མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྔོ་ལྗང་རི་ཆུར་སྲུང་སྐྱོབ་ལེགས་པོ་བྱས།
2022.11.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

“ད་ལོ་ནས་བཟུང་ང་ཚོས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། གཙང་པོ་དང་མཚེའུ་ཡི་ཆུ་ཁོངས་དང་མཚོ་རྒྱུད་ཀྱི་སྐྱེ་ཁམས་བར་སྟོང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་དོ་དམ་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། དེང་རབས་ཅན་གྱི་དོ་དམ་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་བ། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དང་ནགས་ཚལ། རྩྭ་ཐང་། བརླན་སའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་སོགས་དམངས་ཕན་སྲིད་ཇུས་དོན་འཁྱོལ་ནན་ཏན་བཅས་བྱས་ནས། བྱ་བ་སོ་སོ་ཏན་ཏིག་ནུས་ལྡན་ངང་སྤེལ་བ་མ་ཟད་ཕན་འབྲས་དངོས་ཐོན་ཡོད” ཅེས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ཚེ་རིང་ཉི་མས་གསར་འགོད་པར་དེ་ལྟར་བཤད།

མགོ་ལོག་ཁུལ་ནི་མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་རྨ་ཆུའི་འབྱུང་ཁུངས་ཡིན་ལ།“ཀྲུང་ཧྭའི་ཆུ་མཛོད”ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི། མཐོ་གྲང་སྐྱེ་དངོས་ཀྱི་གཞི་རྒྱུའི་ཐོན་ཁུངས་བང་མཛོད་བཅས་ཡིན་པ་མ་ཟད། རང་རྒྱལ་དང་ཐ་ན་གོ་ལ་ཧྲིལ་པོའི་གནམ་གཤིས་བརྟན་བརླིང་རྒྱུན་འཁྱོངས་བྱེད་པའི“སྐྱེ་ཁམས་འབྱུང་ཁུངས”དང“གནམ་གཤིས་འབྱུང་ཁུངས”ཤིག་རེད།

2022ལོར། མགོ་ལོག་ཁུལ་གྱིས་ཞན་འགྱུར་རྩྭ་ཐང་ཉམས་གསོའི་བཅོས་སྒྲིག་རྣམ་གྲངས་མུའུ་ས་ཡ་གཅིག་དང་འབུམ་ལྔ་ཁྲི་བཞི་སྟོང་བརྒྱད་ལེགས་སྒྲུབ་བྱས་པ་དང་། རང་བྱུང་ནགས་ཚལ་དང་སྤྱི་ཕན་ནགས་ཚལ་གྱི་རྒྱ་ཁྱོན་སོ་སོར་མུའུ་ས་ཡ་དྲུག་དང་འབུམ་དགུ་ཁྲི་དྲུག་སྟོང་གསུམ་དང་ཉིས་བརྒྱ་དང་མུའུ་ས་ཡ་བརྒྱད་དང་འབུམ་གསུམ་ཁྲི་དྲུག་དང་སྟོང་གཉིས་ཉིས་བརྒྱ་ཟིན་ཡོད། “རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་སྲ་བརྟན་དང་མཐོ་རུ་གཏོང་བའི་ལོ་གསུམ་བྱ་སྤྱོད”ཀྱི་འཆར་གཞི་གཞིར་བཟུང་ནས། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ལས་འགན་མུའུ་འབུམ་གཉིས་དང་ཁྲི་བཞི་སྟོང་གཅིག་ལྔ་བརྒྱ་ཡོངས་འགྲུབ་བྱས། ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ་དེ་ཁྱིམ་ཚང་ཁྲི་གཅིག་དང་སྟོང་གཉིས་བདུན་བརྒྱ་དོན་བདུན་དང་འབྲེལ་བ་ཡོད་པ་དང་། སྐྱེ་ཁམས་བདག་སྐྱོང་བ་ཁྲི་གཅིག་དང་བདུན་བརྒྱ་བཅུ་བདུན་བཀོད་སྒྲིག་བྱས་ལ་མི་རེའི་ཆ་སྙོམས་ཀྱི་ལོ་རེའི་གླ་ཕོགས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་ལྷག་ཙམ་ཟིན་ནས། སྐྱེ་ཁམས་སྲུང་སྐྱོབ་དང་འབྲོག་པའི་ཡོང་འབབ་འཕར་སྣོན་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱུང་།

མགོ་ལོག་ཁུལ་པད་མ་རྫོང་ངྷི་མདའ་ཡུལ་ཚོ་ཡོ་རྟགས་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་བསྟན་ཆོས་ཀྱིས་བཤད་རྒྱུར། “ཏང་དང་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ང་ཚོར་གནམ་སྔོན་པོ་དང་སྤྲིན་དཀར་པོ་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག་ལས་ཞུགས་ཀྱི་གོ་སྐབས་བསྩལ་པ་དང་། ལོ་ངོ་འདི་དག་གི་རིང་ལ་ཕ་ཡུལ་གྱི་སྐྱེ་ཁམས་སྔར་ལས་ཇེ་ལེགས་སུ་ཕྱིན་པ་དང་། ང་ཚོའི་འཚོ་བ་སྔར་ལས་ཇེ་ལེགས་སུ་སོང་བ་མཐོང་ཚེ་སེམས་ནས་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། འདི་དག་ཚང་མ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ཡིན་པས། བཀའ་དྲིན་ཆེ”ཟེར།

དེ་དང་ཆབས་ཅིག མགོ་ལོག་ཁུལ་གྱིས་ནགས་རྩྭའི་ལམ་ལུགས་དམ་འཛིན་བྱས་ནས། “གནས་ལྔའི”ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། 2021ལོའི་སྔོན་གྱི་ནགས་ཚལ་ལྟ་ཞིབ་གནད་དོན་ཚང་མ་བཅོས་སྒྲིག་བྱས་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་རྩྭ་ཐང་དང་འབྲེལ་བ་ཡོད་པའི་གནད་དོན་ཞེ་གཉིས་ཡོངས་འགྲུབ་བྱས་པ་དང་། བརླན་སའི་གནད་དོན་བཅུ་གཅིག་བཅོས་སྒྲིག་བྱས་པ། 2022ལོར་གསའ23ལྟ་ཞིབ་ཚད་ལེན་བྱས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་མགྱོགས་མྱུར་སྒོས་སླར་གསོ་བྱུང་བ། རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་པ་བཅས་རེད། “མིག་སྔར། ང་ཚོས་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གཉིས་ས་ཡ་གསུམ་བཏང་ནས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་བཅོས་སྐྱོང་བཟོ་སྐྲུན་ལག་བསྟར་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། རི་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བཟོ་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཨ་མྱེས་རྨ་ཆེན་རི་རྒྱུད་ཀྱི་ཆུ་ཁུངས་གསོ་གསོག་དང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་མགོ་བརྩམས་པས། རྩྭ་ཐང་གི་སྔོ་ཁེབས་ཚད་ཇེ་མཐོར་སོང་ཡོད”ཅེས་ཚེ་རིང་ཉི་མས་གསར་འགོད་པར་དེ་ལྟར་བཤད།

སྔོ་ལྗང་རི་ཆུར་གཏོར་བརླག་མ་བཏང་ན་གསེར་རི་དངུལ་རི་ལོངས་སུ་སྤྱོད་ཐུབ། ད་ལྟ། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་བ་བཅས་ཀྱི“སྐྱེ་ཁམས་ཀྱི་རི་མོ་ཡག་པོ”ཞིག་མགོ་ལོག་ཏུ་མངོན་ཡོད། ལྗང་མདོག་དེ་མགོ་ལོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་འཁོར་ཕྱོགས་གསར་པར་གྱུར་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།