རྒྱལ་ཁབ་སྤྱི་གླིང་། རབ་མཛེས་མཚོ་སྔོན་གྱི་ཆེས་མཛེས་པའི་མིང་བྱང་།
2022.06.14 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 18

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསོན་ཉམས་ལྡན་པའི་སྣང་བརྙན་དག་ནི།  མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་སུ་བརྟན་པོར་བཅངས་ནས།  དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཛད་མཐའ་མེད་པའི་སྒུལ་ཤུགས་སུ་གྱུར་ཡོད།

མངགས་བཅོལ་གྱི་གསུང་སྐད་རེ་རེ་ནི་རྣ་བར་ལྷང་ལྷང་དུ་གྲགས་ལ། སྤོབས་པའི་འདུན་མ་ནི་གློ་བུར་དུ་ངང་གིས་སྐྱེས་ཡོང་།  རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ།   ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་ཕྲག་ཏུ་ཁུར་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་བཏང་།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལེའུ་གསར་པ།

2021ལོའི་ཟླ10པར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ནས་རྒྱལ་ཡོངས་ཀྱི་སྐོར་དང་པོ་དང་ཨང་དང་པོར་ཚུད། རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་བ་དང་། ཁུལ་དབྱེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་ལྷག་ནས་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་དགུ་ལྷག་བར་ཇེ་ཆེར་སོང་བར་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་ཡོད།    

མཚོ་སྔོན་གྱིས་ཏང་ཀྲུང་དབྱང་ལ་ལྗིད་ཏིག་ཏིག་གི་རྒྱུགས་ལན་ཞིག་སྤྲད་ཡོད།

2016ལོར་ཕྱིར་དྲན་བྱེད་དུས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་ནི་གཙང་བོའི་འབྱུང་ཡུལ་གྱི་ས་གཞི་ཆེན་མོར་ཁྱབ་གདལ་གཏོང་མགོ་ཚུགས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་དེ“རྒྱལ་ཁབ་རྟགས་ཅན”གྱི་བཅོས་སྒྱུར་བཟོ་འགོད་ཁྲོད་བཅུག་སྟེ།  ཚོད་ལྟའི་ཇུས་གཞི་ལྟར་བློ་སྟོབས་ཆེན་པོས་བཅོས་སྒྱུར་གསར་བསྐྲུན་དང་། སྒྲིག་གཞི་གསར་གཏོད་དང་མ་ལག་བཅོས་སྐྱོང་། མཉམ་སྐྲུན་མཉམ་སྤྱོད། ཚན་རྩལ་འདེགས་སྐྱོར། ཁྲིམས་ལྟར་དོ་དམ་བཅས་རྒྱུན་འཁྱོངས་བྱས་ཏེ། རྩེ་རིམ་ཇུས་འགོད་དང་གཞི་རིམ་གསར་གཏོད་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་འདུ་ཤེས་ཆེན་པོ་དགུ་དང་མ་ལག་བཅོ་ལྔ། གཅིག་ཅན་དགུ་ཡི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྣམ་པ་ཆགས་པར་བྱས་ཡོད། ལག་ལེན་གྱི་གྲུབ་འབྲས་དང་ལམ་ལུགས་ཀྱི་གྲུབ་འབྲས།  བཅོས་སྒྱུར་གྱི་གྲུབ་འབྲས། དམངས་ཕན་གྱི་གྲུབ་འབྲས་བཅས་གཡུར་དུ་ཟ་བ་ཐོབ་ཡོད།

ཞིང་ཆེན་དང་ཁུལ། རྫོང་། ཡུལ་ཚོ། སྡེ་བ་བཅས་རིམ་པ་ལྔའི་ཕྱོགས་བསྡུས་དོ་དམ་དངོས་གཞི་བཙུགས་ནས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཅིག་བསྡུས་གཅིག་གྱུར་དོ་དམ་གྱི་ཐབས་ལམ་འཚོལ་ཞིབ་དང་།  སྡེ་ཁག་ཆེན་པོའི་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱས།  རྒྱལ་ཁབ་རིམ་པའི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཆར་འགོད་དང་པོ་སྟེ《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》ཡོངས་བསྒྲགས་བྱས་ཏེ། ཆེད་དམིགས་འཆར་འགོད5བཟོས་ནས་ལེགས་འགྲུབ་བྱུང་བ་དང་། རང་རྒྱལ་གྱི་ས་གནས་ཀྱིས་ཁྲིམས་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་དང་པོའི་བཅའ་ཁྲིམས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་ལག་བསྟར་དང་།  དོ་དམ་བྱེད་ཐབས་བཅུ་གསུམ་པར་འགྲེམས་བྱས་ཤིང་།  བྱས་འབྲས་དཔྱད་ཞིབ་སྲིད་ཇུས་ལམ་ལུགས་མ་ལག་ཆགས་ཡོད། རིམ་པ་སོ་སོའི་སྲུང་སྐྱོབ་བྱ་ཡུལ་གྱི་བྱེད་ནུས་བསྐྱར་སྒྲིག་དང་ལེགས་སྒྱུར་སྡེབ་སྒྲིག་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བདག་དབང་མངགས་བཅོལ་ཚབ་སྒྲུབ་རྐྱེན་སྲོལ་གྱི་ཚོད་ལྟའི་ས་ཚིགས་སོགས་བཙུགས་པ་དང་།  ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྡེ་ཁག་མང་པོས་བཅོས་སྐྱོང་གི་དཀའ་གནད་ནུས་ལྡན་ངང་ཐག་གཅོད་བྱས་ནས། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་མཐུད་ངང་བརྟན་པོར་བཙུགས་ཡོད།

སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་ཀྱི་ལམ་བུ་འཚོལ་ཞིབ་བྱས།

ཁྱིམ་ཚང་གཅིག་ལ་ལས་གནས་གཅིག་གི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་རྐྱེན་སྲོལ་གསར་གཏོད་བྱེད་པའི་རྨང་གཞིའི་ཐོག སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་བཏང་ནས་འབྲོག་པ་མང་ཚོགས་ཀྱིས་བྱེད་ཐབས་སྣ་མང་གི་ཐོག་ནས་གཉེར་སྐྱོང་བྱེད་སྒོ་སྤེལ་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཏེ། རྫ་ཆུའི་མགོ་ཁུངས་ཁུལ་གྱི་རྣམ་སྲས་གསའ་ལ་རང་བྱུང་ཉམས་ལེན་སོགས་དམིགས་བསལ་ཆོག་འཐུས་ཀྱི་གཉེར་སྐྱོང་རྣམ་གྲངས་བཞི་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ་སོགས།  རྒྱལ་ཁབ་སྤྱི་གླིང་གི་ཕན་ཁེ་ཇེ་ཆེར་བཏང་ནས་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་མཉམ་རྒྱལ་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་སྐྱེ་ཁམས་ལྟ་སྲུང་པ་བསོད་བསོད་ཀྱིས་དེ་སྔ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བརྙན་ལམ་ནས་ཁ་པར་བཏང་ཞིང་། སྐྱེ་ཁམས་ལྟ་སྲུང་བ་ཞིག་གི་ངོས་ནས་བཤད་ན།  ད་ལྟའི་གནས་ཚུལ་སྐོར་གླེང་སྐབས་ཁོས་ཡིད་ཆེས་ཆེན་པོས་ཉིན་ལྟར་སྐོར་སྲུང་བྱས་ནས་ཟླ་རེར་བརྟན་འཇགས་ཀྱི་ཡོང་འབབ་ལེན་གྱི་ཡོད་ཟེར། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་བསྟུན་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྔར་ལས་ཇེ་མཛེས་སུ་འགྲོ་ངེས་རེད།

མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་ཡོད།

ཁུང་ཆིན་གོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཨར་ཏའོ་ཡ་འགག་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་བཅའ་སྡོད་དོ་དམ་སྲུང་སྐྱོབ་པ་ཞིག་ཡིན་ཞིང་། ལོ་བཅུ་གཉིས་རིང་བདག་སྐྱོང་ལས་དོན་སྤེལ་བའི་ཁྲོད། ཁོ་ལ་དྲན་ཤེས་ཟབ་མོ་ཞིག་ཡོད་པ་ནི2017ལོར་ཡིན་ཏེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་ཁྱོན་ཡོངས་ནས་སྤེལ་མགོ་ཚུགས་ཡོད། 2018ལོར་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཞི་ཐན་ཡུལ་ཚོ་ལོ་ལུང་ཝན་སྡེ་བ་དེ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་མཚོ་སྔོན་ཡུག་ཁུལ་གྱི་སྡེ་བའི་ཨུ་ཡོན་ལྷན་ཁང་ཟུང་འབྲེལ་གྱི་ཚོད་ལྟའི་སྡེ་བར་གྱུར་ཡོད། སྐབས་དེར་སྡེ་བར་རིག་གནས་ཀྱི་བར་ཁྱམས་བསྐྲུན་པ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་མི་སྔར་ལས་མང་པོས་མཐོང་ཆེན་བྱེད་པའི་ཁར། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིས་ད་དུང་དགེ་རྒན་གྱི་ལས་འགན་གཅིག་ལྕོགས་སུ་འཁུར་ཏེ་རྟག་ཏུ་བྱིས་པ་ཚོར་སྐྱེ་ཁམས་རང་བྱུང་སློབ་ཚན་འཁྲིད་ཀྱིན་ཡོད།  དུས་དེ་ནས་བཟུང།  ཁོས་རང་ཉིད་ཀྱིས་སྲུང་སྐྱོབ་བྱེད་པའི་ས་ཆ་དེ་སྲུང་སྐྱོབ་ནན་མོ་བྱེད་པའི་ཁྲོད་སྔར་ལས་འབྱོར་ཕྱུག་ཅན་དུ་འགྱུར་བར་ཡིད་ཆེས་བརྟན་པོ་བཅངས་ཡོད།

ད་ལྟ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་།    “ཡག་པོ་བཅུ”ཡི་རྒྱལ་ཁབ་སྤྱི་གླིང་དམིགས་ཚད་དུ་བྱས་ཏེ་ཚད་ལྡན་གཅིག་གྱུར་གྱི་དོ་དམ་སྒྲིག་གཞི་ཆ་ཚང་ཞིག་བཙུགས་ཡོད་པ་དང་། ཕྱོགས་བསྡུས་ཁྲིམས་འཛིན་ལས་དོན་སྤེལ་སྟངས་ཁྱབ་གདལ་བཏང་སྟེ། ཚད་གཞི་ཅན་གྱི་དོ་དམ་སྲུང་སྐྱོབ་ས་ཚིགས40བསྐྲུན་ཡོད།  མཚོ་སྔོན་ཡུག་ཁུལ་གྱི“སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐོ་ས་དང་། སྐྱེ་ཁམས་ཚན་ཞིབ་ཀྱི་མཐོ་ས། སྐྱེ་ཁམས་རིག་གནས་ཀྱི་མཐོ་ས”བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་བཞིན་ཡོད།  གླེང་རིན་ཡོད་པ་ཞིག་ནི།  རྒྱལ་ཡོངས་སུ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྡེ་ཁུལ་མཉམ་སྐྲུན་དང་མཉམ་སྤྱོད་བྱེད་སྟངས་གསར་བསྐྲུན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དྲིལ་སྒྲོག་སློབ་གསོ། དམངས་ཚིས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བཅས་གཞི་གཅིག་ཏུ་སྦྲེལ་ནས། མིག་སྔའི་བར་འབྲེལ་གཏུག་ས་ཚིགས་ཀྱི་སྡེ་བ20ལ་ཁྱབ་ཡོད།

དེ་དང་ཆབས་ཅིག འཆར་འགོད་ཚད་གཞི་དང་ཚན་ཞིབ་ལྟ་ཞིབ་ཚད་ལེན། སྤྱི་ཚོགས་ཟབ་ཞུགས། སྲུང་སྐྱོབ་དོ་དམ། རང་བྱུང་སློབ་གསོ།  རྨང་གཞིའི་འགན་ལེན། ཆ་འཕྲིན་ཅན་གྱི་དོ་དམ་ཚོད་འཛིན། དང་བླངས་ཞབས་ཞུ། དྲིལ་སྒྲོག་སློབ་གསོ་དང་གསོ་སྦྱོང་བཅས་རམ་འདེགས་མ་ལག་ཆེན་པོ་དགུ་ཡོད་པའི་བྱ་བའི་རྣམ་པ་ཞིག་བསྐྲུན་ཡོད། མིག་སྔར་མདོ་ལ་རི་བོའི་རི་འདབས་ནས་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་བར་རང་བྱུང་སློབ་གསོ་གཞི་རིམ་དུ་ཁྱབ་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་སྤུས་རྟགས་རྣམ་གྲངས་ཤིག་ཏུ་གྱུར་ཡོད།

2021ལོ་ཁོ་ནར་ཟི་ལིང་གྲོང་ཁྱེར་གྱིས་བདུན་གཅིག་སློབ་ཆུང་དུ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སློབ་གྲྭའི་སྒོ་བྱང་བཀལ་ནས་བཙུགས་ཏེ། སློབ་གྲྭ་འབྲིང་ཆུང11གི་རང་བྱུང་སློབ་གསོའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་། ཆི་ལེན་རྫོང་གི་རང་བྱུང་འགྲེལ་བཤད་མ་ལག་འཛུགས་སྐྲུན་ལག་བསྟར་བྱས་ཡོད། མིག་སྔར་ཁྱད་ཆོས་མངོན་གསལ་ལྡན་པའི་རང་བྱུང་སློབ་གསོའི་བསླབ་ཚན་ཁག9དང་། རང་བྱུང་སློབ་གསོའི་ཀློག་དེབ་ཁག12། རིག་གནས་གསར་བསྐྲུན་གྱི་ཐོན་རྫས་དང་སློབ་ཁྲིད་ཡོ་བྱད་ཆ་ཚང40ལྷག་བཅས་གསར་སྤེལ་བྱས་ཡོད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིབ་འཇུག་ལྟེ་གནས་ཀྱི་རང་བྱུང་སློབ་གསོ་ཡན་ལག་ལྟེ་གནས་བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་བཙུགས་ཏེ། རང་བྱུང་སློབ་གསོའི་སློབ་ཚན་གསར་སྤེལ་དང་འཇོན་མི་བརྗེ་རེས་དང་གསོ་སྐྱོང་བྱས་ཡོད།

ད་ལྟ་མདོ་ལ་རིང་མོར་བལྟས་ཚེ། རི་མགོ་ཡོངས་ལ་ལྗོན་ཤིང་གིས་ཁེངས་ཤིང་།  རི་དྭགས་གསའ་དང་གཡུ་དཀར་སོགས་རྩ་ཆེའི་སྲོག་ཆགས་ལ་རྒྱུན་ཆད་མེད་པར་ལྟ་ཞིབ་ཚད་ལེན་དང་པར་ལེན་བྱེད་ཐུབ་པ་རེད། རི་འདབས་སུ་མང་ཚོགས་བདེ་སྡོད་ལས་བརྩོན་དང་། སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བར་རྐང་བཙུགས་ཏེ་སྐྱེ་ཁམས་ཐོན་ལས་སྣ་མང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱ་བར་དངོས་སུ་ཆོག་མཆན་ཐོབ།

ཉེ་བའི་ལོ་ཤས་རིང་མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་རྒྱུན་འཁྱོངས་བྱས་པས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་ཕྱིན་ཡོད།

ཝུའུ་ཡུང་ལིན་ནི་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་རི་དྭགས་དགོ་བ་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་ཡིན་པ་དང་། ཉིན་རྒྱུན་གྱི་ལས་ཀ་ནི་སྲུང་སྐྱོབ་ས་ཚིགས་སུ་ཡོད་པའི་རི་དྭགས་དགོ་བར་ལྟ་སྐྱོང་དང་སྐོར་གཡེང་སྲུང་སྐྱོབ། ལྟ་ཞིབ་ཚད་ལེན།  གཟན་སྟེར་བ་བཅས་ཀྱི་འགན་འཁུར་དགོས་པར་མ་ཟད། ད་དུང་ལོ་རེར་དགོ་ཕྲུག་རྩེབ་པའི་དུས་ཀྱི་ལས་ཀར་ཡང་འགན་འཁུར་དགོས་པ་རེད། མཚོ་སྔོན་པོའི་འགྲམ་དུ་ཝུའུ་ཡུང་ལིན་ལྟ་བུའི་ཆེད་ལས་སྲུང་སྐྱོབ་མཁན་མང་པོ་ཡོད་པར་མ་ཟད། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱང་སྐྱེ་ཁམས་སྲུང་སྐྱོབ་དཔུང་ཁག་ཏུ་ཞུགས་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་ཀྱི་འགན་འཁུར་གྱིན་ཡོད།

2021ལོར་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཏུན་འབུམ་གཅིག་ལྷག་ཟིན་པ་དེ2020ལོ་དང་བསྡུར་ན་ཏུན་སྟོང་བརྒྱད་ལྷག་ཇེ་མང་དུ་སོང་བ་དང་།  རི་དྭགས་དགོ་བའི་གྲངས་ཀ2020ལོའི2700ལྷག་ནས2800ལྷག་བར་ཇེ་མང་དུ་སོང་ནས་སྲུང་སྐྱོབ་བྱེད་འགོ་ཚུགས་སྐབས་ཀྱི་ལྡབ11ཙམ་ཟིན་ཡོད། ལོ་ཧྲིལ་པོའི་ཆུ་བྱའི་བསྡོམས་གྲངས་འབུམ་ལྔ་ཁྲི་བདུན་ལྷག་ཟིན་པ་དེ2020ལོ་དང་བསྡུར་ན23.3%ཇེ་མང་དུ་སོང་ནས2007ལོའི་ལྟ་ཞིབ་ཚད་ལེན་ཚུན་གྱི་མཐོ་ཤོས་སུ་སླེབས་ཡོད།  སྐྱེ་དངོས་སྣ་མང་རང་བཞིན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་རང་བྱུང་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྤྱིའི་ཆ་ནས་ཇེ་ལེགས་སུ་སོང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། མིག་སྔར་མཚོ་སྔོན་པོའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་སྲུང་ཡོལ་གཅིག་དང་ས་ཁུལ་དྲུག  ལས་སྟེགས་གཅིག་གི་འཕེལ་རྒྱས་བསམ་ཕྱོགས་དང་དམིགས་ཚད་བཏོན་ཡོད་པ་དང་། གཏན་འབེབས་བྱས་པའི《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ》དང《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》གྱིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

མིག་སྔར་མཚོ་སྔོན་པོ་འབབ་རྒྱུད་ཀྱི་རང་བྱུང་ཐོན་ཁུངས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་རྩ་བའི་བརྟག་དཔྱད་ཐེངས་དང་པོ་ལེགས་འགྲུབ་བྱུང་བ་དང་།《མཚོ་སྔོན་པོ་འབབ་རྒྱུད་ཀྱི་རང་བྱུང་ཐོན་ཁུངས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་རྩ་བའི་བརྟག་དཔྱད་སྙན་ཞུ》དང་དེ་བཞིན་བརླན་ས་དང་རྩྭ་ཐང་། ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སོགས་ཆེད་དོན་སྙན་ཞུ་བཟོ་སྒྲིག་བྱ་བ་ལེགས་འགྲུབ་བྱུང་ནས། མཚོ་སྔོན་པོ་འབབ་རྒྱུད་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྩད་ཞིབ་གསལ་པོ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་རྨང་གཞི་སྲ་བརྟན་དུ་བཏང་ཡོད།  བཟོ་སྒྲིག་བྱས་ཟིན་པའི་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དང་འཛུགས་སྐྲུན་ཇུས་གཞི་ལ་ཆེད་མཁས་པས་རིགས་པས་ཁུངས་སྐྱེལ་བྱས་ཡོད། སྐུལ་འདེད་ཏན་ཏིག་བཏང་བའི་ལས་དོན་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པའི་ལས་དོན་ལ་དངོས་སུ་ཆོག་མཆན་ཐོབ་པ་རེད།

ད་ལྟ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་བཅངས་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པ་བཅས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་པའི་བགྲོད་ལམ་སྟེང་མདུན་གྲལ་དུ་སླེབས་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།