མདོ་ལ་རིང་མོའི་གཟི་བྱིན།
2022.08.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 51

མདོ་ལ་རིང་མོ་ནི་རང་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དང་།  རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ཁུངས་ཐོན་ཁུལ་གལ་ཆེན་ཞིག་ཡིན་ལ།  རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་དམིགས་བསལ་ས་ཁོངས་ཤིག་ཀྱང་ཡིན།  མུ་མཐའ་བྲལ་ཞིང་རྔམ་བརྗིད་ལྡན་པའི་མདོ་ལ་རིང་མོ་ནི་སྟོབས་ཆེན་གྱི་དཔུང་པ་གཉིས་དང་འདྲ་བར་ཐེན་ཧྲན་རི་བོ་སྐྱོར་ཞིང་བོད་ལྗོངས་ཡུལ་གྲུ་བཀྱག་ནས། ཀྲུང་གོའི་ནུབ་བྱང་གི་མངའ་ཁོངས་སུ་སྲ་ཞིང་བརྟན་པའི་སྐྱེ་ཁམས་ཀྱི་ལྕགས་རི་ཤིག་ཏུ་གྲུབ་ཡོད།

“གངས་རིའི་རྒྱལ་པོ”ཞེས་བརྗོད་པའི་གསའ་དེ་མདོ་ལ་རིང་མོའི་མཚོ་འཕང་མུས3800ནས4000བར་གྱི་ས་ཁུལ་དུ་འཚོ་སྡོད་བྱས་ཡོད་ལ།  དེ་ནི་རི་མཐོའི་སྐྱེ་ཁམས་མ་ལག་གི“དྲོད་ཚད་འཇལ་བྱེད”ལྟ་བུ་རེད།  གསའ་ཡི་ལྟ་ཞིབ་ཚད་ལེན་གཞི་གྲངས་ཀྱི་འགྱུར་ལྡོག་དེ་མདོ་ལ་རིང་མོའི་ས་ཁུལ་གྱི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་དམིགས་ཚད་གལ་ཆེན་ཞིག་ཏུ་གྱུར་ཡོད།  2017ལོའི་ཟླ9པར།  མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མདོ་ལ་རྫོང་དང་ཐེམ་ཆེན་རྫོང་ཁོངས་སུ་བཙུགས་པའི་དམར་ཕྱིའི་འོད་རིམ་པར་ཆས་ཁག་གཅིག་གིས་པར་བླངས་པའི་པར་རིས་ཁྲོད་གསའ་མཐོང་རྒྱུ་ཡོད་པ་དང་།  མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ཚོད་ལྟའི་ལས་དོན་སྤེལ་ནས།  སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་བྱེད་པའི་དོན་སྙིང་ཡང་རིམ་གྱིས་མངོན་ཡོད།

གངས་རིའི་རྒྱལ་པོ་སླེབས་བྱུང་།

“རི་དྭགས་གསའ་ལྟ་ཞིབ་ཚད་ལེན་བྱུང་བ་དེ‘རོལ་རྩེད’ལྟ་བུ་ཞིག་ཡིན་པ་དང་།  མི་དང་རང་བྱུང་ཁམས་དབར་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་ཞིག་རེད།  ང་ཚོས་ལྟ་ཞིབ་ཚད་ལེན་བྱེད་ཐེངས་དང་པོར་ཐོབ་པའི་གསའ་རྣམས་ཕྱིར་བཏང་རྗེས།  གསའ་དེ་རི་བོ་མཐོ་ཤོས་སུ་སྐྱོད་པའི་གོམ་སྟབས་ཧ་ཅང་དལ་ལ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད།  དེ་ལས་ང་ཚོར་རང་བྱུང་སྐྱེ་ཁམས་མ་ལག་ཁྲོད་ཁོ་ཚོ་ནི་བདག་པོ་གཙོ་བོ་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་། ” མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ནས་གསའ་ཐེངས་དང་པོ་མཐོང་བ་དང་འབྲེལ་དེར་རྗེས་འདེད་རྣ་རྟགས་བཏགས་ནས་ལྟ་ཞིབ་ཚད་ལེན་བྱེད་པའི་རྣམ་པ་ཕྱིར་དྲན་བྱེད་སྐབས།  པེ་ཅིང་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་འབུམ་རམས་པ་ཝང་ཏ་ཅོན་ལ་མྱོང་ཚོར་ཟབ་མོ་བྱུང་།

མདོ་ལ་རིང་མོའི་མཚོ་སྔོན་ཡུག་ཁུལ་གྱི་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་སྐབས་ནི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་ནས་འགོ་བརྩམས་ཏེ།  1996ལོ་ནས་1998ལོ་བར་ཧྲུའུ་ལེ་ལྷོ་རིའི་ས་ཁོངས་ཁག་གཅིག་ཏུ་བཅར་འདྲི་དང་ཚད་ལྡན་ཡིག་ཆར་ལྟ་ཞིབ་བྱ་རྒྱུ་གཙོ་བོར་བྱས་པའི་གསའ་ཡི་བརྟག་དཔྱད་བྱས་པ་དང་།  ས་ཁོངས་གཞན་དག་ཏུ་མ་ལག་ཆ་ཚང་བའི་ཕྱི་རོལ་གྱི་བརྟག་དཔྱད་ལྟ་ཞིབ་ཚད་ལེན་གྱི་བྱ་བ་སྤེལ་མེད།  ལོ་19སོང་རྗེས་ཀྱི2017ལོར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་འཛུགས་སྐྲུན་དངོས་སུ་བྱེད་འགོ་བརྩམས་པ་དང་།  ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གསའ་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་བྱ་བ་སྤེལ།

“ང་ཚོས་དེར་ལྟ་ཞིབ་བྱེད་ཀྱིན་ཡོད་ཅེས་བཤད་པ་ལས།  གསའ་ཡིས་ང་ཚོའི་བྱེད་ལུགས་བྱེད་སྟངས་ལ་ལྟ་ཞིབ་བྱེད་ཀྱིན་ཡོད་ཅེས་བཤད་ན་དགའ”ཞེས་ཝང་ཏ་ཅོན་གྱིས་ཁོའི་མིག་ལམ་གྱི་གསའ་ལ་དེ་ལྟར་དཔྱད་འཇོག་བྱས།  བསྟུད་མར་ལོ་ལྔའི་རིང་གསའ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བའི་ཁྲོད།  མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དུ་གསའ་ཡི་མངོན་མེད་འཚོ་གནས་ཁུལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་སྟོང་བཞི་བརྒྱ་དང་དོན་གཉིས་ལ་བརྟག་དཔྱད་བྱས་པ་དང་།  ཁྱབ་ཁུལ95གཏན་འཁེལ་བྱས་ནས་གསའ་བརྒྱ་དང་ལྔ་དབྱེ་འབྱེད་བྱས།  “མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་ནང་གི་གསའ་ཡིས་ང་ཚོའི་ངོས་འཛིན་གསར་དུ་གཏོད་སྲིད།  གནས་འདིའི་གསའ་ཡི་ཁྱབ་ཁུལ་ང་ཚོའི་སྔོན་དཔག་བྱས་པ་ལས་ཀྱང་ཆེ”ཞེས་ཝང་ཏ་ཅོན་གྱིས་དེ་ལྟར་བཤད།

2017ལོར་མདོ་ལ་རིང་མོའི་ཡུག་ཧུའུ་ལུའུ་ས་ཁུལ་དུ།  གསའ་ལྔ་མཉམ་དུ་རྩེད་འཇོར་རོལ་བའི་པར་ཞིག་དྲ་རྒྱའི་སྟེང་ཁྱབ་ནས་དྲ་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་།  དྲ་གྲོགས་མང་པོ་ཞིག་གིས་སྤྲིན་རྩིས་ལས“གངས་རིའི་རྒྱལ་པོའི”ཉམས་འགྱུར་ལ་ལྟ་བཞིན་ཡོད།  2018ལོར།  མདོ་ལ་རིང་མོའི་ཆིན་དབྱང་ལུང་བ་དང་སན་ཧི་ཡོན་ས་ཁུལ་དུ་སླར་ཡང་གསའ་བཞི་དང་།  གསའ་ལྔ་མཉམ་དུ་རྩེད་འཇོ་རོལ་པའི་པར་བརྒྱབ་ཡོད།  2021ལོར།  མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མིན་ཡོན་ཡུག་ཁུལ་གྱིས་གསའ“ལིན་ཀྲི”བསྐྱབ་པ་མ་ཟད།  དེར་སྲུང་སྐར་གྱི་རྗེས་འདེད་རྣ་རྟགས་བཏགས་ནས་ཕྱི་རོལ་དུ་བཏང་བ་དང་།   གསའ་ཡི་ཕྱི་རོལ་རོགས་སྐྱོབ་དང་སྲུང་སྐར་རྗེས་འདེད་ཚན་རིག་ཞིབ་འཇུག་ལྟ་ཞིབ་ཚད་ལེན་ཕྱོགས་གཉིས་ཐད་ཐོལ་བརྒལ་བྱུང་།  མི་སེམས་འགུལ་བའི་གནས་ཚུལ་དེ་དག་ལས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་འབད་བརྩོན་བྱས་པར་ཕན་འབྲས་བཟང་པོ་ཐོབ་པ་དང་།  རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་དོན་སྙིང་གང་ལེགས་ཀྱིས་མངོན་ཡོད།

ཡངས་ཤིང་རྒྱ་ཆེ་བའི་རི་ཚོགས་ཁྲོད་དུ་བསྐྱོད་པ་དང་།  མུ་མཐའ་མེད་པའི་ས་གཞི་ཆེན་མོ་རུ་ལང་ལོང་དུ་རྒྱུགས་པའི་གངས་རིའི་རྒྱལ་པོ་སླེབས་བྱུང་།

ཚན་རྩལ་དང་སྲུང་སྐྱོབ་མཉམ་དུ་དམ་འཛིན་བྱེད།

2017ལོར།  མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་བྱེད་འགོ་བརྩམས་པ་ནས་བཟུང་།  གླིང་ཁུལ་གྱི་ལྟེ་བའི་ཁུལ་དང་སྤྱིར་བཏང་ཚོད་འཛིན་ཁུལ་ནང་གི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྣ་ཚོགས་ཁྱོན་ཡོངས་ནས་གཏན་འགོག་བྱས་པས།  བར་དམ་གངས་དཀར་གྱི་མཛེས་ལྗོངས་ཀྱང་དེ་དང་ཆབས་ཅིག་སྒོ་རྒྱག་དགོས་བྱུང་།  མཚོ་འཕང་མུས3700ཡོད་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ས་རླུང་ཐང་དོ་དམ་སྲུང་སྐྱོབ་ས་ཚིགས་ནི་བར་དམ་གངས་དཀར་ལ་སྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ས་ཆ་ཞིག་རེད།  ལོ་གཅིག་གི་ནང་ཁངས་མི་འབབ་པའི་ཟླ་གཉིས་མ་གཏོགས་མེད་ལ།  གནམ་གཤིས་ཡག་པོ་མེད་པ་དང་ཆ་རྐྱེན་ཧ་ཅང་ཞན།   དེ་གའི་དོ་དམ་སྲུང་སྐྱོང་པས་ནགས་སྲུང་མེ་འགོག་དང་།  སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལྟ་ཞིབ་ཚད་ལེན་བྱེད་དགོས་པ་ལས་གཞན།  ཡུལ་སྐོར་བ་བར་དམ་གངས་དཀར་དུ་བསྐྱོད་རྒྱུ་བཀག་འགོག་བྱ་རྒྱུ་དེ་ཡང་ཁོ་ཚོའི་ལས་འགན་ཞིག་ཏུ་གྱུར་ཡོད།

ད་ལྟ།  རི་ཆུ་ནགས་གསུམ་དང་།  ཞིང་ལས།  མཚེའུ།  གངས་འཁྱགས།  བྱེ་མ་བཅས་ནི་ཚེ་སྲོག་གཅིག་མཐུན་ཚོགས་པའི་འདུ་ཤེས་ཤིག་ཡིན་པ་དང་།  མ་ལག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་།  སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་མཐུན་སྦྱོར་འཕེལ་རྒྱས་གཏོང་ཆེད།  མཚོ་སྔོན་ཞིང་ཆེན་གྱིས་ཚད་གཞི་མཐོན་པོས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གཞི་གྲངས་ཆེན་མོའི་ལས་སྟེགས་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ།  གནམ་ས་དང་མཁའ་དབྱིངས་གཞི་གཅིག་ཅན་གྱི་བྱེད་ཐབས་ཐོག་ནས་ས་ཆ་དེར་སྲུང་སྐྱོབ་བྱས།  རི་སྐྱེས་སྲོག་ཆགས་ཀྱི་པར་ཆས་ཁྲི་གསུམ་དང་སྟོང་དྲུག་ལྔ་བརྒྱ་བཅུ་གཉིས་དང་།  སྐེ་རྟགས་འབུམ་གཅིག་དང་ཁྲི་དྲུག་སྟོང་བདུན་དགུ་བརྒྱ་གྱ་བདུན་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ གཞི་གྲངས་ཆེན་མོའི་དོ་དམ་སྟེགས་བུའི་ཐོག སྐྱེ་ཁམས་སྲུང་སྐྱོབ་ཚད་འབེབས་བྱས་པ་དེ་ཞིབ་ཕྲའི་གཞི་གྲངས་ཞིག་ཏུ་བརྩིས་ནས་བལྟས་པ་ཙམ་གྱིས་རྟོགས་ཐུབ།  “མིག་སྔར།  གནམ་ས་དང་མཁའ་དབྱིངས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་དྲ་བ་སྤྱི་ལེ་ངོས་སྙོམས་གྲུ་བཞི8000ཟིན་ནས།  མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་ས་ཆུའི་རང་བྱུང་སོལ་རླངས་སོགས་སྐྱེ་ཁམས་དམིགས་ཚད་སྣ་ཚོགས་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་།  གཞི་གྲངས་ནུས་ལྡན་ངང་བརྒྱུད་སྤྲོད་ཐུབ་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ལྟ་ཞིབ་ཚད་ལེན་དང་ཤེས་ཚོར་ནུས་པ་ཆེ་རུ་ཕྱིན་ཡོད།  2021ལོ་ཁོ་ནར་རིག་ནུས་སྐོར་གཡེང་མ་ལག་ལ་བརྟེན་ནས་གླིང་ཁུལ་གྱི་དོ་དམ་སྲུང་སྐྱོབ་ས་ཚིགས་བཞི་བཅུ་ཡི་དོ་དམ་སྲུང་སྐྱོབ་པ་སྟོང་གཅིག་ཉིས་བརྒྱ་རེ་ལྔ་ཡིས་རིམ་རྩིས་བྱས་ན་སྐོར་གཡེང་ཐེངས་ཁྲི་བཞི་དང་སྟོང་བཞི་བྱས་པ་དང་།  སྐོར་གཡེང་ལམ་ཐག་སྤྱི་ལེ་ས་ཡ་གཅིག་དང་འབུམ་གསུམ་ཁྲི་བཞི་སྟོང་བདུན་ཟིན་ཡོད”ཅེས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧན་ཆང་གིས་དེ་ལྟར་མཚམས་སྦྱོར་བྱས།

མིག་སྔའི་བར་དུ།  མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་(མཚོ་སྔོན་ཡུག་ཁུལ)གིས་རྒྱལ་ཁབ་སྤྱི་གླིང་གི་གཞི་མཐིལ་ཐོན་ཁུངས་ལ་བརྟེན་པའི་ས་ཁྲའི་ཐོན་ཁུངས་དོ་དམ་སྲུང་སྐྱོབ་ལམ་སྲོལ་ཞིག་བཙུགས་ཡོད་པ་དང་།  བར་སྟོང་སོ་སོའི་པར་རིས་གཞི་གྲངས་དང་། ངོ་བོའི་གཞི་གྲངས་དེ་མིན་ཡིག་ཚགས་དཔྱད་ཡིག་བཅས་གསོག་འཇོག་བྱེད་སྟངས་མི་འདྲ་བའི་ཐོག་ནས་མཛོད་དུ་བཅུག་སྟེ་སྐྱེ་ཁམས་ཐོན་ཁུངས་ཁྱབ་ཚུལ་དང་། ས་ཆ་བེད་སྤྱོད་རིགས། ནགས་རིགས་ཁྱབ་ཚུལ། འཁྱགས་རོམ་འགྱུར་ལྡོག་སོགས་ཚུད་པའི་ཆེད་དོན་པར་རིས་བཅུ་ལྷག་ཙམ་ཡོངས་བསྒྲགས་བྱས་པ་རེད།  དེ་དང་ཆབས་ཅིག སྲིད་འཛིན་ས་ཁོངས་དབྱེ་བ་དང་། གཞི་གྲངས་མང་པོའི་ཁྲོད་ནས་མགྱོགས་མྱུར་སྔོག་འདོན་དབྱེ་ཞིབ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་ནང་གི་རང་བྱུང་ཐོན་ཁུངས་དོ་དམ་སྲུང་སྐྱོབ་དང་དབང་ཆ་གཏན་འཁེལ་བྱེད་པ། བརྟག་དཔྱད་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་གནད་ལ་འཁེལ་བའི་སྔོན་དཔག་བྱ་ཆེད་ཆ་འཕྲིན་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ནས། ཚན་རྩལ་གྱི་ནུས་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཉམ་འགུལ་གཅིག་མཚུངས་ཡོང་བ་བྱ་རྒྱུ་རེད།

སྐྱེ་ཁམས་འདུ་ཤེས་མིའི་སེམས་ལ་ཟུག་པ།

སྤྱིའི་རྒྱ་ཁྱོན་མུའུ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་བདུན་ལ་སྲུང་སྐྱོབ་བྱས་ཡོད།  མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་མཁར་དང་བར་ཐག་སྤྱི་ལེ་བཅོ་བརྒྱད་ཙམ་ཡོད་པའི་ཧའོ་མིན་ནགས་རའི་འདབས་སུ། བདག་སྐྱོང་ས་ཚིགས་ཤིག་གིས་སྔོ་ལྗང་སྲུང་སྐྱོབ་བྱེད་བཞིན་མཆིས།  རྒྱ་ཁྱོན་སྤྱི་ཆིང་ཁྲི་ཡན་གྱི་ལྗང་མདོག་སྲུང་སྐྱོབ་གནས་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད་ཅིང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་མོའི་ཐོག་སྐྱོད་སྐབས་སྐྱེ་ཁམས་ཀྱི་ཡིད་དབང་འཕྲོག་ཤུགས་གང་སར་ཁྱབ་ཡོད།

ཤིང་སྡོང་གཅོད་པ་ནས་ཤིང་སྡོང་སྲུང་སྐྱོབ་མཁན་དུ་གྱུར་ཡོད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྟག་རོང་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་འགོ་གཙོ་ལི་ཁྲིན་དབྱི་ཡི་འཚོ་བ་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། ཐོབ་ཐང་ལ་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། བསམ་བློར་དེ་བས་ཀྱང་འགྱུར་ལྡོག་ཕྱིན་ཡོད།  1998ལོར། “རང་བྱུང་ནགས་ཚལ་སྲུང་སྐྱོབ་བཟོ་སྐྲུན”ལག་བསྟར་བྱས་རྗེས། ཧའོ་མིན་ནགས་རས་ལུང་ཤུར་དང་དེའི་འགྲམ་གྱི་རྨོ་བསྐྱུར་ནགས་གསོའི་ཁུལ་དུ་ནགས་སྐྲུན་བྱ་བ་སྤེལ་འགོ་བརྩམས་པ་དང་། ལི་ཁྲིན་དབྱི་ཡང་ནགས་ཚལ་བཟོ་ལས་ཁེ་ལས་ཀྱི་ཤིང་ཆས་ལས་སྣོན་བཟོ་པ་ཞིག་ནས་ལས་གནས་བསྒྱུར་ཏེ་ནགས་སྲུང་རུ་ཁག་གི་རུ་དཔོན་དུ་གྱུར།  ཁེ་ལས་གཞན་སྒྱུར་བྱས་པ་དེས་ལི་ཁྲིན་དབྱིའི་འཚོ་བ་དང་ཐོབ་ཐང་ལ་འགྱུར་ལྡོག་གཏོང་བར་སྐུལ་ཁྲིད་བྱས་པ་དང་། ལི་ཁྲིན་དབྱི་ཡིས་ལས་བཟོ་བ་ཚོའི་སྣེ་ཁྲིད་དེ་སྔོ་ལྗང་ནགས་བསྐྲུན་གྱི་ལས་ལ་གཞོལ་ནས་མེད་པར་གྱུར་བའི་ལྗང་མདོག་གི་ས་ཆ་རེ་རེ་བཞིན་ཁ་གསབ་བྱས།  ལོ་ངོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ། ལི་ཁྲིན་དབྱི་ཡིས་ཐན་པ་ཐེག་ཐུབ་པའི་གླ་ཚེར་སྐྱེ་ཚུལ་ཡག་པོ་ཡོད་པ་དངོས་སུ་མཐོང་བ་དང་། སྦྱར་སྡོང་དང་ལྕང་མ་ཡང་རིམ་གྱིས་སྐྱེས་ནས་གླ་ཚེར་ནགས་སུ་རྒྱན་ཡོད།

གལ་སྲིད་ཁོར་ཡུག་གི་འགྱུར་ལྡོག་ལས་ལི་ཁྲིན་དབྱིའི་བསམ་བློར་ཤུགས་རྐྱེན་ཐེབས་ཡོད་ཅེས་བརྗོད་ཚེ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཀྲུའུ་ཀུའུ་ཡུལ་ཚོའི་བཅའ་སྡོད་སློབ་གྲྭའི་ནང་གསོན་ཉམས་དོད་ལ་སྤྲོ་སྣང་ལྡན་པའི་རང་བྱུང་སློབ་གསོའི་ལག་ལེན་སློབ་ཁྲིད་ཀྱིས་བྱིས་པ་ཚོའི་སེམས་ནང་ཟུག་པའི“ལྗང་མདོག་ས་བོན”ལ་གསོན་ཤུགས་རྒྱས་སུ་བཅུག

2022ལོའི་ལོ་གསར་གྱི་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྩེ་སེམས་ཟབ་མོས་ངང“རྨ་ཆུ་དང་འབྲི་ཆུ། རླབས་ཕྲེང་གཡོ་བའི་མཚོ་སྔོན་པོ་དང་ཡར་ཀླུང་གཙང་པོ་གང་ཡིན་པ་དང་།  ལྷོ་ཆུ་བྱང་འདྲེན་གྱི་དུས་རབས་བཟོ་སྐྲུན་ཡིན་ནའང་འདྲ། ཡང་ན་སའེ་ཧན་པ་ནགས་རའི་ལྗང་མདོག་ས་ཁྲ་དང་།  ཡུན་ནན་གྱི་གླང་ཆེན་བྱང་ནས་ལྷོ་རུ་ཕྱིར་ལོག་པ་ཡིན་ནའང་འདྲ། ཡང་ན་གཙོད་ཕྲུག་སྐྱེས་ནས་གནས་སྤོ་བ་སོགས་གང་ཞིག་ཡིན་རུང་ཚང་མས་མི་ཡིས་སྐྱེ་ཁམས་ལ་གཏོར་བརླག་མ་བཏང་ན། སྐྱེ་ཁམས་ཀྱིས་མི་ལ་ཕན་བདེ་བསྐྲུན་ངེས”ཅེས་གསུངས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།