སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་ན་ཐོག་མར་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས།
2022.04.11 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

2016ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་སྐྱེ་ཁམས་ཡིན་པ་དང་ཆེས་ཆེ་བའི་འགན་འཁྲི་ཡང་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་ཞེས་བསྟན་པ་དང་། 2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་དང་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས་སྐབས། མཚོ་སྔོན“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་པའི”ལས་འགན་གལ་ཆེན་དང་ལོ་རྒྱུས་ཀྱི་འགན་འཁྲི་བསྩལ་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས།

སྐྱེ་ཁམས་ཡུལ་སྐོར་ལ“རང་བྱུང་ཁམས་ལ་བཅར་ཞིང་སྐྱེ་ཁམས་ལ་རོལ་མྱོང་བྱེད་པ”དམིགས་འབེན་དུ་བརྩི་བ་དང་། ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་དེ་ལྟད་མོ་ཁུལ་གཙོ་བོ་ཡིན་པའི་ཡུལ་སྐོར་ལས་རྣམ་དུ་བརྩིས་ན། རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་ཡུལ་དེའི་མི་དམངས་ཀྱི་འཚོ་བ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གཉིས་ཡོད། སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་བྱ་ནི་སྐྱེ་ཁམས་ཡིན་ལ་རྨང་གཞིའང་སྐྱེ་ཁམས་ཡིན། སྐྱེ་ཁམས་ཁོར་ཡུག་ལེགས་པོ་མེད་ན་སྐྱེ་ཁམས་ཡུལ་སྐོར་ནི་གླེང་ཐབས་བྲལ་བ་ཞིག་རེད།

“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན།” སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་དྲང་གཞག་གི་སྤྱི་པའི་ཐོན་རྫས་དང་ཆེས་ཕན་ཐོགས་ཡོད་པའི་དམངས་ཚིས་བདེ་སྐྱིད་ཡིན་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ན་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོབ་བྱས་པ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ན་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་བའང་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ན་རང་བྱུང་གི་རིན་ཐང་ལ་སྲུང་སྐྱོབ་དང་རང་བྱུང་གི་མ་རྩ་འཕར་དུ་བཅུག་པ་དང་། སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་སྦས་ཤུགས་དང་རྟིང་ཤུགས་ལ་སྲུང་སྐྱོབ་བྱས་པ་ཡིན་ལ། རི་སྔོ་ཆུ་དྭངས་ཀྱིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཁྲོད་དུ་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བསྟུད་མར་འདོན་སྤེལ་བྱས་པའང་ཡིན།

མཚོ་སྔོན་ནི་འཛམ་གླིང་གི་སྒལ་ཚིགས་སམ་སའི་གོ་ལའི་སྣེ་གསུམ་པར་ཆགས་ཡོད་པས། ཐུན་མོང་མ་ཡིན་པའི་ས་གཤིས་ཀྱིས་མཚོ་སྔོན་ལ་ཕུན་ཚོགས་སྣ་མང་གི་སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ཁུངས་བསྩལ་ཡོད་པ་དང་། དེས་འཇིག་རྟེན་སྐྱེ་འགྲོ་ཀུན་གྱི་མིག་དབང་འཕྲོག་བཞིན་ཡོད། དེ་དང་འདྲ་བར། དམིགས་བསལ་གྱི་ས་གཤིས་གནས་ཡུལ་ཡོད་པས་ཡུལ་འདིའི་སྐྱེ་ཁམས་ལ་སྣ་མང་ཅན་དང་ཉམས་ཞན་ཅན། བསྐྱར་གསོ་བྱེད་མི་ཐུབ་པའི་རང་བཞིན་ལྡན།

རང་ཞིང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་ལག་ལེན་ཁྲོད་དུ། སྐྱེ་ཁམས་ཁོར་ཡུག་གོ་གནས་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་དང་སྐྱེ་ཁམས་ཀྱི་ཚད་མཐའ་བསྲུངས་ནས་རང་བྱུང་གི་སྐྱེ་ཁམས་ལེགས་པོར་སྲུང་བ་དང་རང་བྱུང་གི་ཐོན་ཁུངས་ལེགས་པོར་སྲུང་སྐྱོབ་བྱེད་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལེགས་པོར་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཅན་དང་ཐཱན་ཉུང་ཅན། ལྗང་མདོག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། འདི་ནི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་བཏང་བའི་མཚོ་སྔོན་གྱི་དྲིས་ལན་རེད།

འཕེལ་རྒྱས་དང་སྲུང་སྐྱོབ་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་དེ་སྲུང་སྐྱོབ་ཀྱི་རྩ་དོན་དང་བསྟུན་པ་དང་། མིག་སྔར་གྱི་འཕེལ་རྒྱས་དེ་ཡུན་རིང་གི་འཕེལ་རྒྱས་དང་མཉམ་དུ་འཆར་གཞི་འགོད་པ་རྒྱུན་འཁྱོངས་བྱས་ནས་ཡུན་རིང་འཕེལ་རྒྱས་ཀྱི་རྩ་དོན་ལ་སྔར་ལས་དོ་སྣང་བྱས་པ་སོགས་མཚོ་སྔོན་གྱིས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དེ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྔོན་དུ་འཇོག་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བྱས་པས། རི་སྔོ་ཆུ་དྭངས་ཉིན་རེ་བཞིན་རབ་མཛེས་མཚོ་སྔོན་གྱི་མིང་བྱང་གྲགས་ཅན་དང་ཁྱད་སྟོབས་སུ་འགྱུར་བཞིན་ཡོད། འདི་ནི་སྐྱེ་ཁམས་ཡུལ་སྐོར་གྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“མཚོ་སྔོན་གྱི་བགྲོད་ལམ”རེད།

སྐྱེ་ཁམས་ཀྱིས་ཡུལ་སྐོར་གྱི་སྤུས་ཀ་བསྐྲུན་པ་དང་ཡུལ་སྐོར་གྱིས་སྐྱེ་ཁམས་ཀྱི་རིན་ཐང་མཚོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་ཐག་རྦད་ཆོད་ཀྱིས་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱས་ཏེ། “ཁྱོན་ཡོངས་གཉིས”ཀྱི་ཁོག་རྒྱ་ཡིས“རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་བཅངས་ནས། “རི་སྔོ་ཆུ་དྭངས”སྲུང་མཁན་པ་ལེགས་པོ་བྱེད་དགོས་པ་དང་།“གསེར་རི་དངུལ་རི”ཡི་གསར་གཏོད་པ་ལེགས་པོ་བྱེད་དགོས། འདི་ནི་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི“མཚོ་སྔོན་གྱི་ཇུས་གཞི”ཡིན།

ཉེ་ལམ། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་ཤེས་གསལ་ལྟར་ན། ཡུས་ཧྲུའུ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་དོན་དངོས་ལ་རྐང་ཚུགས་ཏེ་ཞབས་ཞུའི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་འཐུས་ཚང་དུ་བཏང་བ་དང་། རིག་གནས་དང་ཡུལ་སྐོར་གྱི་གཏིང་ཟབ་མཉམ་འདྲེས་ལ་བསྟུད་མར་སྐུལ་འདེད་བཏང་ཞིང་། ཚོང་ཁྲོམ་གྱི་སྟོབས་ཤུགས་ལ་བརྟེན་ནས་ནང་སྐྱེས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་ནུས་པ་གསོག་འཇོག་བྱས།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱེད་པ་དང་། ཡུལ་ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་འགྱིག་འགོག་སྦགས་ཉུང་གི་སྐྱེ་ཁམས་སྙན་གྲགས་ལེགས་པོར་བསྐྲུན་ཏེ། སྐྱེ་ཁམས་ཀྱི་ཁྱད་སྟོབས་དེ་དཔལ་འབྱོར་གྱི་ཁྱད་སྟོབས་དང་འཕེལ་རྒྱས་ཀྱི་ཁྱད་སྟོབས། ཐོན་ལས་ཀྱི་ཁྱད་སྟོབས་བཅས་སུ་བསྒྱུར་བ་དང་། རི་སྔོ་ཆུ་དྭངས་ནི་དར་སྤེལ་གྱི་སྒུལ་ཤུགས་སུ་འགྱུར་དུ་འཇུག་རྒྱུ་རེད། ཏང་གི་འཛུགས་སྐྲུན་ལ་སྣེ་ཁྲིད་པའི་ཡུལ་སྲོལ་སྐྱེ་ཁམས་དང་། མཉམ་སྐྲུན་མཉམ་སྤྱོད་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ། དྲིན་ཚོར་ཧུར་བརྩོན་གྱི་འཚོ་བ་རོལ་སྟངས་བཅས་ལ་སྐུལ་འདེད་བྱས་ཏེ། རིག་གནས་དང་ཡུལ་སྐོར་གྱི་བྱེད་ནུས་རིན་ཐང་ཇེ་ཆེར་བཏང་། “འགྲོ་འདུག་སྤྱོད་གསུམ་དང་ཡུལ་སྐོར། ཉོ་སྒྲུབ། རྩེད་འཇོ”བཅས་ཕུང་པོ་གཅིག་ཏུ་འདུས་པའི་ཐང་བོད་གནའ་ལམ་དང་ཁམས་པའི་ཡུལ་སྲོལ་སོགས་ཀྱི་ཁྱད་ལྡན་སྲང་ལམ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་འགན་འཁུར་པའི་སྲོག་ཤིང་གཙོ་གནད་དུ་བསྐྲུན་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་བཏང་བའི་སེང་ཟེ་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་ལས་གཞིར་བརྟན་བརླིང་གིས་སྐུལ་འདེད་བྱས་ཏེ། གྲོང་ཁྱེར་ཡུལ་སྐོར་གྱི་གཙོ་གནད་འབུར་དུ་དོད་ཅིང་ཡུལ་སྐོར་གྱི་ཡོང་སྒོ་ཇེ་མང་དུ་བཏང་།

དུས་མཚུངས་སུ། རོང་འབྲོག་པ་སྔར་ལས་མང་པོ་ཞིག་ལ་སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་གཉེར་སྟངས་བསྒྱུར་དུ་བཅུག་པ་དང་། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་ལམ་དུ་བསྐྱོད་དུ་བཅུག་ནས། ཐོན་ལས་ཀྱི་སྦྲེལ་ཐག་བསྲིངས་པ་དང་ཐོན་རྫས་ཀྱི་ལམ་བུ་བསྐྱེད་པ། ཟུར་སྣོན་རིན་ཐང་མཐོར་འདེགས་གཏོང་བ་བཅས་ཀྱི་ཚོང་ཁྲོམ་དུ་དགའ་བསུ་ཐོབ་པའི་ཞིང་ཕྱུགས་ཐོན་རྫས་སྔར་ལས་མང་པོ་འདོན་སྤྲོད་བྱས། སྡེ་བ་དང་ཁེ་ལས་མཉམ་འབྲེལ་གྱི་བྱེད་སྟངས་སྤྱད་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། ཞིང་སྡེའི་འགྲུལ་ཁང་དང་ཞིང་པའི་སྤྲོ་སྐྱིད་ཁང་། སྐྱེ་ཁམས་ར་བ། སྤྲོ་གསེང་སྡེ་བ་སོགས་ཀྱི་ལས་རྣམ་འཕེལ་རྒྱས་སུ་བཏང་སྟེ། རི་སྔོ་ཆུ་དྭངས་ཏེ་གསེར་རི་དངུལ་རིར་བསྒྱུར། “ནགས་ཚལ་གྲོང་ཁྱེར་དང་འགྱིག་སོབ་གྲོང་ཁྱེར། བློ་རིག་གྲོང་ཁྱེར། ནུས་ཁུངས་གྲོན་ཆུང་དང་སྦགས་བཙོག་ཉུང་འཕྲི་གྲོང་ཁྱེར”བཅས་ཀྱི་འཛུགས་སྐྲུན་དམིགས་འབེན་ལ་སྐུལ་འདེད་བྱས་ལ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་ཁ་གསབ་བྱས་ནས་གྲོང་ཁྱེར་གྱི་སྤུས་ཀར་ཇེ་ལེགས་དང་རྣམ་པ་ཇེ་མཛེས་སུ་གཏོང་བར་སྐུལ་འདེད་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།