོན་དངོས་དང་ཟུང་འབྲེལ་བྱས་ནས《མགོ་ལོག་ཁུལ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》བཟོས་ཤིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་དྲུག་བཏང་ནས་ས་ནག་ཐང་མུའུ་འབུམ་བརྒྱད་ཁྲི་བརྒྱད་དང་། ས་ནག་མུའུ་ཁྲི་བརྒྱད། ཞན་འགྱུར་རྩྭ་ཐང་མུའུ་ས་ཡ་གཅིག་འབུམ་གསུམ་བཅས་བཅོས་སྐྱོང་བྱས་ཤིང་། གནོད་ལྡན་སྐྱེ་དངོས་ས་མུའུ་བྱེ་བ་གཅིག་ས་ཡ་གཅིག་འབུམ་ལྔ་ཁྲི་དྲུག་ལྷག་འགོག་བཅོས་བྱས་ཏེ།  མགོ་ལོག་ཁུལ་ཡོངས་ཀྱི་རྩྭ་ཐང་སྔོ་ཁེབས་ཕྱོགས་བསྡུས་ཁྱབ་ཚད62%ཟིན་ཡོད། རྩྭ་ཐང་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་དུ་འགྲོ་བ་བཀག་འགོག་བཟང་བོ་བྱས་ནས་ས་ཆུ་སྲུང་འཛིན་གྱི་ནུས་བ་རྒྱུན་མཐུད་ངང་ཆེ་རུ་ཕྱིན།

མ་འོངས་པར། མགོ་ལོག་ཁུལ་གྱིས་སྐྱེ་ཁམས་མ་ལག་སླར་གསོ་དང་བཅོས་སྐྱོང་ལ་སྔར་ལས་ཤུགས་སྣོན་བྱེད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ལ་སྐུལ་འདེད་བཏང་སྟེ།  རི་ཁུལ་གྱི་ཆུ་ཁུངས་གསོ་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུ་དང་། ཨ་མྱེ་རྨ་ཆེན་རི་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལས་དོན་མགྱོགས་མྱུར་ངང་སྤེལ་ནས། རྩྭ་ཐང་གི་སྔོ་ཁེབས་ཕྱོགས་བསྡུས་ཁྱབ་ཚད་ཇེ་མཐོར་གཏོང་བར་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ་ཡིན་ཞེས་ཡེ་བན་པེན་གྱིས་དེ་ལྟར་བཤད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།