བཅའ་ཁྲིམས་ཀྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་དགོས།
2022.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

 ཉེ་ལམ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་འཆར་ཟིན་དེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དྲུག་པར་གྲོས་ཞིབ་བྱེད་པར་ཐོག་མར་ཕུལ་བ་རེད། དེ་ནི་རང་རྒྱལ་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱ་ཆེད་སྤེལ་བའི་ཆེད་དོན་ཁྲིམས་འཛུགས་ཤིག་རེད།

འཆར་ཟིན་ནང་ངོ་སྤྲོད་བྱས་པ་ལྟར་ན།  རང་རྒྱལ་མདོ་དབུས་མཐོ་སྒང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་འབུམ་ལྔ་ཁྲི་བརྒྱད་ཙམ་ཟིན་པ་དེ་བོད་ལྗོངས་དང་། མཚོ་སྔོན། ཞིན་ཅང་། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས6གི་འབྲེལ་ཡོད་རྫོང་དང་། གྲོང་ཁྱེར། ཆུས་བཅས་དང་འབྲེལ་བ་ཡོད་པ་རེད།   མདོ་དབུས་མཐོ་སྒང་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་འགག་རྩའི་ཁུལ་དང་ཚོར་སྐྱེན་ཁུལ་ཡིན་ལ། འཛམ་གླིང་ཐོག་རི་ཀླུང་དང་འཁྱགས་རོམ་མང་བའི་ས་ཁུལ་དང་ཨེ་ཤ་ཡའི་གཙང་པོ་དང་ཆུ་བོ་གལ་ཆེན་མང་པོ་ཞིག་གི་ཆུ་འགོ་ཡིན་པ་རེད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་ནུས་པའི་གནས་ཚུལ་དེས་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་། སྐྱེ་དངོས་སྣ་མང་ཅན། ཆུའི་ཐོན་ཁུངས་མཁོ་འདོན། གནམ་གཤིས་མ་ལག་བརྟན་འཇགས་དང་ཐཱན་གྱི་གཏོང་ཡོང་དོ་སྙོམས་བཅས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ནས། རང་རྒྱལ་དང་ཐ་ན་འཛམ་གླིང་གི་སྐྱེ་ཁམས་བདེ་འཇགས་ཁྲོད་ཐུན་མོང་མ་ཡིན་ལ་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད།

འོན་ཀྱང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་གནད་དོན་དང་འགྲན་སློང་མང་པོ་འཕྲད་ཡོད། རྩྭ་ས་ཞན་འགྱུར་སྔར་བཞིན་ཚབས་ཆེ་བ་དང་འཁྱགས་རོམ་ཞན་འགྱུར་གྱི་ཉེན་ཁ་ཚབས་ཆེན་དུ་འགྲོ་བ། ས་ཆུ་ཤོར་བ་དང་ས་ཞིང་ཐང་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་གནོད་འཚེ་ཅུང་ཆེ་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལ་གནོད་འཚེ་འཕྲད་པ། གནམ་གཤིས་ལ་འགྱུར་ལྡོག་ཆེ་བ། གནམ་གཤིས་ཀྱི་ཉེན་ཁ་དང་དེ་ལས་ཐོན་པའི་ཞོར་ཐོན་གནོད་འཚེའི་ཉེན་ཁ་ཆེ་རུ་སོང་ཡོད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་དང་སྐྱེ་ཁམས་ཀྱི་ཉེན་ཁར་ཁ་གཏད་གཅོག་ཆེད། རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་བརྟེན་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སྐྱེ་ཁམས་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ས་མཚམས་ཁྲིམས་ལྟར་སྲུང་དགོས།

འཆར་ཟིན་གྱི་ནང་ངོ་སྤྲོད་བྱས་བ་ལྟར་ན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ཀྱི་ལས་དོན་དེར་ཚད་མཐོའི་མཐོང་ཆེན་བྱས་ནས། 2021ལོར་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་རྟོག་ཞིབ་དང་ཁྲིམས་འཛུགས་ཀྱི་རིགས་པས་ཁུངས་སྐྱེལ་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། སྡོམ་པས་རྟོག་ཞིབ་དང་དཔྱད་དཔོག་སྙན་ཞུ་ཁག8བཏོན་ཡོད་པ་རེད། བཅའ་ཁྲིམས་འཆར་ཟིན་འགོད་པའི་རིང་། ཁྲིམས་འཛུགས་ཀྱི་ངེས་གནས་གནད་འཁེལ་དང་ཁོང་དུ་ཆུད་པ་དང་གཙོ་གནད་ནང་དོན་འབུར་དུ་ཐོན་པར་བྱས་ཤིང་། མདོ་དབུས་མཐོ་སྒང་གི་མངོན་གསལ་དོད་པའི་གནད་དོན་ལ་གཞིགས་ནས་དམིགས་བསལ་རང་བཞིན་གྱི་བྱེད་ཐབས་བཏོན་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལམ་ལུགས་མ་ལག་གོ་རིམ་ལྡན་པའི་ངང་བཙུགས་ཡོད། དེ་དང་ཆབས་ཅིག་འཆར་ཟིན་ནང་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་སྦྲེལ་མཐུད་ཡག་པོ་བྱེད་པར་མཐོང་ཆེན་བྱས་ཡོད།

འཆར་ཟིན་དེར་དོན་ཚན་བདུན་དང་ནང་གསེས་ཁག་དྲུག་བཅུ་རེ་བཞི་ཡོད་ཅིང་། དེའི་ནང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཞི་རྩའི་རྩ་དོན་དང་། དོ་དམ་རྐྱེན་སྲོལ་འཐུས་ཚང་། སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོར་ཤུགས་སྣོན། སྐྱེ་ཁམས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན། འགན་ལེན་དང་ལྟ་སྐུལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ནང་དོན་འདུས་ཡོད།

འཆར་ཟིན་ནང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཞི་རྩའི་རྩ་དོན་གཏན་འཁེལ་བྱས་པ་དང་གཙོ་གནད་ལ་དམ་པོར་དམིགས་ནས། སྐྱེ་ཁམས་སྲུང་སྐྱོབ་དེ་ས་ཁོངས་འཕེལ་རྒྱས་ཀྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དང་གཅུན་སྡོམ་ནན་མོར་བརྩིས་ཡོད། འཆར་ཟིན་ནང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཐད་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་བྱུང་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་སྲུང་བ། རང་བྱུང་ཁམས་སླར་གསོ་རྒྱུན་འཁྱོངས་གཙོ་བོར་འཛིན་པ་དང་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་འཁྱགས་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོབ་དང་སླར་གསོ་བྱེད་པ།  སྐྱེ་ཁམས་སྔོན་འཇོག་དང་། ལྗང་མདོག་འཕེལ་རྒྱས། སྤྱི་འདོམས་མཐུན་སྦྱོར། རིགས་དབྱེ་ཇུས་བསྟར། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན། མ་ལག་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱེད་དགོས་པ་གསལ་བོར་བཏོན་ཡོད།

མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་བཀོད་པ་འཛུགས་སྐྲུན་ལ་དམིགས་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་བཏང་ཞིང་། འཆར་ཟིན་ནང་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་ས་ཁོངས་བར་སྟོང་བེད་སྤྱོད་དོ་དམ་དང་། སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་གྱི་ཇུས་གཞི་དང་སྐྱེ་ཁམས་ཁོར་ཡུག་ཆོག་འཐུས་གསལ་ཐོ། རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན། ཐོན་ཁུངས་གསར་སྤེལ་ཆོག་འཐུས་སོགས་ལམ་ལུགས་དང་བྱེད་ཐབས་གཏན་འཁེལ་བྱས་ཡོད་པ་རེད།

མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་སླར་གསོ་ནུས་ལྡན་ཡོང་བར་དམིགས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྤུས་ཚད་དང་བརྟན་བརླིང་རང་བཞིན་ཇེ་མཐོར་གཏོང་བ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་མཁོ་སྤྲོད་ནུས་པ་དང་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ། འཆར་ཟིན་ནང་གཙང་པོ་དང་། མཚེའུ། རྩྭ་ཐང་། ནགས་ཚལ། བརླན་ས་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་བྱེད་པའི་ཐད་གཏན་འབེབས་བྱས་ཡོད་པ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་ལྟེ་བའི་ས་ཁོངས་གཙོ་གནད་དུ་བཞག་ནས་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་མདོ་དབུས་མཐོ་སྒང་གི་རྩ་ཆེ་བ་དང་། སྟོངས་ལ་ཉེ་བ། ས་ཁོངས་སུ་དམིགས་སུ་ཡོད་པ་བཅས་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། རྨོ་ཞིང་སྲུང་སྐྱོབ་དང་། ཐང་རྒོད་ཅན་དང་ས་ཆུ་ཤོར་བ་འགོག་བཅོས། ལྗང་མདོག་གཏེར་ཁུལ་འཛུགས་སྐྲུན་སོགས་ཀྱི་ལམ་ལུགས་དང་བྱེད་ཐབས་གཏན་འཁེལ་བྱས་ཡོད་པ་རེད།

གནམ་གཤིས་ཀྱི་འགྱུར་ལྡོག་དང་མིའི་རིགས་ཀྱི་འགུལ་སྐྱོད་ལས་བྱུང་བའི་སྐྱེ་ཁམས་ཀྱི་ཉེན་ཁར་དམིགས་ནས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་པ་དང་། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་མ་ལག་བསྐྲུན་པ། འཆར་ཟིན་ནང་གནམ་གཤིས་ཀྱི་འགྱུར་ལྡོག་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་གཏོང་བ་དང་། རང་བྱུང་གནོད་འཚེར་བརྟག་དཔྱད་གདེང་འཇོག་དང་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ། འཁྱགས་རོམ་དང་གངས་རི་གལ་ཆེན་བཀག་སྡོམ་དང་འཁྱགས་ས་སྲུང་སྐྱོབ་བྱེད་པ།  བཟོ་སྐྲུན་གལ་ཆེན་གྱི་སྐྱེ་ཁམས་ཤུགས་རྐྱེན་ལྟ་ཞིབ་ཚད་ལེནབྱེད་པ།  སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་བྱེད་པ།  ཕྱི་ཕྱོགས་སྐྱེ་དངོས་རིགས་ཀྱིས་གནོད་པ་སྐྱེལ་བར་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལམ་ལུགས་དང་བྱེད་ཐབས་གཏན་འཁེལ་བྱས་ཡོད་པ་རེད།

མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྲིད་ཇུས་རྒྱབ་སྐྱོར་དང་འགན་ལེན་ལ་ཤུགས་སྣོན་བྱ་ཆེད། འཆར་ཟིན་ནང་ད་དུང་ནོར་སྲིད་དང་། ཁྲལ་བསྡུ། དངུལ་རྩ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་སོགས་རྒྱབ་སྐྱོར་སྲིད་ཇུས་ཁ་གསལ་བཟོས་ནས། སྤྱི་ཚོགས་ཀྱི་མ་རྩ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་དོན་ཐད་འཇོག་རྒྱུར་སྐུལ་ལྕག་བྱས་པ་དང་། བྱས་འབྲས་གདེང་འཇོག་དཔྱད་ཞིབ་དང་། ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར། ཁྲིམས་འཛིན་འགན་ལེན།  དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་སོགས་ཀྱི་ལམ་ལུགས་དང་བྱེད་ཐབས་གཏན་འཁེལ་བྱས་ཡོད་པ་རེད།

འཆར་ཟིན་ནང་གསལ་བཤད་བྱས་བ་ལྟར་ན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་མ་ལག་གི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བྱེད་པ་དེས་གཏན་འཁེལ་བྱས་བའི་ས་ཁམས་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་དམིགས་བསལ་གྱི་ལམ་ལུགས་དང་བྱེད་ཐབས་ལག་བསྟར་བྱེད་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་སླར་གསོར་སྤྱི་འདོམས་སྐུལ་འདེད་གཏོང་བ། ལམ་ལུགས་ཇུས་འགོད་ཀྱི་མ་ལག་རང་བཞིན་དང་མཐུན་སྦྱོར་རང་བཞིན་ལ་ཤུགས་སྣོན་བྱེད་པར་ཕན་པ། ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་། སྐུལ་འདེད། འགན་ལེན་བཅས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་ཡག་པོ་བྱེད་པ། མདོ་དབུས་མཐོ་སྒང་གི་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་། གནོད་འཚེའི་ཉེན་ཁ་འགོག་ཟོན། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་ཐད་གནས་པའི་གནད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ལ་སྤྱི་འདོམས་བཅས་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།