མཚོ་སྔོན་པོའི་བྱེ་གླིང་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་གྱི་མཛེས་ལྗོངས་མངོན།
2022.08.17 ཁུངས། ཞིང་ཆེན་མི་དངམས་སྲིད་གཞུང་དྲ་བ། ཀློག་གྲངས། 24

 མཚོ་སྔོན་པོའི་བྱང་ངོས་ཀྱི་བྱེ་གླིང་མཛེས་ལྗོངས་ཁུལ་དུ་ནམ་ཡང་ཡུལ་སྐོར་བས་ཁེངས་ཡོད་དེ། གནའ་ནས་ད་བར་དུ་གནས་འདིའི་ཨ་སྔོན་དང་རྩྭ་ཐང་། བརླན་ས། རི་མཐོ། བྱེ་ཐང་སོགས་ཀྱི་མཛེས་ལྗོངས་གཞི་གཅིག་ཏུ་འབྲེལ་ནས་ཡུལ་སྐོར་བ་མང་པོ་དེ་གར་ཡོང་བའི་ཡིད་དབང་བཀུག་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྔར་ལས་ཡག་པོ་བྱ་ཆེད། 2017ལོའི་ཟླ8པར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་བྱེ་གླིང་མཛེས་ལྗོངས་ཁུལ་གྱི་སྒོ་བརྒྱབ་ཅིང་། ཡུལ་སྐོར་གཉེར་སྐྱོང་བྱེད་སྒོ་ཚང་མ་སྤེལ་མཚམས་བཞག་ནས་བྱེ་གླིང་མཛེས་ལྗོངས་ཁུལ་ལ་བཀག་སྡོམ་བཅོས་སྒྲིག་བྱས་པ་རེད། ལོ་ལྔ་འགོར་རྗེས་གསར་འགོད་པས་བྱེ་གླིང་མཛེས་ལྗོངས་ཁུལ་གྱི་སྲུང་སྐྱོབ་སླར་གསོའི་གནས་ཚུལ་ལ་ཡུལ་དངོས་སུ་བཅར་འདྲི་བྱས་པ་རེད།

ཉེ་ལམ་གསར་འགོད་པ་ཡང་བསྐྱར་བྱེ་གླིང་མཛེས་ལྗོངས་ཁུལ་གྱི་འཛུལ་སྒོ་ནས་བསྐྱོད་སྐབས་མིག་ལམ་དུ་མངོན་པ་ནི། དབེན་སྟོང་ཁོ་ན་ཙམ་ལས་ཅི་ཡང་མཐོང་རྒྱུ་མི་འདུག་མོད། གཞུང་ལམ་བརྒྱུད་དེ་མཚོ་སྔོན་པོའི་ཕྱོགས་སུ་བལྟ་དུས།  ལམ་གྱི་འགྲམ་གཉིས་སུ་ལྗང་མདོག་གི་མཛེས་པ་ཞིག་མིག་ལམ་དུ་འཆར།

དབེན་སྟོང་ནི་བལྟོས་བཅས་ཀྱི་མིར་བཤད་པ་ཞིག་ཡིན་ཏེ། སྲོག་ཆགས་དང་རྩི་ཤིང་གི་ངོས་ནས་བཤད་ན་དེ་གར་ཧ་ཅང་འདུ་འཛི་ཆེ་བ་ཞིག་ཡིན་ཞེས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡུལ་སྐོར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲིན་ཏེ་ཧུའེ་ཡིས་དེ་ལྟར་བཤད།

སྔོན་ཆད་ཀྱི་བྱེ་གླིང་མཛེས་ལྗོངས་ཁུལ་དང་ད་ལྟའི་བྱེ་གླིང་སྲུང་སྐྱོབ་ཁུལ་དུ་བསྐྱོད་སྐབས། རང་བྱུང་ཁམས་ཀྱི་སྐྱེ་དངོས་མཐའ་དག་ནི་འཆམ་མཐུན་མཉམ་གནས་ཡིན་པའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་མིག་ལམ་དུ་འཆར་ཡོང་།  འདམ་རྩྭའི་མཚེའུ་དང་ཉི་མའི་མཚེའུ། ཟླ་བའི་མཚེའུ་བཅས་ཀྱི་ཚྭ་མེད་མཚེའུ་གསུམ་མུ་ཏིག་ལྟར་མཚོ་སྔོན་པོའི་འགྲམ་ངོགས་སུ་བརྒྱན་ཡོད་པ་དང་། རྒྱང་རིང་གི་བྱེ་སྒང་དེ་ཆུ་ངོས་སུ་ཤར་ནས་ཨ་སྔོན་གྱི་སྤྲིན་དཀར་དང་ཕན་ཚུན་བརྒྱན་དུ་བཏབ་ཡོད།  བསིལ་རླུང་ཞིག་དང་མཉམ་དུ། མཚོ་ངོས་ཀྱི་རླབས་རྒྱུན་བསྟུད་མར་འཕྱུར་བ་དང་བསྟུན་ནས།  བྱེ་སྒང་གི་ལྡོག་གཟུགས་དེའང་དལ་གྱིས་གཡོ་ཞིང་། དཀྲོགས་ཟིན་པའི་ཆུ་བྱས་གཤོག་པ་གཡུག་གཡུག་གིས་མཚོ་སྔོན་པོའི་ཕྱོགས་སུ་འཕུར་ལྡིང་བྱེད་བཞིན་མཆིས།

སྔོན་ཆད་ཀྱི་འདུ་འཛི་ནས་ད་ལྟའི་དབེན་ཐིང་དུ་གྱུར་བའི་བར། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་འཛུགས་སྐྲུན་བྱེད་པའི་ཁྲོད། མི་རྣམས་ཀྱིས་ནུས་པ་གང་འདྲ་ཞིག་བཏོན་ནས། མདུན་སྐྱོད་དང་ཕྱིར་བཤོལ་གྱི་བར་དོ་སྙོམས་ཇི་ལྟར་འཚོལ་དགོས་མིན་ཐད་བྱེ་གླིང་གི་འགྱུར་ལྡོག་ཆེན་པོས་དྲི་ལན་གསལ་བོ་ཞིག་བཏབ་ཡོད།

བྱེ་གླིང་ནི་སྔོན་ཆད་མཚོ་སྔོན་པོའི་གླིང་ཕྲན་ཆེ་ཤོས་ཤིག་ཡིན་པ་དང་། མཚོ་མོའི་ནང་འབུར་དུ་ཐོན་པའི་ཆུ་ངོས་ཀྱི་བྱེ་རླུང་ཕུང་གསོག་ཐེབས་པ་དང་བསྟུན་ནས་ཆགས་པ་ཡིན་ལ། ཕྱིས་སུ་བྱེ་གླིང་གི་བྱང་ཤར་སྣེ་དང་སྐམ་ས་སྦྲེལ་ནས་ཕྱེད་གླིང་དུ་གྱུར་ཡོད། བྱེ་གླིང་ལ མཚོ་སྔོན་པོའི་བླ་སྲོག་ཅེས་པའི་མཚན་སྙན་ཡོད་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་རེད།

མཛེས་ལྗོངས་ཁུལ་སྒོ་བརྒྱབ་རྗེས་ང་ཚོས་མིས་བཟོས་བྱེད་སྒོ་དང་འབྲེལ་བ་ཡོད་པའི་སྒྲིག་བཀོད་ཚང་མ་བཤིག་པ་དང་། འཕྲང་ལམ་ཞིག་སོར་བཞག་བྱས་ནས་ཚན་ཞིབ་དང་ལྟ་ཞིབ་ཚད་ལེན་མི་སྣར་བེད་སྤྱོད་བྱེད་དུ་བཅུག་ཅིང་།    ལྟ་དཔྱད་ཚད་འཇལ་མི་སྣས་ཉིན་རྒྱུན་ལམ་ཐིག་གཅིག་བརྒྱུད་དེ་རྒྱུན་ལྡན་གྱི་ལྟ་ཞིབ་ཚད་ལེན་བྱེད་ཀྱིན་ཡོད། ཕྱོགས་གཅིག་ནས་རྩྭ་ཐང་དང་བྱེ་ཐང་མ་ལག་གི་སྔོ་ཁེབས་དང་ཁོར་ཡུག་གི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འདབ་ཆགས་སྣ་ཚོགས་ལ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད་ཅེས་ཁྲིན་ཏེ་ཧུའེ་ཡིས་དེ་ལྟར་བཤད།

མི་ཕྱིར་བསྣུར་པ་དང་མཚོ་ངོས་ཇེ་ཆེར་སོང་ལ། བྱེ་མ་འཇགས་ཤིང་རྩྭ་ལྗང་འབུས་རྗེས། འདབ་ཆགས་ཇེ་མང་དུ་སོང་བ་སོགས་དུས་ཡུན་ཐུང་ཐུང་ལོ་ལྔའི་ནང་། བྱེ་གླིང་སྲུང་སྐྱོབ་ཁུལ་དུ་སྲོག་ཆགས་དང་རྩི་ཤིང་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད།

སྡོང་ཕྲན་དང་རྩྭ་སོན་འདེབས་འཛུགས་སོགས་རང་བྱུང་སླར་གསོ་དང་མིའི་ཐབས་ལ་བརྟེན་ནས་སྐྱེ་ཁམས་སླར་གསོའི་བཟོ་འགོད་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། མིག་སྔར་བྱེ་གླིང་གི་ནགས་ཤིང་གསོན་ཚད80%ཡན་ཟིན་པ་དང་། བརླན་ས་སྲུང་སྐྱོབ་བྱེད་ཚད69%ཟིན་ལ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད60%ཟིན་ཡོད། 2021ལོར་ལྟ་ཞིབ་ཚད་ལེན་བྱས་པ་ལས་མཚོ་སྔོན་པོར་འཚོ་སྡོད་བྱེད་པའི་ཆུ་བྱའི་གྲངས་ཀ་འབུམ་ལྔ་དང་ཁྲི་བདུན་སྟོང་གཅིག་ཟིན་ནས་དེ་སྔའི་བྱེ་ཐང་ལ་རིམ་བཞིན་གསོན་ཤུགས་འཕེལ་ཡོད།

མཚམས་འཇོག་པ་ནི་སྔར་ལས་ལེགས་པོའི་སྒོ་ནས་སྲུང་སྐྱོབ་བྱ་ཆེད་ཡིན་ཞེས་ཁྲིན་ཏེ་ཧུའེ་ཡིས་དེ་ལྟར་བཤད་པ་དང་། ཁོས་བྱེ་གླིང་གི་སྐྱེ་ཁམས་མ་ལག་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བྱས་ཏེ། ཡུལ་སྐོར་བྱེད་སྒོས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་ཤུགས་ཇེ་ཆུང་དུ་གཏོང་དགོས་ཟེར།  ཡུལ་སྐོར་གཉེར་སྐྱོང་བྱེད་སྒོ་མཚམས་བཞག་རྗེས་གཙོ་བོ་བྱེ་གླིང་གི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་རང་བྱུང་སྐྱེ་ཁམས་སླར་གསོ་དམ་འཛིན་དང་།  མཚོ་སྔོན་པོའི་ཆུའི་སྐྱེ་ཁམས་བདེ་འཇགས་རྒྱུན་འཁྱོངས་བྱ་རྒྱུ་དམིགས་ཡུལ་གཙོ་བོར་བཟུང་ནས། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཆ་ཚང་ཞིང་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ་རེད།

བྱེ་གླིང་སྲུང་སྐྱོབ་ཁུལ་ནང་གི་ཚྭ་མེད་མཚེའུ་འགྲམ་གྱི་བརླན་ས་ཞིག་ཏུ། སྲུང་སྐྱོབ་ཁུལ་གྱི་ཞིབ་བཤེར་ཚད་ལེན་མི་སྣ་གསུམ་གྱིས་གནས་སྤོའི་དུས་བྱར་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པ་རེད། ཁོ་ཚོས་གསར་འགོད་པར་བཤད་རྒྱུར། སྒོ་མ་བརྒྱབ་གོང་། ཡུལ་སྐོར་བྱེད་མཁན་ལོ་རེ་ལས་ལོ་རེར་ཇེ་མང་དུ་སོང་བས། སྤང་ཤུན་ལ་གཏོར་བརླག་ཐེབས་པ་ཅུང་ཚབས་ཆེ་བ་དང་།  བྱེ་གླིང་གི་ནགས་རྩྭ་དང་སྤང་ཤུན་སོགས་ཚུད་པའི་བྱེ་འགྱུར་ས་ཆར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།  སྒོ་བརྒྱབ་པའི་ལོ་འདི་དག་གི་ནང་། བྱེ་གླིང་གི་ས་ཁོངས་འདི་སྔར་ལྟར་དབེན་ཐིང་དུ་གྱུར་ནས། བརླན་ས་ཇེ་ཆེར་སོང་བ་དང་ཆུ་བྱའང་གང་སར་མཐོང་ཐུབ་པས་སྲོག་ཆགས་ཀྱི་ཁྱིམ་གཞིས་སུ་གྱུར་ཡོད་ཟེར།

ཉེ་བའི་ལོ་གཉིས་ཀྱི་ནང་། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་སོང་བ་དང་། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་ཕུན་སུམ་ཇེ་ཚོགས་དང་སྐྱེ་ཁམས་མ་ལག་སླར་གསོ་བྱུང་བར་མ་ཟད།  སླར་གསོའི་གྲུབ་འབྲས་ཐད་ནས།  བརླན་ས་དང་རྩྭ་ཐང་། ནགས་ཚལ། བྱེ་ཐང་སོགས་སྐྱེ་ཁམས་མ་ལག་གིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ཆ་རྐྱེན་གྲུབ་པ་དང་། ལྷག་པར་དུ་སྐྱེ་ཁམས་མ་ལག་ཆ་ཚང་ཞིང་འབྲེལ་མཐུད་ཡག་པོ་བྱུང་ནས་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་སྒོས་མངོན་པར་བྱས་ཡོད་ཅེས་ཁྲིན་ཏེ་ཧུའེ་ཡིས་དེ་ལྟར་བཤད།

ད་ལོའི་ཟླ4པའི་ཚེས25ཉིན་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་དོན་སྤེལ་རྒྱུར་མཆན་འགོད་མཛུབ་སྟོན་བྱས་པ་ལས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་པའི་དུས་མཚམས་སུ་བསླེབས་པ་མཚོན་ཞིང་། དུས་སྐབས་གསར་པར་ཇི་ལྟར་བྱས་ཏེ་འཕེལ་རྒྱས་དང་སྲུང་སྐྱོབ་ཕན་ཚུན་མཐུན་སྦྱོར་ཡོང་བར་བྱེད་དགོས་སམ།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུའུ་ཡིས་མཚོ་སྔོན་པོའི་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་གྱི་རྣམ་པ་དང་ལམ་བུ་ཟམ་མི་ཆད་པར་རྒྱ་ཆེར་བཏང་སྟེ། མཚོ་སྔོན་པོར་སྒེར་གྱི་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པ་དང་ལྕགས་རྟར་ཞོན་ནས་ཡུལ་སྐོར་བྱེད་པ། རྐང་ཐང་དུ་ཡུལ་སྐོར་བྱེད་པ། རང་བྱུང་སྐྱེ་ཁམས་ཞིབ་འཇུག་དང་སློབ་སྦྱོང་ཡུལ་སྐོར་བྱེད་པ་བཅས་གསར་དར་ལས་རིགས་སུ་གྱུར་ཡོད།  དུས་མཚུངས་སུ་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་བར་སྟོང་གི་བཀོད་པ་དང་། རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཀྱི་མྱོང་ཚོར། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་སོགས་ཀྱི་ཆེད་དོན་འཆར་འགོད་བཟོས་ནས། པུ་ཧ་ཆུ་བོའི་བྱ་རིགས་ལ་ལྟ་བའི་རྟེན་གཞི་དང་ཧར་དགེའི་རི་དྭགས་དགོ་བའི་ཕྱི་རོལ་གྱི་ལྟ་ཞིབ་ཚད་ལེན་སློབ་གསོའི་རྟེན་གཞི།  རི་དྭགས་དགོ་བའི་ཚན་ཞིབ་སྲུང་སྐྱོབ་རྟེན་གཞི། ཙོང་ཉ་ཕྱིར་རྒྱུ་བའི་ལྟ་སྦྱོང་རྟེན་གཞི་སོགས་འཛུགས་སྐྲུན་བྱེད་མགོ་བརྩམས་ནས། སྐྱེ་ཁམས་རིན་ཐང་བསྒྱུར་བའི་བགྲོད་ལམ་ཧུར་ཐག་གིས་བསྐྲུན་པ་དང་། མཚོ་སྔོན་པོའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ཁུལ་གྱི་ཞིང་ཆེན་རིམ་པའི་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། སྔོན་ལ་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས།  དམངས་ཚིས་ལེགས་བཅོས་བཅས་ཀྱི་འཕེལ་རྒྱས་གསར་བའི་རྣམ་པ་ཞིག་ཆགས་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།