སྐྱེ་ཁམས་མཛའ་མཐུན་དེ་འཕེལ་རྒྱས་ཀྱི་རྨང་གཞིར་འགྱུར་དུ་འཇུག་དགོས།
2022.08.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 32

སྐྱེ་ཁམས་མཛའ་མཐུན་ནི་ཆེས་ཆེ་བའི་མཛའ་མཐུན་ཡིན་ལ། སྐྱེ་ཁམས་བདེ་འཇགས་ནི་ཆེས་ཆེ་བའི་བདེ་འཇགས་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ན་ངེས་པར་ལམ་ལུགས་ལ་བརྟེན་པ་དང་ཁྲིམས་སྐྱོང་ལ་བརྟེན་དགོས། “ཆེས་གཟབ་ནན་གྱི་ལམ་ལུགས་དང་ཆེས་ཞིབ་ཚགས་ཀྱི་ཁྲིམས་སྐྱོང་ལག་བསྟར་བྱས་ན། ད་གཟོད་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བློ་གཏད་ཆོག་པའི་འགན་སྲུང་འདོན་སྤྲོད་བྱེད་ཐུབ་པ་ཡིན།”

ཀྲུང་དབྱང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་འཆར་གཞི་བཀོད་ཅིང་བཀོད་སྒྲིག་བྱས་པའི་ཁར་སྐུལ་འདེད་བྱེད་བཞིན་པའི་ལམ་ལུགས་གལ་ཆེན་གྱི་གསར་སྐྲུན་ཡིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་གལ་ཆེན་གྱི་གསར་སྐྲུན་རང་བཞིན་གྱི་གྲུབ་འབྲས་དང་ལམ་ལུགས་རང་བཞིན་གྱི་ཁག་ཐེག་ཀྱང་ཡིན། དེས་ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་བཞིན་པ་མཚོན་ལ། ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བློ་རྩ་བརྟན་པོ་དང་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ཀྱང་མཚོན་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་བསམ་འཆར་མང་པོ་འདོན་བཞིན་པའི་ཁོར་ཡུག་གི་སྦགས་བཙོག་དང་སྐྱེ་ཁམས་གཏོར་བརླག་གནད་དོན་ཐག་གིས་གཅོད་པར་དོན་སྙིང་གལ་ཆེན་ལྡན།

ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་དེ2015ལོར་དངོས་སུ་བཙུགས་པའི་ཚུན་དུ། ལྟ་ཞིབ་བྱ་བར་མྱུར་བ་མྱུར་དུ་འགན་འཁུར་ནན་འགེལ་གྱིས་སྐུལ་འདེད་བྱས་པས། སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་འཇིགས་སྣང་སྐུལ་བ་དང་། ཤུགས་རྐྱེན་ཆེ་ཞིང་ཡུན་རིང་དུ་ཐག་གིས་གཅོད་མ་ཐུབ་པའི་དཀའ་གནད་སྐོར་ཞིག་བསལ་ནས། མང་ཚོགས་འགྲམ་གྱི་འབུར་དུ་ཐོན་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་སྐོར་ཞིག་དངོས་གནས་ཐག་གིས་བཅད།

མཚོ་སྔོན་ནི་སའི་གོ་ལའི་སྣེ་གསུམ་པར་ཆགས་ཡོད་ལ། སའི་གོ་ལའི་བྱང་ཕྱེད་མའི་ནམ་ཟླའི་གཙོ་གནད་ཁུལ་དང་མགོ་རྩོམ་སའི་གནས་ཡིན་ལ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་གི་སྙོམས་སྒྲིག་ལག་ཆ་དང་བརྟན་བརླིང་ལག་ཆ་ཡིན་པ་དང་། མཐོ་སྒང་གྲང་འཁྱགས་སྐྱེ་དངོས་ཀྱི་རང་བྱུང་རྩི་ཤིང་གི་ཐོན་ཁུངས་མཛོད་ཀྱང་ཡིན། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་འགན་འཁྲི་ཡང་སྐྱེ་ཁམས་ཡིན་པ་དང་། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི“རྒྱལ་དོན་གྱི་དོན་ཆེན”ཡིན།

ལོ་ངོ་མང་པོའི་རིང་ལ། མཚོ་སྔོན་གྱིས་ཆབ་སྲིད་འདུ་ཤེས་ཇེ་དྲག་དང་ཆབ་སྲིད་ལངས་གནས་ཇེ་མཐོར་བཏང་སྟེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཆེན་མོ་བློ་ཐག་རྦད་ཆོད་ཀྱིས་ཕྲག་ཏུ་འཁུར་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལེགས་པོར་འཛིན་པའི་ཆེས་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་པ། ལྟ་ཞིབ་དག་ཐེར་ལ་ངོས་འཛིན་གཏིང་ཟབ་བྱས་པ། ལྟ་ཞིབ་དག་ཐེར་གྱི་རྣམ་འགྱུར་དྲང་མོར་བཅོས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ལམ་ལུགས་གཏན་འབེབས་ལངས་ཕྱོགས་གསལ་པོའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱས་པ། ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱས་པ་བཅས་ཀྱིས་དག་ཐེར་གྱི་དོན་དངོས་འགུལ་སྐྱོད་དང་ཕན་འབྲས་ལ་བརྟེན་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་བཏང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་བཏང་བ། “སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས།

དེང་སང་གི་མཚོ་སྔོན། མི་དང་རང་བྱུང་སྔར་ལས་འཆམ་མཐུན་ཡིན་པ་དང་། སྐྱེ་འགྲོ་ཀུན་ལ་དྭངས་གསལ་ཧེ་ཡན་དང་སྔོ་ལྗང་གི་མདོ་ལ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་རབ་མཛེས་ཀྱི་རི་མོ་ཞིག་མངོན་ནས། སྐྱེ་ཁམས་མཛའ་མཐུན་ཡིན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་པོར་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན།

སྐབས་འདི་ལ་སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ཕྲག་ཏུ་འཁུར་དགོས་པ་དང་། དེ་བཞིན་ལྟ་ཞིབ་དག་ཐེར་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་ཚིས་བཟོ་འགོད་གལ་ཆེན། འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་དུ་བརྩིས་ནས། འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པ་དང་བྱེ་བྲག་གི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་གང་ཐུབ་ཀྱིས་འཁུར་བ། སྟོབས་ཤུགས་གཅིག་བསྡུས་ཀྱིས་འཛིན་པ། ལུས་གཟུགས་བསྒུར་ནས་སྒྲུབ་དགོས་པ་དང་། དག་ཐེར་བྱེ་བྲག་གི་དོན་ཐོག་ཏུ་འབབ་པ། འགན་འཁྲི་བྱེ་བྲག་གི་མི་ལ་གཏོད་པ་ཁག་ཐེག་བྱས་ནས། གཟབ་ནན་གྱི་སྤྱོད་ཚུལ་བཟུང་ནས་བློ་ཐག་རྦད་ཆོད་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་དག་ཐེར་བྱེད་པ་བཅས་ཀྱིས་ལྗང་མདོག་དེ་འཕེལ་རྒྱས་ཀྱི་རྨང་གཞིར་འགྱུར་དུ་འཇུག་པ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བཀོལ་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།