མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཡིན་པ་དང་། “ཀྲུང་ཧྭའི་ཆུ་མཛོད”ཡང་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཟབ་མོ་བཏང་ནས། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་མི་དམངས་ལ་བཅངས་པའི་ཐུགས་རེ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འགན་འཁྲི་གལ་ཆེན་ཞིག་ཀྱང་རེད། མཚོ་སྔོན་གྱི་བུ་བུ་མོ་ཡོངས་ཀྱིས“རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་བཅངས་ནས“ཞིང་ཆེན་གྱི་དོན་དག་གལ་ཆེན”ལ་དམིགས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག འཛམ་གླིང་གི་མཐའ་སྣེ་གསུམ་པ་སྲུང་སྐྱོབ་ཡག་པོ་བཅས་བྱས་ནས། བློ་བརྟན་འགྱུར་མེད་སྒོས“ཀྲུང་ཧྭའི་ཆུ་མཛོད”ཀྱི་ལྟ་སྲུང་བ་བྱེད་དགོས།
སྔོ་ཞིང་དྭངས་པའི་ནམ་མཁའ་དང་མཁའ་རླུང་གཙང་མ། ལང་ལོང་དུ་འབབ་པའི་གཙང་ཆུ། མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས་ནི་མི་རྣམས་ཀྱི་བདེ་སྐྱིད་སྟོན་གྲངས་དང་འབྲེལ་བ་དམ་ཟབ་ཡོད་ལ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་མང་པོ་འཚོ་གནས་དང་རྒྱུད་སྤེལ་བྱ་རྒྱུར་ཁོར་ཡུག་བཟང་པོ་ཞིག་ཀྱང་འདོན་སྤྲོད་བྱས་ཡོད་པས། མཚོ་སྔོན་གྱི་ས་གཞི་ཆེན་མོའི་རི་ཆུ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་སྡུག་དང་ཐུན་མོང་གི་རྣམ་པ་ཞིག་ཆགས་ཡོད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་ཀྱང་གྲུབ་ཡོད།
མི་རྣམས་ཀྱིས་མིག་སྔར་ཐོབ་དཀའ་བའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་སྲིད་མོད། འོན་ཀྱང་། མཚོ་སྔོན་གྱི་བུ་བུ་མོ་ཡོངས་ལ་དཀའ་ཚེགས་སྔར་ལས་ཆེ་བའི་ལས་འགན་སྤྲད་ཡོད། རྒྱུ་མཚན་ནི་གནས་འདི་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཡིན་པས། རྒྱལ་ཁབ་དང་མི་རིགས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འབྲེལ་བ་ཡོད་པས་རེད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ། མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་པ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་འགན་ལྕི་ལ་ལམ་ཐག་རིང་། སྐྱེ་ཁམས་སྲུང་སྐྱོབ་དང་སའི་གོ་ལའི་མཐའ་སྣེ་གསུམ་པར་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ཡག་པོ་བཅས་བྱ་རྒྱུ་ནི་མཚོ་སྔོན་གྱི་སྲུང་སྐྱོབ་ཀྱི་གཙོ་གནད་དང་འགན་འཁྲི་ཞིག་རེད། དེར་བརྟེན། ངེས་པར་དུ་ཁྱོན་ཡོངས་ཀྱི་ལྟ་བ་དང་རྒྱང་རིང་གི་ལྟ་བ། སྤྱི་ཡོངས་ཀྱི་ལྟ་བ་བཅས་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། མིག་ལ་སྲུང་སྐྱོབ་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་། ཚེ་སྲོག་ལ་ལྟ་སྟངས་འཛིན་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས། ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་རོལ་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པའི་མཚོ་སྔོན་གྱིས་གནས་ཐིག་གཏན་འཁེལ་ཡང་དག་བྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ཁྲོད་གནས་བབ་ཨང་དང་པོར་བཞག་ནས། སྲུང་སྐྱོབ་དང་འཕེལ་རྒྱས། སྲུང་སྐྱོབ་དང་དམངས་ཚིས་སོགས་བར་གྱི་འབྲེལ་བ་སྤྱི་འདོམས་ཡག་པོ་བྱས་ཏེ། སྐྱེ་ཁམས་ཀྱི“ཚད་གཞིའི”ཁྲོད་འཕེལ་རྒྱས་ཀྱི“སྤུས་ཚད”འདང་ངེས་ཡོང་བ་བྱེད་པ་དང་། ཐོན་ལས་ཀྱི“ལྗང་མདོག་ཚད”ལ་བརྟེན་ནས་དམངས་ཚིས་ལེགས་བཅོས་ཀྱི“འཕར་ཚད”མཐོ་རུ་བཏང་སྟེ། “གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བ”ཁག་ཐེག་བྱེད་དགོས།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛམ་གླིང་གི་མཐའ་སྣེ་གསུམ་པར་སྲུང་སྐྱོབ་ཡག་པོ་བྱེད་པ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བཅས་བྱེད་པའི་འགན་འཁྲི་ལྕི་ལ་འགོར་འགྱངས་གཏན་ནས་བྱེད་མི་རུང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་གཟབ་ནན་གྱི་ལམ་ལུགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་གཅིག་བསྡུས་ཀྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སེམས་གཏིང་ལ་ཟུག་ཏུ་འཇུག་པ་དང་། རྒྱལ་ཁབ་དང་མི་རིགས། བུ་རབས་ཚ་རྒྱུད་བཅས་ལ་འགན་འཁྲི་ནན་མོ་འཁུར་བའི་རྣམ་འགྱུར་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་གི་རྩི་ཤིང་དང་སྲོག་ཆགས་ལ་སྲུང་སྐྱོབ་ཡག་པོ་བྱས་ནས། “ཀྲུང་ཧྭའི་ཆུ་མཛོད”དེ་ང་ཚོའི་སེམས་ནང་བརྟན་པོར་གནས་པ་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།