སྐྱེ་ཁམས་ཀྱི་སྲུང་ཡོལ་བརྟན་པོ་བསྐྲུན་ནས་མཚོ་སྔོན་གྱི་ལེའུ་རྩོམ་དགོས།
2022.07.06 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 15

 ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་ཐེངས་གཉིས་ལ་གཟིགས་ཞིབ་མཛད་དེ། དུས་རབས་གསར་པའི་མཚོ་སྔོན་གྱི་འཕེལ་རྒྱས་ལ་འཆར་གཞི་བཀོད་པ་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། མཚོ་སྔོན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་འབད་འབུངས་ཡར་བརྩོན་དང་བྱ་སྤྱོད་ཏན་ཏིག་སྤེལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་བསྐྲུན་པ་དང་།  ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་རྩོམ་བཞིན་ཡོད།

མཚོ་སྔོན་ནི་མཐོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་གནས་པ་དང་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འགོ་ཁུངས་ཡིན།  2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་མཛད་པར་ཕེབས་པ་དང་།  སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་གཞི་རིམ་ལས་བྱེད་པ་དང་དོ་དམ་མི་སྣར་བརྙན་ལམ་བརྒྱུད་ནས་གླེང་མོལ་མཛད་དེ། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་སེམས་ཤུགས་གཅིག་སྒྲིལ་སྒོས་མཚེའུ་དང་རྩྭ་ཐང་། ཆུ་བོ།  རི་སྐྱེས་སྲོག་ཆགས་སོགས་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་བྱས་ནས། ཐོན་སྐྱེད་དང་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་རྒྱས་དང་ཇེ་ལེགས་སུ་གཏོང་བར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ཨང་དང་པོར་བཞག་ཡོད། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་ཤུགས་ཆེན་པོ་ས་སྐུལ་འདེད་བཏང་བ་དང་།  ཀྲུང་ཧྭའི་ཆུ་མཛོད་དང་སའི་གོ་ལའི་སྣེ་གསུམ་པའི་སྲུང་སྐྱོབ་འགུལ་སྐྱོད་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོ་སོགས་སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་ཡོད།  2016ལོ་ནས་འགོ་བརྩམས་སྟེ2021ལོར་དངོས་སུ་བཙུགས་པ་བརྒྱུད།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆུ་དང་བརླན་སའི་མ་ལག་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ300ལྷག་ཇེ་ཆེར་ཕྱིན་པ་དང་། རྩྭ་སའི་ཁེབས་ཚད་དང་རྩྭའི་ཐོན་ཚད་ལོ་བཅུའི་སྔོན་ལས30%ཡན་འཕར་ཡོད།

མཚོ་སྔོན་པོ་ནི་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཚྭ་ཆུའི་མཚེའུ་ཞིག་ཡིན། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་ཡོད།  2021ལོའི་ཟླ6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་པོའི་ཁེ་རམས་ཐང་དུ་ཕེབས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་ནས།  རྒྱལ་ཁབ་སྤྱི་གླིང་གྲུབ་ཆ་གཙོ་བོར་བྱེད་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་བློ་ལ་བརྟན་པོར་བཅངས་ནས། མཚོ་སྔོན་གྱིས་མཚོ་སྔོན་པོར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་སྟེ། ཉ་རྒྱ་བསྡམས་ནས་ཉ་གསོ་བ་དང་ཆུ་ཁོངས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་ཆེར་གཏོང་བ། མིའི་ཐབས་ལ་བརྟེན་ནས་གསེར་ཉ་གསོ་སྤེལ་སོགས་ཀྱི་སྲུང་སྐྱོབ་བྱ་ཐབས་སྤྱད་དེ། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།   2021ལོའི་ལོ་མཇུག་བར། གསེར་ཉའི་ཐོན་ཁུངས་ཏུན་འབུམ་གཅིག་ལྷག་ཏུ་སླར་གསོ་བྱུང་བ་དང་། དེ་ནི་སྲུང་སྐྱོབ་དུས་འགོའི་ལྡབ་42ཡིན་པ་རེད།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཐིན་ཀྲང་ཐང་བན་ཧྥུན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དང་ཐུགས་ཁུར་ཟབ་མོ་དེ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འཛད་མཐའ་མེད་པའི་སྒུལ་ཤུགས་དང་བྱ་སྤྱོད་དངོས་ལ་བསྒྱུར་བ་དང་།  མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།  མདོ་དབུས་མཐོ་སྒང་འདི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།

དམངས་ཀྱི་བདེ་སྡུག་དང་དམངས་ཚིས་བདེ་སྐྱིད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁྲལ་གནང་ས་གཙོ་བོ་རེད།   2016ལོའི་ཟླ8པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་ཕེབས་ནས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱས་པའི་པན་ཡན་སྡེ་བར་གཟིགས་ཞིབ་གནང་བ་རེད། ཁོང་གིས་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་ཐོན་སྐྱེད་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་རྒྱུ་དང་ཟུང་འབྲེལ། མི་རིགས་དང་ས་ཁོངས། རིག་གནས་བཅས་ཀྱི་ཁྱད་ཆོས་དང་རྣམ་པ་སྲུང་སྐྱོབ་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱེད་དགོས་ཞེས་གསུངས་ཡོད།

ལོ་དྲུག་ལྷག་གི་རིང་ལ་འཛུགས་སྐྲུན་བྱས་པ་བརྒྱུད། ད་ལྟ་པན་ཡན་སྡེ་བར་བྱིས་གཉོར་ཁང་དང་འཕྲོད་བསྟེན་ཁང་ཡོད་ལ་རླངས་འཁོར་ཡང་སྒོ་ཁར་ཐོན་ཐུབ་པ་རེད།  2021ལོར་པན་ཡན་སྡེ་བའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་གཉིས་སུམ་བརྒྱ་ཡིན་པ་དེ2015ལོའི་སྒོར་སྟོང་གཉིས་དྲུག་བརྒྱ་ལས་ལྡབ4ལྷག་འཕར་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་པན་ཡན་སྡེ་བའི་སྡེ་མི་ལིས་ཧྲིན་པའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་པན་ཡན་སྡེ་བར་ཕེབས་སྐབས། ང་ཚོའི་གྲོང་ཚོ་གསར་པ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་པས་ལམ་ཡང་ཤར་གཏོང་ཐུབ་མེད། ལོ་འདི་དག་རིང་གི་འཕེལ་རྒྱས་བརྒྱུད། ང་ཚོའི་འཚོ་བར་གནམ་ས་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ནས་ཁྱིམ་ཚང་ཚང་མས་དྭངས་གཙང་གི་རང་འབབ་ཆུ་འཐུང་ཐུབ་པ་དང་།   དྭངས་གཙང་གི་རང་བྱུང་སོལ་རླངས་སྤྱོད་ཐུབ་པ་སོགས་བྱུང་ཡོད། ང་ཚོ་ཁྱིམ་ཚང་ཚང་མར་རང་ཉིད་ཀྱི་ཐོན་ལས་ཡོད་པ་དང་སྡེ་མིའི་ཡོང་འབབ་སྔར་ལས་ཇེ་མང་དུ་སོང་ནས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པ་བྱུང་ཡོད་ཟེར།

2016ལོ་ནས2019ལོའི་བར་མཚོ་སྔོན་གྱི་མི་འབུམ་གཉིས་ལྷག་ཡུལ་གཞན་དུ་གནས་སྤོས་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཡོད།  2020ལོར་མཚོ་སྔོན་ཞིང་ཆེན་གྱི་རྫོང་དབུལ་པོ42ཀྱི་དབུལ་ཞྭ་ཕུད་པ་དང་སྡེ་བ་དབུལ་པོ1622ཚང་མ་དབུལ་ཕོངས་ལས་ཐར་བ།  མི་གྲངས་དབུལ་པོ་འབུམ་ལྔ་ཁྲི་གསུམ་ལྷག་དབུལ་ཐར་བྱུང་ཡོད།

མངགས་བཅོལ་ཟབ་མོས་མི་སེམས་སྒུལ་བར་བྱེད། ད་ལྟ་མཚོ་སྔོན་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་བཞིན་ཡོད།  2021ལོར་མཚོ་སྔོན་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་གསུམ་དུང་ཕྱུར་གཅིག་ལྷག་ཟིན་པ་དེ་དུས་མཚུངས་ལས46.2%འཕར་བ་དང་། རྒྱལ་ཡོངས་ཀྱི་རྒྱ་ཁྱོན་ཆེ་ཤོས་ཀྱི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་བསྐྲུན་པར་མ་ཟད།  ད་དུང་ཕུན་སུམ་ཚོགས་པའི་རླུང་ནུས་དང་འོད་ནུས། ཆུ་ནུས། ཚ་ནུས་བཅས་ཀྱི་ཐོན་ཁུངས་དེ་ལྷད་མེད་གློག་གི་ཕྱོགས་སུ་བསྒྱུར་ཡོད་པ་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པའི་ཐོག་མཚོ་སྔོན་གྱིས་རྒྱུན་ཆད་མེད་པར་ལེའུ་གསར་པ་རྩོམ་བཞིན་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།