མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན།
2022.06.01 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 14

 རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ལོ་ལྔའི་རིང་ལ། མཚོ་སྔོན་གྱིས་བློ་རྩ་བརྟན་པོ་དང་རང་རྟོགས་སྒོས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་ཇེ་ལེགས་སུ་གཏོང་བ་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བྱེད་པ་དང་། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་ཚོགས་པ་ཧུར་ཐག་གིས་བསྐྲུན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཡོད།   ད་ལྟ་ལྗང་མདོག་ནི་མཚོ་སྔོན་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་ཡོད་པར་མ་ཟད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཀྱང་རབ་མཛེས་མཚོ་སྔོན་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ཕྱོགས་སུ་བསྐྱོད་པའི་མཚར་སྡུག་གི་མིང་བྱང་ཞིག་ཏུ་གྱུར་ཡོད།

ལོ་རྒྱུས་ཀྱི་དུས་མཚམས་གསར་པར་མཚོ་སྔོན་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཡིད་ཆེས་བཅངས་ཡོད་ལ།   སྔར་ལས་མཛེས་སྡུག་ལྡན་ཞིང་འཆམ་མཐུན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ཡང་ཡིད་ཆེས་ཀྱིས་ཁེངས་ཡོད།

ད་ལྟ་མཚོ་སྔོན་གྱི་གྲོང་ཁྱེར་དང་གྲོང་གསེབ་བཅས་གང་ཞིག་ཏུ་བསྐྱོད་ཀྱང་སྐྱེ་ཁམས་ཀྱི་མཚོ་སྔོན་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྐྱེ་སྟོབས་ཀྱིས་ཁེངས་ཡོད།

ད་ལྟ།  མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་ལྔ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་སྐྲུན་རྟེན་གཞི་གཉིས།  ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཞང་གྲོང་ཞེ་བཞི་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་སྡེ་བ་ལྔ་བརྒྱ་དང་ཞེ་གསུམ་བཅས་བཙུགས་ཡོད་པ་དང་།   མཐོ་སྒང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་མཚོན་ཁག་གཅིག་བྱུང་ནས།  མི་དམངས་མང་ཚོགས་ལ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གྱི་ཁྲོད་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དུ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་སྐྲུན་གྱི་རྟེན་གཞིའི་གྲས་སུ་ཚུད་ཡོད།  ཁྲི་ཀ་རྫོང་སུམ་པ་འགག་གི་ཤར་བྱང་ཕྱོགས་སུ་གནས་པའི་སུམ་པ་སྡེ་བ་ནི་སྐྱེ་ཁམས་ཁོར་ཡུག་བཟང་བ་ལས་བྱུང་བ་ཞིག་ཡིན་པ་དང་ལོ་མང་པོར་འཕེལ་རྒྱས་བཏང་བ་བརྒྱུད།  སྐྱེ་ཁམས་མཛེས་པ་དང་།   ཐོན་ལས་དར་བ། མང་ཚོགས་ཕྱུག་པོར་འགྱུར་བ་བཅས་ཀྱི་རྣམ་པ་བཟང་བོ་བྱུང་ཡོད།

མཚོ་ཤར་གྲོང་ཁྱེར་ཞུང་ཧྭ་རྫོང་གིས་རྨ་ཆུའི་འགྲམ་ངོགས་ཀྱི་སྐྱེ་ཁམས་བཟང་བོར་བརྟེན་ནས།  ཞུང་ཧྭ་རྫོང་གི་རིམ་པ་སོ་སོའི་ཏང་ཨུས་ཆུ་ཐོན་གསོ་སྤེལ་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ།  ཉ་རིགས་གསོ་སྤེལ་ར་བ་དྲུག་བསྐྲུན་པ་དང་ལོ་རེའི་ཐོན་རྫས་རིན་ཐང་སྒོར་བྱེ་བ་གཅིག་ས་ཡ་དགུ་ཙམ་ཟིན་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བ་དང་།  སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པ་མངོན་འགྱུར་བྱུང་ཡོད།

ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུའི་ནང་སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཞེས་བསྟན་ཡོད། ཏང་གི་འཐུས་མིའམ་ཞུང་ཧྭ་རྫོང་ཏང་ཨུའི་ཧྲུའུ་ཅི་ཧོང་ཧྲིན་ཧའོ་ཡིས་བཤད་རྒྱུར།    ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བའི་སྟེང་།  ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས།  བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་སྔར་བས་ཤུགས་སྣོན་བྱས་ཏེ།  རྒྱུན་ཆད་མེད་པར་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།  སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱེད་པ། སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རང་བྱུང་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ཆུ་ཚད་ཧུར་ཐག་གིས་ཇེ་མཐོར་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་ནུས་ཤུགས་ཡོད་རྒུས་བསྐྲུན་པ་བཅས་བྱས་ནས། རི་བོ་སྔར་ལས་སྔོ་ཞིང་ལྗང་བ་དང་ཆུ་མོ་སྔར་ལས་དྭངས་ཤིང་གཙང་བ་བཅས་ཀྱི་ལྗང་མདོག་གི་ཞུང་ཧྭ་ཞིག་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་ཡིན་ཟེར།

ཏང་གི་འཐུས་མིའམ་སྟོང་སྐོར་རྫོང་ཏང་ཨུའི་ཧྲུའུ་ཅི་ཧན་ཅུན་ལེའང་གིས་སྙན་ཞུར་ཉན་རྗེས། ཞིང་ཆེན་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ཐད་བླངས་བའི་གྲུབ་འབྲས་ལ་བསྔགས་བརྗོད་ཆེན་པོ་བྱས།  ཁོས་བཤད་རྒྱུར།  སྟོང་སྐོར་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཁྲོད་མཉམ་འདྲེས་དང་ཞབས་ཞུ་ལེགས་པོ་བྱེད་པ་དང་།  ཙོང་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཀྱི་རྫོང་སྟོབས་ལྡན་བསྐྲུན་པའི་དམིགས་འབེན་གཏན་འཁེལ་བྱེད་པ།   སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྲུང་སྐྱོབ་ཏན་ཏིག་བྱེད་པ།  ཐཱན་གཉིས་ཀྱི་ཚོད་ལྟའི་དཔེ་སྟོན་ལ་དམ་པོར་དམིགས་ནས་སྟོང་སྐོར་གྱི་ཁྱད་ལྡན་ལྗང་མདོག་གྲོག་རོང་དང་དྭངས་གཙང་གྲོང་ཁྱེར་བསྐྲུན་པ།   སྐྱེ་ཁམས་དང་ཡུལ་སྐོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་ནས། རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བསྐྲུན་པ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་ལས་སྟོབས་ཆེར་གཏོང་བ།  ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་གཙོ་གནད་དཔེ་སྟོན་རྫོང་འཛུགས་པར་ཤུགས་སྣོན་བྱེད་རྒྱུ་ཡིན་པར་མ་ཟད།   རྗེས་ཕྱོགས་ང་ཚོས་ལོ་རྒྱུས་རིག་གནས་ཀྱི་མིང་གྲགས་གྲོང་ཁྱེར་བསྐྲུན་པའི་ཕན་འབྲས་སྔར་ལས་ཇེ་ཆེར་བཏང་ནས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་ནས་རྣམ་པ་གསར་བའི་མཁར་གྲོང་ཅན་ལ་སྐུལ་འདེད་གཏོང་བ་དང་།  སྤྲོ་གསེང་སྤྱི་གླིང་དང་།   ལྗང་མདོག་གྲོང་ཁྱེར།  སྐྱེ་ཁམས་བར་ཁྱམས་བཅས་བསྐྲུན་ནས་དེང་རབས་དང་མཛེས་སྡུག  བདེ་སྐྱིད་བཅས་ཀྱི་ཟི་ལིང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་འགུག་ཤུགས་ལྡན་པའི་ལྗང་མདོག་གི་རྫོང་མཁར་བསྐྲུན་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།