སྐྱེ་ཁམས་སྐར་ཁུང་ལས་མཚོ་སྔོན་གྱི་མཛེས་སྡུག་མཐོང་།
2022.10.10 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 33

 2016ལོའི་ཟླ8པའི་ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་ནས། མང་འདུས་སྨྱན་བྱད་འགྲེམས་སྟོན་དང་ཟུང་འབྲེལ་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་དང་།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བའི་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་པ་དང་། རྒྱང་བསྟེན་བརྙན་ལམ་བརྒྱུད་ནས་རྨ་ཆུའི་འགོ་ཁུངས་ཀྱི་མཚོ་སྔོ་རེངས་དང་མཚོ་སྐྱ་རེངས། རྣམ་སྲས་རྫ་ཆུའི་གྲོག་རོང་། ཁུ་ནུ་རི་བོའི་གཡུ་འབྲུག་ལྷ་རྩེ། མཚོ་བོད་ལྕགས་ལམ་གྱི་སྨིག་པ་ལ་སྒང་བྱང་ངོས་ཟམ་ཆེན་སོགས་ཀྱི་དུས་ཐོག་གི་ལྟ་ཞིབ་ཚད་ལེན་གནས་ཚུལ་ལ་གསན་པར་མ་ཟད། གཞི་རིམ་ལས་བྱེད་པ་དང་སྐྱེ་ཁམས་ལྟ་སྲུང་པ་དང་བརྙན་ལམ་བརྒྱུད་ནས་གསུང་གླེང་མཛད།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་འགན་འཁྲི་ཡང་སྐྱེ་ཁམས་ཡིན་པ།  ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པ་རེད།

གནས་འདི་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས། ས་གནས་དེའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཚང་མས་མཚེའུ་དང་རྩྭ་ཐང་། ཆུ་བོ། རི་སྐྱེས་སྲོག་ཆགས་སོགས་སྐྱེ་ཁམས་ཐོན་ཁུངས་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་དོ་དམ་བཟང་པོ་བྱས་ན། ཐོན་སྐྱེད་དང་འཚོ་བ་ཇེ་ལེགས་སུ་འགྲོ་བར་རེ་བ་ཡོད་ཅེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཐོག་མར་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་དང་འགུལ་རྣམ་ཁོང་དུ་ཆུད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་རྒྱ་ལེགས་པར་བསྐྲུན་པ་དང་བེད་སྤྱོད་བཟང་པོ་བྱེད་པའི་རྨང་གཞིའི་ལས་དོན་ལེགས་པར་བསྒྲུབ་དགོས་ཞེས་གསུངས་བ་རེད།

མངགས་བཅོལ་ཟབ་མོ་དེ་མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་སྟོབས་ཤུགས་ཤིག་ཏུ་བསྒྱུར། བརྗེད་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཞིག་གནས་འདི་ནས་བྱུང་ཞིང་།  ལོ་དྲུག་རྗེས་ཀྱི་ད་ལྟ་མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་བརྒྱུད་ནས་ང་ཚོས་རྒྱུགས་ལེན་ཇི་འདྲ་ཞིག་མཐོང་ཐུབ་བམ།

བཀོད་སྒྲིག་སྔར་ལས་ཚན་རིག་དང་མཐུན་པ།

ལྟ་ཞིབ་ཚད་ལེན་ས་ཚིགས་ཇེ་མང་དུ་སོང་བ་ལས་གལ་ཆེའི་འཁྱག་རོམ་དང་གངས་རི། རྩྭ་ཐང་དང་བརླན་ས། ཆུ་བོ་དང་མཚེའུ། རྩ་ཆེའི་རི་སྐྱེས་སྲོག་ཆགས་སོགས་ལ་དུས་ལྟར་ལྟ་སྐུལ་ཚོད་འཛིན་བྱེད་ཐུབ་པ་བྱུང་།

གསར་འགོད་པས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ཆ་འཕྲིན་ལྟེ་གནས་ཀྱི་ལས་བྱེད་མི་སྣ་ཁྲིན་ལེང་པའོ་ཡིས་མཚོ་སྔོན་ཀྱི་སྐྱེ་ཁམས་སྐར་ཁུང་མདུན་དུ་ལས་ལ་བྲེལ་བཞིན་པ་མཐོང་།  སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་ཞིབ་གནང་སྐབས། ཁོས་ཡུལ་དངོས་ཀྱི་ལག་རྩལ་འགན་ལེན་པ་ཞིག་ཡིན་པའི་ངོས་ནས། ལས་གྲོགས་དང་མཉམ་དུ་འཕྲིན་གཏོང་བརྙན་ལམ་བཀོལ་སྤྱོད་དང་ཡུལ་དངོས་སྦྲེལ་མཐུད་བྱེད་སྒོའི་སྒྲིག་ཆས་སྣ་ཚོགས་སྤྱད་ནས་ལས་འགན་ཁག་བདེ་བླག་ངང་ཡོངས་འགྲུབ་བྱས་བ་རེད།

སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རྨང་གཞི་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཁྲིན་ལེང་པའོ་ཡིས་ལོ་འདི་དག་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་དུས་སྐབས་ཤིག་ཡིན་པར་སྙམ།

2016ལོ་ནས་བཟུང་། གཙོ་གནད་སྐྱེ་ཁམས་སྲུང་སྐྱོབ་ས་ཁོངས་ཀྱི་རང་བྱུང་མཛེས་ལྗོངས་ཁྱབ་ཚུལ་དང་རི་སྐྱེས་སྲོག་ཆགས་དཔེ་མཚོན་བྱེད་སྒོའི་ས་ཁོངས་ཁྱབ་ཚུལ་གྱི་ཁྱད་ཆོས་ལ་དམིགས་ནས། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་འཛུགས་སྐྲུན་ལས་དོན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་རྒྱང་བསྟེན་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་ལག་བསྟར་བྱེད་མགོ་བརྩམས་ཤིང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་ཆེན་པོ་ལྔ་རུ་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས། རིང་ཚད་ལ་སྨི5ནས15བར་གྱི་འོད་རིམ་བརྙན་ལམ་ལྟ་ཞིབ་ཚད་ལེན་དང་། གྲངས་འཛིན་ཅན་གྱི་དྲ་རྒྱ་བརྒྱུད་གཏོང་། གཅིག་གྱུར་ལས་སྟེགས་དོ་དམ་ཚོད་འཛིན་བཅས་ཀྱི་བྱེད་ཐབས་སྤྱད་ནས། དྲ་རྒྱའི་རྒྱང་བསྟེན་བརྙན་ལམ་ལྟ་ཞིབ་ཚད་ལེན་དོ་དམ་མ་ལག་བཙུགས་པ་དང་། ཐག་ཉེ་སའི་དཔེ་མཚོན་ཁུལ་གྱི་སྐྱེ་ཁམས་རྣམ་པ་དང་། རང་བྱུང་མཛེས་ལྗོངས། རི་སྐྱེས་སྲོག་ཆགས་དང་དེ་བཞིན་སྐྱེ་ཁམས་སྣ་མང་རང་བཞིན་བཅས་ལ་ལྟ་ཞིབ་ཚད་ལེན་བྱས་ནས།   དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་བྱེད་ཐུབ་པ་བྱུང་ཡོད།

ད་ལྟ་ལྟ་ཞིབ་ཚད་ལེན་ས་ཚིགས6ནས46བར་ཇེ་མང་དུ་བཏང་ཡོད་ལ། དེ་ཡིས་དུས་དང་རྣམ་པ་ཀུན་ཏུ་དཔེ་མཚོན་ཁུལ་གྱི་སྐྱེ་ཁམས་རྣམ་པ་དང་རང་བྱུང་མཛེས་ལྗོངས། རི་སྐྱེས་སྲོག་ཆགས་བཅས་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་སྔར་ལས་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་བཏང་ཡོད་ཅེས་ཁྲིན་ལེང་པའོ་ཡིས་དེ་ལྟར་བཤད།

2019ལོར་མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་འཛུགས་སྐྲུན་རྒྱ་བསྐྱེད་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་གཞི་གྲངས་ཆེན་མོའི་ལས་སྟེགས་ཐོག་མ་བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ངོས་ཀྱི་ཆུ་དང་། ས་འོག་གི་ཆུ། འཐུང་ཆུ། མཁའ་རླུང་བཅས་དང་དེ་བཞིན་སྒྲ་ལྡན་ཁོར་ཡུག་སྤུས་ཚད་ཀྱི་རང་འགུལ་ལྟ་ཞིབ་ཚད་ལེན་དང་ལག་ཤེས་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་གཅིག་གྱུར་དོ་དམ་ཐོག་མ་མངོན་འགྱུར་བྱུང་ཡོད།

གཞི་གྲངས་ཆེན་མོར་དབྱེ་ཞིབ་བྱས་པ་བརྒྱུད། ཁོར་ཡུག་གི་སྤུས་ཚད་ཇེ་ཞན་དུ་སོང་བའམ་ཡང་ན་ཚད་གཞི་ལས་བརྒལ་བའི་སྣང་ཚུལ་ཡོད་ཚེ་དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་། ཁོར་ཡུག་དོ་དམ་གྱི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་ལ་དུས་ཐོག་ཏུ་རྗེས་འདེད་བྱས་ནས། ཁོར་ཡུག་དོ་དམ་ལས་དོན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ལིས་ཧྥེ་ཡིས་དེ་ལྟར་བཤད།

བརྙན་ལམ་གཞི་གྲངས་རིག་ནུས་ཅན་དང་གྲངས་འཛིན་ཅན་གྱི་འཚོལ་ཞིབ་བྱས་པ་བརྒྱུད། དངོས་རིགས་བརྟག་དཔྱད་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་བརྙན་ལམ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་ཐབས་མཁོ་འདོན་བྱས་ཡོད།

བརྙན་མིག་ལས་རི་དྭགས་གཙོད་གནས་སྤོ་བྱེད་པའི་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་ལ་ཤུགས་སྣོན་བྱ་ཆེད།  མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་གི་རྒྱང་བསྟེན་མ་ལག་གིས་མཚོ་བོད་ལྕགས་ལམ་གྱི་སྨིག་པ་ལ་སྒང་བྱང་ངོས་ཟམ་ཆེན་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་ཤིག་ཏུ་ལྟ་ཞིབ་ཚད་ལེན་བྱས་ཡོད་པ་རེད།

ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་ཁོར་ཡུག་ཉམས་ཞན་དུ་འགྲོ་བ་ཚབས་ཆེ་ལ། སྲུང་སྐྱོབ་ས་ཚིགས་ཀྱི་དེ་སྔའི་སྒྲིག་ཆས་རྗེས་ལུས་ཡིན་པས། སྐོར་སྲུང་རུ་ཁག་གི་ལས་ཀར་དཀའ་ཁག་ལྡན་ལ་ཉེན་ཁ་ཡང་ཅུང་ཆེ་བ་རེད།  ད་ལྟ་རྒྱང་རིང་ལྟ་ཞིབ་ལས་གཞན།   སྲུང་སྐྱོབ་ཁུལ་ཀྱི་རི་སྐྱེས་སྲོག་ཆགས་ལ་རིག་ནུས་ལྟ་ཞིབ་དང་དབྱེ་ཞིབ། རྗེས་སྙེག སྔོན་བརྡ་བཅས་ཀྱི་བྱེད་ནུས་མངོན་འགྱུར་བྱས་ཡོད།

སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ནི་ཞབས་ཞུ་དོ་དམ་གྱི་ཆེད་དུ་བྱུང་བ་དང་། ལག་རྩལ་གོང་འཕེལ་དང་བསྟུན་ནས་སྟོབས་ཆེར་གྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཐོག་མར་གནས་ཚུལ་དངོས་གསལ་པོར་རྟོགས་པ་དང་འགྱུར་ལྡོག་ཁོང་དུ་ཆུད་དགོས་པས། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་དྲ་བ་འཛུགས་པ་དང་ལེགས་པར་སྤྱོད་པའི་གཞི་རྩའི་བྱ་བ་ཡག་པོར་སྒྲུབ་དགོས་ཞེས་གསུངས་བ་ལྟར།  བརྙན་ལམ་གཞི་གྲངས་རིག་ནུས་ཅན་དང་གྲངས་འཛིན་ཅན་འཚོལ་ཞིབ་བྱས་པ་བརྒྱུད། གཙོད་སོགས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་གྲངས་ཀ་དང་འགུལ་སྐྱོད་ཁྱབ་ཁོངས་ལ་དུས་ལྟར་གྲངས་ཀ་སྤྱི་སྡོམ་དང་རྗེས་སྙེག་ལྟ་ཞིབ་བྱེད་ཐུབ་ཅེས་ཁྲིན་ལེང་པའོ་ཡིས་དེ་ལྟར་བཤད།

སྡོམ་རྩིས་བྱས་པ་ལྟར་ན། 2018ལོ་ནས་བཟུང་། ཡུས་ཧྲུའུ་གྲོང་ཁྱེར་ས་ཁོངས་ཀྱི་འབྲི་ཆུ་དང་དཔལ་ཐང་ཆུ། བྱ་ཆུ་བཅས་ཀྱི་འབབ་རྒྱུད་དུ་ལྟ་ཞིབ་ཐོ་འགོད་བྱ་བ་སྤེལ་ཏེ། སྲམ་གྱི་འགུལ་སྐྱོད་བརྙན་པར500ལྷག་བླངས་ཡོད།

2019ལོ་ནས་བཟུང་།  མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་གིས་མིས་བཟོས་རིག་ནུས་བརྙན་ལམ་དབྱེ་ཞིབ་རྩིས་ཐབས་སྤྱད་དེ་ལོ་རྒྱུས་གཞི་གྲངས་ལ་དབྱེ་ཞིབ་བྱས་ཤིང་། གཙོད་ཁྱུ་གནས་སྤོར་གྲངས་ཀ་གསལ་འབྱེད་ཡང་དག་བྱས་ཡོད།

སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གདུང་འདེགས་ཀ་བ་དང་ཚེ་སྲོག་གི་རྒྱུད་སྐུད་ཡིན། ད་ལྟ་བརྙན་ལམ་གཞི་གྲངས་རིག་ནུས་ཅན་དང་གྲངས་འཛིན་ཅན་འཚོལ་ཞིབ་བྱས་པ་བརྒྱུད། རི་དྭགས་གཙོད་དང་། དགོ་དམར། ཆུ་སྲམ་སོགས་ཀྱི་འཚོ་བའི་གནས་ཚུལ་དང་སྐྱེ་ཁམས་གོམས་གཤིས་ཀྱི་འགྱུར་ལྡོག་གནས་ཚུལ་ལ་ཐོག་མར་རྒྱུས་ལོན་ཐུབ་པ་བྱུང་ཡོད།

བརྙན་ལམ་དང་ཡུལ་དངོས་འགྲེལ་བཤད། དྲ་ལམ་ཐད་གཏོང་སོགས་ཀྱི་རྣམ་པ་ནི། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་འགྲེམ་སྟོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་གྱུར་ཡོད།

ཡུས་ཧྲུའུ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཡུས་ཧྲུའུ་སྐྱེ་ཁམས་ཁྲིམས་འཛིན་ལག་ལེན་འགྲེམ་སྟོན་ལྟེ་གནས་སུ་བསྐྱོད་པ་ན།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཁྲིམས་ཀྱིས་བདེ་ཞེས་པའི་འགྲེམ་ཁུལ་ལ་ངོ་མཚར་སྟོང་གིས་ཕྱུག་ཡོད། གནས་འདིར་བེད་སྤྱོད་བྱས་པའི་རྒྱང་ཐག་རིང་ཞིང་གསལ་ཚད་མཐོ་བའི་བརྙན་ལམ་ལག་རྩལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འཐུས་ཚང་རང་བཞིན་གྱི་མཛེས་ལྗོངས་དང་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ལ་དུས་ལྟར་ལྟ་ཞིབ་བྱས་ཏེ།  ཡུལ་སྐོར་པ་རྣམས་ལ་སྐྱེ་ཁམས་ཀྱི་སྐར་ཁུང་ཞིག་ཕྱེས་ཡོད།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་ང་ཚོར་ལག་རྩལ་གྱིས་རྒྱབ་སྐྱོར་བྱས་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྣ་མང་མཉམ་བཅོས་ཕྱོགས་ནས་ང་ཚོ་དང་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཕྱོགས་གཅིག་ནས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་མི་དམངས་ཁྲིམས་ཁང་གི་སྐྱེ་ཁམས་ཁྲིམས་འཛིན་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་།  དེ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་གཞུང་དང་ཁྲིམས་འཛིན་མཉམ་འགུལ་གྱི་རྐྱེན་སྲོལ་གསར་སྐྲུན་རང་བཞིན་གྱི་ལག་ལེན་ཐེངས་ཤིག་ཡིན་པས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མཐུན་སྦྱོར་དང་འཛུགས་སྐྲུན་བྱེད་པར་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐོན་ཡོད་ཅེས་ཡུས་ཧྲུའུ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཁྲིམས་འཛིན་དཔོན་གཞོན་པ་ལིས་ཁྲིན་གྱིས་དེ་ལྟར་བཤད།

མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་ལྟ་ཞིབ་གཞི་གྲངས་དེ་སྐྱེ་ཁམས་ཁོར་ཡུག་པུའུ་དང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་སོགས་དང་དུས་ལྟར་མཉམ་སྤྱོད་བྱས་པར་མ་ཟད། རྒྱལ་ནང་གི་ཚོགས་འདུ་གལ་ཆེན་ཐོག་ཡང་དུས་ལྟར་འགྲེམ་སྟོན་བྱས་བ་རེད། གཞན་ཡང་། 2016ལོ་ནས་བཟུང་། མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་གི་རིམ་པ་སོ་སོའི་བརྟག་དཔྱད་དང་སློབ་སྦྱོང་ལྟ་སྐོར་ཁྱོན་སྡོམ་ཐེངས330ལྷག་དང་།  མི་ཐེངས3500ལྷག་ལ་ཞབས་ཞུ་འགན་སྲུང་བྱས་ཏེ།   མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་གི་སྐྱེ་ཁམས་ཁོར་ཡུག་སློབ་གསོ་ཚན་རིག་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་བ་རེད།

སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་ཞིབ་གནང་སྐབས་ཀྱི་རྣམ་པ་ད་ལྟ་ད་དུང་མིག་ལམ་དུ་གསལ་ལེར་འཆར་ཞིང་། ཐུགས་བརྩེ་ཟབ་མོའི་བཀའ་མངག་ད་དུང་རྣ་ལམ་དུ་ཡལ་མེད་ངང་གནས་ཡོད། འདི་ནི་ལོ་ངོ་དྲུག་གི་རིང་ལ་ང་ཚོས་བྱ་བ་ལེགས་པར་སྒྲུབ་པའི་ཁ་ཕྱོགས་དང་ཁྲིད་སྟོན་དུ་ཡང་གྱུར་ཡོད་ཅེས་ཁྲིན་ལེང་པའོ་ཡིས་དེ་ལྟར་བཤད།  སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་ཡིད་ལ་དམ་པོར་བཅངས་བས།  ད་ལྟའི་དུས་སུ་མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་གི་ལྟ་ཞིབ་གནས་ཀྱི་ཁེབས་རྒྱ་དང་། བྱེད་ནུས་རྒྱ་སྐྱེད། གཞི་གྲངས་བེད་སྤྱོད་བཅས་ཀྱི་ཕྱོགས་ནས་མཐོར་འདེགས་ཆེན་པོ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ལྟ་ཞིབ་དོ་དམ། སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་དཔྱད་དཔོག སྐྱེ་ཁམས་འགྱུར་ལྡོག་འགུལ་རྣམ་ལྟ་ཞིབ་བེད་སྤྱོད་བཅས་ལ་ཞབས་ཞུ་སྒྲུབ་པའི་ཕན་འབྲས་མངོན་གསལ་ཡིན་པ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་འདེགས་སྐྱོར་ནུས་པ་མངོན་གསལ་དུ་གྱུར་ཅིང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་དོ་དམ་མཐོར་འདེགས་ལ་ནུས་ལྡན་གྱི་ལག་རྩལ་བྱེད་ཐབས་འདོན་སྤྲོད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དོ་དམ་ཐབས་ཇུས་ཀྱི་ཚན་རྩལ་འདེགས་སྐྱོར་ཆུ་ཚད་ཇེ་མཐོར་སོང་ཡོད།

མ་འོངས་པར་ཁ་ཕྱོགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཧྲག་དམག་འདིས་མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང་ལྟ་ཞིབ་གནས་ཀྱི་བརྟན་ལྷིང་འཁོར་སྐྱོད་འགན་སྲུང་གི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་འཛུགས་སྐྲུན་བྱེད་པ་དང་། བརྙན་ལམ་རིག་ནུས་སྐོར་ཞིབ་དང་དབྱེ་ཞིབ་བྱ་བ་སྤེལ་ནས། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ཁུལ་ལྟ་ཞིབ་དོ་དམ་ཁྲིམས་བསྟར་དང་དངོས་རིགས་སྣ་མང་ལྟ་ཞིབ་བྱ་བར་རམ་འདེགས་དང་རྒྱབ་སྐྱོར་བྱེད་པ། བརྙན་ལམ་དང་འགུལ་ཚོར་གྱི་ལྟ་ཞིབ་སྲོག་ཤིང་ཡིན་པའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ལྟ་ཞིབ་དྲ་བ་འཛུགས་སྐྲུན་བྱེད་པ། མིའི་རིགས་ཀྱི་བྱེད་སྒོ་དང་རི་སྐྱེས་སྲོག་ཆགས་ལྟ་ཞིབ་དོ་དམ་ཕྱོགས་བསྡུས་མངོན་འགྱུར་བྱེད་པ། སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་ལྟ་ཞིབ་སོགས་གཞི་གྲངས་འཚོལ་བསྡུ་དང་དབྱེ་ཞིབ་མངོན་འགྱུར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།