རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་ཉར་ནས་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བྱེད།
2022.07.20 ཁུངས། ཞིང་ཆེན་མི་དངམས་སྲིད་གཞུང་དྲ་བ། ཀློག་གྲངས། 28

 གནས་འདིར་ཆུ་བོ་སྐར་ཚོགས་བཞིན་བཀྲ་ཞིང་། མཚེའུ་དང་བརླན་ས། གངས་རི། འཁྱགས་རོམ་སོགས་མུ་ཏིག་ས་ལ་གཏོར་བ་བཞིན་འཚེར་ཞིང་བརྗིད་པས། གོ་ལའི་གླིང་སྣེ་གསུམ་པར་གྲགས་ཤིང་། ཆུ་བོ་ཀུན་གྱི་འགོ་ཁུངས་ཏེ་ཀྲུང་ཧྭའི་ཆུ་མཛོད་ཅེས་ཕྱོགས་ཀུན་ཏུ་གྲགས་པ། རིག་གནས་དང་ལོ་རྒྱུས་ཀྱི་ཞིང་སར་ཡུན་རིང་ཉུལ་བའི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་གསུམ་པོའི་འགོ་ཁོངས་ཡོད་པས། འཛམ་གླིང་གི་སྐྱེ་འགྲོ་ཀུན་ཡུལ་དེའི་མཛེས་ལྗོངས་ལ་དགའ་མོས་དང་ཡི་རང་བྱེད་ཀྱི་ཡོད།

རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་མཐོ་སྒང་གི་སྐྱེ་དངོས་སྣ་མང་གི་ཐོན་ཁུངས་མཛོད་ཡིན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི། རང་རྒྱལ་དང་ཐ་ན་གླིང་ཆེན་ཨེ་ཤ་ཡའི་ཆུ་མཛོད་གསོག་ཉར་གྱི་གནས་གལ་ཆེན་དང་། གླིང་ཆེན་ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་གི་བྱེད་ནུས་ཁུལ་དང་། འཛམ་གླིང་གི་མཚོ་འཕང་མཐོ་ཤོས་ཀྱི་སྐྱེ་དངོས་དང་སྐྱེ་དངོས་སྣ་རིགས། གཞི་རྒྱུ། རྒྱུད་སྤེལ་བཅས་སྣ་མང་གི་རང་བཞིན་ཕྱོགས་སུ་འདུས་པའི་ས་ཁུལ་བཅས་ཡིན་པས། རྒྱལ་ཡོངས་དང་གོ་ལ་ཧྲིལ་བོར་མཚོན་ན་ཡུལ་དེའི་སྐྱེ་ཁམས་སྲུང་སྐྱོབ་ལ་གཞལ་དུ་མེད་པའི་རིན་ཐང་ལྡན།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ཟབ་མོ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཏན་ཏན་ཏིག་ཏིག་བཞི་ཡི་བླང་བྱ་གལ་ཆེན་དང་ཞིང་ཆེན་ལ་གནང་བའི་གོ་གནས ཆེན་པོ་གསུམ་ལ་སྐུལ་འདེད་ནན་མོ་བྱས་པ་དང་། སྐྱེ་ཁམས་བདེ་འཇགས་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ།  ཀྲུང་ཧྭའི་ཆུ་མཛོད་གསུམ་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་ཁག་ཁུར། ཆབ་སྲིད་ཀྱི་འགན་འཁྲི་ཆེན་མོ་བཅས་བློ་བརྟན་འགྱུར་མེད་ངང་ཕྲག་ཏུ་འཁུར་ཏེ། ལམ་ལུགས་དང་རྐྱེན་སྲོལ་ལམ་ལུགས་མེད་པ་ནས་གསར་དུ་གཏོད་དེ་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པ་དང་། མཚོ་སྔོན་གྱི་ཁག་ཁུར་དང་བློ་གྲོས་ལ་བརྟེན་ནས་མཚོ་སྔོན་གྱི་བྱས་རྗེས་བཞག

རྒྱལ་ཁབ་སྤྱི་གླིང་གི་བཀྲག་མདངས་འཚེར་བའི་མིང་བྱང་།

གལ་སྲིད་ནམ་འཕང་གཅོད་བཞིན་པའི་བྱ་རྒོད་ཅིག་གི་མིག་ཟུང་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་ལྟ་ཐུབ་ཚེ།  འབྲི་ཆུའི་འགོ་ཁུངས་ཀྱི་གནམ་མཁའི་ཀ་བ་ལྟ་བུའི་གངས་རི་དང་། དར་དཀར་ལང་ལོང་འཐེན་པ་ལྟ་བུའི་འཁྱགས་རོམ་མཐོང་ཐུབ་ལ། རྨ་ཆུའི་འགོ་ཁུངས་ཀྱི་སྐར་ཚོགས་ས་ལ་ལྷུང་འདྲའི་མཚེའུ་དང་། མཚོ་སྐྱ་རེངས་དང་སྔོ་རེངས་ཞེས་འཛིན་མའི་འགུལ་རྒྱན་དུ་སྤུད་པ་ལྟ་བུའི་མཚོ་གཅེན་གཅུང་གཉིས་ཀྱི་མཛེས་པ་མཐོང་ཐུབ། དེ་བཞིན་དུ་རྫ་ཆུའི་འགོ་ཁུངས་ཀྱི་གྲོང་རོང་དང་། དེའི་ངོགས་གཉིས་སུ་རྒྱུ་བའི་སྲོག་ཆགས་སྣ་ཚོགས་ཀྱི་ཞིང་ཁམས་དེ་ཡང་ངང་གིས་མཐོང་ཐུབ་པས། དུས་ད་ལྟའི་རྨ་འབྲི་རྫ་གསུམ་གྱིས་འཛམ་གླིང་གི་སྐྱེ་འགྲོ་ཀུན་ལ་རི་ཆུ་ལྟ་ན་སྡུག་ཅིང་། གཡུ་ལོས་མཁའ་མཐར་རྒྱན་པ། འདབ་ཆགས་ཀྱི་གཤོག་རྩལ་རྒོད་ཅིང་། ཉ་རིགས་ཀྱི་རྐྱལ་རྩལ་ཡངས་པ། སྲོག་ལྡན་ཀུན་བག་ཕེབས་ངང་རྒྱུ་བའི་སྣང་བརྙན་ཡིད་དུ་འོང་བ་ཞིག་མངོན་སྲིད།

2016ལོའི་ཟླ3པར། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ཇུས་གཞི》ཡིས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ལག་ལེན་འཚོལ་ཞིབ་ཀྱི་སྒོ་འཕར་ཕྱེས།  ལོ་དེའི་ཟླ4ཚེས13ཉིན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་དངོས་སུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་བྱེད་མགོ་ཚུགས་ཤིང་།  དེ་ནི་རྒྱལ་ཁབ་ཀྱི་ཨང་རྟགས་དང་པོ་ཅན་གྱི་ངོས་ནས་སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་དགོངས་དོན་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་སྤྱོད་དངོས་དང་། ནུས་ཤུགས་ཡོད་རྒུས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་འཚོལ་ཞིབ་ཐོག་མངོན་དུ་ཕྱོགས་པའི་ལག་ལེན་དངོས་ལ་བརྩིས་པའི་ལས་གཞི་ཞིག་ཡིན་ལ། ལྷག་པར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་ཁམས་དང་དེར་གནས་པའི་སྲོག་ལྡན་ཡོངས། ཐ་ན་ཆུ་བོའི་སྨད་རྒྱུད་ཀྱི་མི་གྲངས་དུང་ཕྱུར་ལྷག་ལ་ཤུགས་རྐྱེན་དང་འགྱུར་ལྡོག་ཐེབས་པར་དམིགས་ནས་ལག་བསྟར་བྱས་པའི་ལས་གཞི་ཞིག་ཀྱང་ཡིན།

ཚོད་ལྟའི་རིང་ལ། མཚོ་སྔོན་གྱིས་ཚོད་ལྟའི་ཇུས་གཞི་ལྟར་སྤོབས་པ་ཆེན་པོས་བཅོས་སྒྱུར་གསར་བསྐྲུན་བྱས་ཏེ།  རྩེ་རིམ་ཇུས་འགོད་དང་གཞི་རིམ་གསར་བསྐྲུན་ཟུང་འབྲེལ་གྱི་སྒོ་ནས་སྡེ་ཁག་མང་པོས་བཅོས་སྐྱོང་གི་རྣམ་པ་བསྒྱུར་ཅིང་།  གདུང་བཞི་ཀ་བརྒྱད་ཀྱི་སྒྲོམ་གཞི་གསར་དུ་བཟོས་ནས་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས་བཙུགས་པ་དང་ཆབས་ཅིག  རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་ཀྱི་འདུ་ཤེས་ཆེན་པོ་དགུ་དང་མ་ལག་བཅོ་ལྔ།  གཅིག་ཅན་དགུ་ཡི་བྱེད་སྟངས་ལེགས་པར་གྲུབ་པས། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མཚོ་སྔོན་གྱི་ཇུས་གཞི་ཕུལ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་བྱས་པའི་ཐད་རྒྱལ་ནང་གི་ཨང་དང་པོ་ཅན་གྱི་མཚན་སྙན་མང་པོ་ཐོབ། གཅིག་ནི་ནགས་ཚལ་དང་། རྩྭ་ས། བརླན་ས། ས་ངོས་ཆུ་ཡི་ཐོན་ཁུངས་ཆེན་པོ་བཞི་ཡི་གཞི་རྩའི་གནས་ཚུལ་སྤེལ་བ་དེ་ཡིན། གཉིས་ནི་རང་བྱུང་ཐོན་ཁུངས་འགན་དབང་གཅིག་གྱུར་བྱས་ནས་ཐོ་འགོད་བྱས་པ་དེ་ཡིན། གསུམ་ནི་ས་གནས་ཀྱིས་ཁྲིམས་ལུགས་གཏན་ལ་ཕབ་ནས་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་པར་འགྲེམས་ལག་བསྟར་བྱས་པ་སོགས་བཅས་ཡིན།

2021ལོའི་ཟླ10བར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དངོས་སུ་བཙུགས་ཏེ། རྒྱལ་ཁབ་ཀྱི་སྐོར་ཁག་དང་པོ་དང་། མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མར་གྱུར།

སྤྱི་གླིང་དེ་དངོས་སུ་བཙུགས་རྗེས་རང་བྱུང་ཁོར་ཡུག་སླར་གསོ་གཙོ་བྱས་ཆུ་བོའི་འགོ་ཁུངས་ཀྱི་རི་ཆུ་ནགས་ཞིང་དང་འཚེའུ་རྩྭ་ཐང་འཁྱགས་རོམ་བྱེ་ས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོ་ལ་ཤུགས་བསྣན་ཞིང་། ས་ནག་ཐང་དང་རྩྭ་ས་ཞན་འགྱུར། ས་ཞིང་བྱེ་འགྱུར། ཆུའི་འགོ་ཁུངས་གསོ་འཁྱོངས་སོགས་ཀྱི་སྐྱེ་ཁམས་ལ་ཕྱོགས་བསྡུས་བཅོས་སྐྱོང་སྒོས་སྲུང་སྐྱོབ་དང་སླར་གསོ་བྱས་པ་བརྒྱུད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་བའི་སྣང་ཚུལ་ཉམ་ང་བ་དེ་གཞི་རྩའི་ཐོག་འགོག་བཅོས་ཐུབ་པ་བྱུང་བས། ཆུའི་ཐོན་ཁུངས་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ནས་ཆུ་འགོའི་ཆུ་གསོ་འཁྱོངས་ཀྱི་ཚད་ཆ་སྙོམས་ཀྱིས6%ཡན་ལ་བསླེབས། རྩྭ་སའི་རྩི་ཤིང་གི་ཁེབས་ཚད་དང་སྔོ་རྩྭའི་མཐུག་ཚད་སོགས་ལོ་བཅུའི་སྔོན་དང་བསྡུར་ན11%ནས30%ཡན་དུ་འཕར་བ་དང་། ས་ནག་བཅོས་སྐྱོང་ས་ཁོངས་ཀྱི་རྩི་ཤིང་གི་ཁེབས་ཚད་དེ་བཅོས་སྐྱོང་མ་བྱས་སྔོན་གྱི20%ཙམ་ལ་ཡང་སླེབས་ཐུབ་མེད་མོད། བཅོས་སྐྱོང་བྱས་རྗེས70%ཡན་ལ་བསླེབས་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་འགོ་ཁུངས་ཁུལ་ནི་མཚེའུ་སྟོང་གིས་ཕྱུག་པའི་རྫོང་ཞེས་གྲགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དུ་ཡོད་ཅིང་། རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དང་ཆུ་འགོའི་ཆུ་གསོ་འཁྱོངས་ཀྱི་གནས་གལ་ཆེན་ཡིན་ལ། དེར་སྙན་གྲགས་ཕྱོགས་སུ་ཁྱབ་པའི་མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཡོད། དུས་རབས20བའི་ལོ་རབས90བ་ནས་བཟུང་། ཕྱུགས་ཟོག་འཚོ་སྐྱོང་ཚད་ལས་བརྒལ་བ་དང་འཛམ་གླིང་ཡོངས་ཀྱི་གནམ་གཤིས་ཇེ་དྲོད་དུ་སོང་བའི་དབང་གིས་ཡུལ་དེའི་རང་བྱུང་སྐྱེ་ཁམས་སྐད་ཅིག་ལ་ཉམས་ཞན་དུ་གྱུར་ཞིང་། ལྷག་པར་དུ་རྨ་སྟོད་ཀྱི་འབྲོག་པ་མང་ཚོགས་ལ་མཚོན་ན་རྩྭ་ས་ཉམས་ཞན་ཚབས་ཆེན་དང་རི་སྐྱེས་སྲོག་ཆགས་ཇེ་ཉུང་། མཚོ་དང་མཚེའུ་སྐམ་པའི་སྣང་ཚུལ་རེ་རེ་དེ་མིག་མཐོང་ལག་ཟིན་ཡིན་པ་རེད།

རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་བྱས་ཚུན་ལ། རྨ་ཆུའི་འགོ་ཁུངས་དོ་དམ་ཨུ་ཡོན་ལྷན་ཁང་གིས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ས་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་དོ་དམ་སྲུང་སྐྱོབ་ཀྱི་རྩ་དོན་ལྟར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དུས་བཅད་གཉིས་པའི་ལས་གཞི2017ལོ་དང2018ལོའི་བརླན་ས་སྲུང་སྐྱོབ་དང་། མཚེའུ་བཅོས་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་འཛུགས་སྐྲུན་དང་གསར་འཛུགས་ལས་གཞི་ཐད་གཅིག་གྱུར་འཆར་འགོད་བཟོས་ནས།  ཁྱོན་སྡོམ་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་དགུ་ལྷག་བཏང་།

2022ལོའི་ཟླ6ཚེས24ཉིན“མཚོ་སྔོན་གྱི་ཉེ་བའི་ལོ་བཅུ”ཞེས་པའི་མགོ་ལོག་གི་ཆེད་དོན་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་། མགོ་ལོག་ཁུལ་རྨ་སྟོད་རྫོང་ཏང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་ཀན་ཞའེ་པེན་གྱིས་བཤད་རྒྱུར། རྨ་ཆུའི་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་གྲུབ་འབྲས་ཀུན་ལ་ངོམ་པ་ནི། རྨ་ཆུའི་འགོ་ཁུངས་ཀྱི་མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཀྱི་རྒྱ་ཁྱོན2015ལོ་དང་བསྡུར་ན་མཚོ་སྐྱ་རེངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ74.6ཇེ་ཆེར་སོང་བ་དང་། མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ117.4ཇེ་ཆེར་སོང་ཡོད། རྩྭ་སའི་ཕྱོགས་བསྡུས་རྩི་ཤིང་གི་ཁེབས་ཚད56.3%ལ་བསླེབས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྔར་ལས་ཕུན་སུམ་ཚོགས་པར་གྱུར་ཞིང་། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སྔོན་ཆད་ལས་ཇེ་མང་ནས་ཇེ་མང་དུ་སོང་བ་དང་། དེའི་ཁྲོད་རི་དྭགས་རྐྱང་དང་དགོ་བའི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་སོང་ཡོད་ཟེར།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་མཛེས་པ་སྣ་ཚོགས་སྲུང་སྐྱོབ་བྱེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་འཛམ་གླིང་སྟེང་མཚོ་འཕང་མཐོ་ཤོས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ཕྱོགས་འདུས་ཅན་གྱི་ས་ཁུལ་ཞིག་ཡིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་ནས་བཟུང་། ས་ཁོངས་དེའི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཁྲིམས་ལྟར་སྲུང་སྐྱོབ་དོ་དམ་དང་། རི་སྐྱེས་སྲོག་ཆགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ། རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་སོང་བས།   རི་སྐྱེས་སྲོག་ཆགས་རྩ་ཆེའི་རིགས་ཀྱང་དུས་རྒྱུན་མཐོང་བའི་སྣང་ཚུལ་མངོན་ཡོད།

2021ལོའི་ལོ་མཇུག་ཏུ།  པར་ལེན་མཁན་འགའ་ཡིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་རྫ་ཆུའི་འགྲམ་དུ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཆུ་སྲམ་བརྙན་དུ་ཕབ་ཐུབ་པ་བྱུང་། བརྙན་ངོས་སུ་ཆུ་སྲམ་ཞིག་ལན་རེར་ཆུར་འཛུལ་བ་དང་ལན་རེར་ཆུ་འགྲམ་དུ་མངོན་ཡོང་བ་དང་། ཆུ་སྲམ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་བོའི་སྐྱེ་ཁམས་མ་ལག་ལས་ཚྭ་མེད་ཆུར་གནས་པའི་སྲོག་ཆགས་རིགས་གཙོ་བོ་ཡིན་ཞིང་། ཆུའི་སྐྱེ་ཁམས་མ་ལག་བདེ་ཐང་ཡིན་མིན་དང་དགེ་མཚན་ཚང་མིན་ཐད་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ལྡན།

སྤྱི་ཡོངས་ནས2021ལོར་བལྟས་ན། གྲོང་ཁུལ་ནས་ཆུ་སྲམ་མཐོང་བ་ནས་ཡུས་ཧྲུའུ་ས་ཁོངས་སུ་དུས་རྒྱུན་གསའ་མཐོང་རྒྱུ་ཡོད་པའི་བར་དང་། འབའ་ཐང་རྩྭ་ཐང་དུ་གནམ་ལྡིང་ས་ལྡིང་བྱེད་བཞིན་པའི་ཤྭ་རྐྱ་མངོན་པ་ནས་རོང་པོ་ན་འདམ་དུ་འཕུར་ཡོང་བའི་ཁྲུང་ཁྲུང་གི་བར། སྔར་མཐོང་དཀོན་པའི་སྲོག་ཆགས་རྩ་ཆེན་སྣ་ཚོགས་དུས་རྒྱུན་མིག་ལམ་དུ་མངོན་ཐུབ་པ་དེ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྣང་ཚུལ་ཉམས་དགའ་བ་ཁོ་ན་མ་ཡིན་པར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཐབ་ཡུལ་དང་པོ་ཡིན་པའི་ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཡར་ངོས་ཟླ་ལྟར་འཕེལ་བའི་དན་རྟགས་ཤིག་ཡིན་པ་རེད།

ཉེ་བའི་ལོ་འགའི་རིང་ལ། སྐྱེ་ཁམས་སྣ་མང་རང་བཞིན་སྲུང་སྐྱོབ་མ་ལག་ཐད་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་ཀྱི་གྲུབ་སྟངས་ལ་རྟོག་ཞིབ་བྱས་བར་མ་ཟད། རི་སྐྱེས་སྲོག་ཆགས་གནས་སྤོ་རྒྱུ་ལམ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་བཅོས་སྐྱོབ་གསོ་སྤེལ་ལྟེ་གནས། གཞི་རྒྱུ་མཛོད་སོགས་བཙུགས་ཏེ། རི་སྐྱེས་རྩི་ཤིང་ལྐོག་འཐུ་དང་སྲོག་ཆགས་ལྐོག་རྔོན་སོགས་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་བ་དང་། གསའ་དང་གཙོད། འབྲོང་སོགས་སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱས།  དཔེར་ན། དུས་རབས20ལོ་རབས80ཡི་ནང་ལ་གཙོད་ཀྱི་གྲངས་ཀ་དེ་ཁྲི་གཉིས་ནས་ད་ལྟའི་ཁྲི་བདུན་ལ་བསླེབས་ཡོད་པ་ལྟ་བུ་རེད།

ལོ་རེའི་ཟླ་ལྔ་པར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཨ་ཆེན་གངས་རྒྱབ་ས་ཁུལ་དུ་འཛམ་གླིང་ན་གྲགས་པའི་རྨུག་ལྡན་སྲོག་ཆགས་རིགས་གནས་སྤོ་བའི་སྣང་ཚུལ་མཐོང་རྒྱུ་ཡོད་པས།   ལོ་རེར་དེ་ལ་དོ་སྣང་བྱེད་མཁན་མང་པོ་ཡོད། གཙོད་ཁྱུ་དེ་མཚོ་བོད་ལྕགས་ལམ་དང་མཚོ་བོད་གཞུང་ལམ་གྱི་སྲོག་ཆགས་རྒྱུ་ལམ་བརྒྱུད་དེ། གཙོད་ཕྲུག་རྩེབ་ཡུལ་གྲོ་ནེ་མཚོའི་ཕྱོགས་སུ་བསྐྱོད་ཀྱི་ཡོད། 2017ལོར་ཨ་ཆེན་གངས་རྒྱབ་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་མིང་ཐོར་ཚུད་རྗེས། རང་རྒྱལ་གྱི་མཚོ་འཕང་ཆེས་མཐོ་ཞིང་། རྒྱ་ཁྱོན་ཆེས་ཆེ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་གྱུར་བར་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ལོ་རྒྱུས་ཟིན་ཐོའི་སྟེང་བཀོད་པའི་སྤྱིར་བཏང་མ་ཡིན་པའི་ལེའུ་ཞིག་ཀྱང་ཡིན་པ་རེད།

《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས(2019)》ནང་བཀོད་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་ཁོར་ཡུག་གི་གཞི་གྲངས་ཆེན་མོའི་ལྟེ་གནས་མགྱོགས་མྱུར་ངང་བཙུགས་ཤིང་།  གནམ་ས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་འཐུས་ཚང་བཟོས་ནས་དམར་ཕྱིའི་འོད་ཀྱི་སྒྲིག་ཆས་སྤྱད་དེ། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་དང་འགྲོ་སྡོད་ལ་ཐོག་མར་ཚད་ལེན་བྱས་པ་ དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནོད་མེད་ཐེག་ཤུགས་དཔྱད་འཇོག་དམིགས་ཚད་མ་ལག་སོགས་བཙུགས་ནས། ཁྱབ་ཁོངས་གཙོ་བོར་རྒྱང་རིང་ནས་ལྟ་ཞིབ་ཚད་ལེན་དཀའ་བའི་གནད་དོན་ཐག་བཅད།

གསའ་ཡི་འཚོ་སྡོད་བྱེད་ས་སྲུང་སྐྱོབ་ཐད་ནས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ7500ལ་དྲ་མིག་ཅན་གྱི་དམར་ཕྱིའི་འོད་ཀྱི་པར་ཆས་བཀྲམས་པ་དང་བསྟུན་ནས། 2021ལོར་གསའ་ལ་ཚད་ལེན་བྱས་པའི་པར་ཁྲི་གཅིག་སྟོང་བདུན་ལྷག་བླངས་པ་ལས་གསའ་མི་འདྲ་བ101དང་གཟིག12གསལ་འབྱེད་བྱུང་བས། སྤྱི་གླིང་གི་གསའ་གནས་ཁུལ་གཏན་འཁེལ་བྱས་པ་དང་། བྱེ་བྲག་གི་གནས255འཁྲུལ་མེད་དུ་ངོས་བཟུང་ནས་གསའ་འཚོ་སྡོད་ལ་འཚམ་པའི་ཁོར་ཡུག་ལ་ཞིབ་འཇུག་བྱེད་འགོ་བརྩམས།

དེ་དང་ཆབས་ཅིག སྤྱི་གླིང་གི་ཁུལ་སོ་སོར་གཙོད་དང་། དྲེད་མོང་། འབྲོང་། གནའ་བ་སོགས་རི་དྭགས་ཀྱི་ཁྱབ་ཚུལ་སྐོར་གྱི་རིས་ཁྲ་དྲུག་བྲིས་པ་དང་། བྱ་ཁྲ་དང་། ཐང་དཀར། བྱ་རྒོད་སོགས་འདབ་ཆགས་རིགས་ཁྱབ་ཚུལ་གྱི་རིས་ཁྲ4བྲིས་ཏེ། ཁྱབ་ཚུལ་དང་འཚོ་སྡོད་ས་ཁོངས་གསལ་བོར་གཏན་འབེབས་བྱས་ནས།  ཚན་རིག་དང་མཐུན་པར་སྲུང་སྐྱོབ་ལ་གཞི་གྲངས་ཀྱི་རྨང་གཞི་བཏིངས། བྱེད་ཐབས་དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་གི་རྟིང་གཞི་མཐིལ་རྟོགས་བྱས་ཡོད་པས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ཡག་པོ་བྱེད་པར་ཕན་ཐོགས་ཐུབ།

སྐྱེ་ཁམས་དམངས་ཕྱུག་གི་ལམ་བུ་ཇེ་ཡངས་ཡིན་པ།

སྐྱེ་ཁམས་མཛེས་ཤིང་མི་དམངས་ཕྱུག་པོ་ཡོང་བའི་བར་གྱི་འབྲེལ་བ་ཐག་གཅོད་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་མངོན་འགྱུར་གྱི་དོན་སྙིང་ཡིན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་མཉམ་རྒྱལ་གྱི་ལམ་བུ་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཉིས་ཟུང་དུ་སྦྲེལ་བར་བརྟེན། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་མངོན་གསལ་རེད། ད་ལྟ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྐྱེ་ཁམས་ལ་བརྟེན་ནས་མི་དམངས་ཕྱུག་པོར་གྱུར་བའི་གཏམ་རྒྱུད་ཇེ་མང་ནས་ཇེ་མང་རེད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་སྐྱེ་ཁམས་ལྟ་སྲུང་བ་བསོད་བསོད་ཀྱིས་བཤད་རྒྱུར། སྔོན་ཆད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བརྙན་ལམ་ནས་འབྲེལ་བ་བྱས་མྱོང་། སྐྱེ་ཁམས་ལྟ་སྲུང་བ་ཞིག་ཡིན་པའི་ཆ་ནས་ད་ལྟའི་གནས་ཚུལ་གླེང་དུས་ཁོས་སྤོབས་པ་ཆེན་པོས་བཤད་རྒྱུར། ད་ལྟ་འགོ་ཁུངས་སུ་ཉིན་རེར་སྐོར་ཞིབ་ལ་འགྲོ་དགོས་པས་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བཞིན་པའི་རྣམ་པ་ཉམས་སུ་མྱོང་ཞོར་ཟླ་རེར་གཏན་འཇགས་ཀྱི་ཡོང་འབབ་ ཀྱང་ལེན་ཐུབ་ཟེར།

ད་ལྟའི་བར་དུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྐྱེ་ཁམས་ལྟ་སྲུང་བ་ཁྲི་གཉིས་ལྷག་ཡོད་ཅིང་།   ཁྱིམ་ཚང་གཅིག་ལ་ལས་རྐང་གཅིག་གི་རྩ་དོན་ལྟར།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་གླིང་ཁུལ་གྱི་ཁྱིམ་ཚང་རེ་ལས་མི་གཅིག་སྐྱེ་ཁམས་ལྟ་སྲུང་བའི་ལས་རྐང་དུ་བཀོད་སྒྲིག་བྱས་ནས། ལོ་རེར་གླ་ཕོགས་སྒོར་ཁྲི་གཉིས་སྟོང་གཅིག་དྲུག་བརྒྱ་ལེན་གྱིན་ཡོད་པས།  སྔོན་ཆད་རྩྭ་ས་བེད་སྤྱོད་བྱེད་མཁན་ནས་ད་ལྟ་སྐྱེ་ཁམས་ལྟ་སྲུང་བ་དང་ཁེ་ཕན་ཐོབ་མཁན་གྱི་བསོད་བསོད་ལྟ་བུར་གྱུར་ཡོད།

རྫ་ཆུའི་འགོ་ཁུངས་སུ་གནས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོར་རྫ་ཆུའི་གྲོག་རོང་ཆེན་པོ་ཞིག་གྲུབ་ཡོད་ལ། གྲོག་རོང་གི་ངོགས་གཉིས་སུ་བྲག་དམར་འགྱིང་ངེར་བརྗིད་ཅིང་ལྟ་བས་མི་ངོམ་པ་རེད།

ང་ནི་ཆུང་དུས་ནས་གནས་འདིར་ལག་ཆགས་པ་ཡིན་ལ། རི་ཀླུང་ཆེན་པོའི་པང་དུ་ཕྱུགས་རྫི་བྱས་མྱོང་། ཡིན་ན་ཡང་ཕ་ཡུལ་གྱི་མཛེས་ལྗོངས་འདིས་ང་ཚོར་འཕེལ་རྒྱས་ཀྱི་མདུན་ལྗོངས་འདི་འདྲ་ཞིག་འཁྱེར་ཡོང་བ་བློ་ཡིད་དུའང་ཤར་མ་མྱོང་ཞེས་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་པདྨ་མ་དབང་གྲགས་ཀྱིས་དེ་ལྟར་བཤད་བྱུང་།

རྣམ་སྲས་ཡུལ་ཚོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན་ལ།   གསའ་ཡི་ཕ་ས་རུ་འབོད། གནས་འདི་ནི་སྐྱེ་ཁམས་མྱོང་རོལ་དམིགས་བསལ་གཉེར་སྐྱོང་གི་ཆོག་འཐུས་ཐོབ་པའི་མྱོང་རོལ་ཚོད་ལྟ་བྱེད་ས་ཐོག་མ་ཡིན།  པདྨ་དབང་གྲགས་ནི་མྱོང་རོལ་བྱེད་ས་འདིའི་ཕན་ཁེ་ཐོབ་མཁན་ཡིན། ཁོས་བཤད་རྒྱུར། ང་ནི་སྐྱེ་ཁམས་ལྟ་སྲུང་བ་ཞིག་ཡིན། 2019ལོར་རང་བྱུང་མྱོང་རོལ་སྣེ་ལེན་བྱེད་མཁན་ཁྱིམ་ཚང་དུ་གྱུར། མྱོང་རོལ་སྣེ་ལེན་གྱི་ཡོང་འབབ་ཀྱི་ཁར་སྐྱེ་ཁམས་ལྟ་སྲུང་བའི་ལོ་གཅིག་གི་གླ་ཕོགས་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་བསྣན་ན། ལོ་གཅིག་གྱི་ཡོང་འབབ་བསྡོམས་པས་སྒོར་འབུམ་གཅིག་ཁྲི་ལྔར་བསླེབས་ཀྱིན་ཡོད་པས།  ཁྱིམ་ཚང་གི་འཚོ་བ་ཇེ་བཟང་དུ་སོང་ཡོད་ཟེར།

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྙན་ཞུའི་ནང་། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭའི་ཆུ་མཛོད་ཀྱི་ལྟ་སྲུང་བ་བྱས་ཏེ། ཆུ་བོའི་འགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས་ཆུ་རྒྱུད་ཀྱི་འགན་ཁུར་དང་། སྐྱེ་ཁམས་སྲུང་སྐྱོབ། ཆུ་ཁུངས་གསོ་འཁྱོངས་བཅས་ཀྱི་སྒོ་ནས་སྐྱེ་ཁམས་ཐོན་རྫས་སྔར་ལས་མང་པོ་གསར་དུ་བསྐྲུན་ནས། དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་མཛུབ་སྟོན་འོག འགོ་ཁུངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་བཅངས་ཏེ།  སྤོབས་པ་ཆེར་བསྐྱེད་དང་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་དུས་རབས་གསར་པའི་འགན་འཁྲི་ཕྲག་ཏུ་ལེན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་དྭངས་གཙང་ཆུ་མོ་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།