ལོ་ངོ་དྲུག་ཅུའི་རིང་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ནམ་ཟླ་དྲོད་གཤེར་ཅན་དུ་གྱུར་ཚུལ་མངོན་གསལ་རེད།
2022.11.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 15

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ཡིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་གནམ་གཤིས་ཟིན་ཐོ་ཡོད་པའི་ཚུན་གྱི་ལྟ་ཞིབ་ཚད་ལེན་གཞི་གྲངས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ནམ་ཟླ་དྲོད་གཤེར་ཅན་དུ་གྱུར་པ་མངོན་གསལ་ཡིན་པ་དང་སྐྱེ་ཁམས་མ་ལག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད། དེའི་ནང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཡོད་སའི་ཁྱབ་ཁོངས་སུ་ལྷག་ཏུ་འབུར་ཐོན་རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་མདོ་དབུས་མཐོ་སྒང་གི་ལྟེ་གནས་སུ་ཆགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་པས“ཀྲུང་ཧྭའི་ཆུ་མཛོད”ཅེས་འབོད་ཀྱིན་ཡོད། མཚོ་སྔོན་ཞིང་ཆེན་ནམ་ཟླ་ལྟེ་གནས་ཀྱི་ཀྲུའུ་རིན་ལིའུ་ཚེ་ཧུང་གིས་ངོ་སྤྲོད་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ནམ་ཟླ་དྲོད་གཤེར་ཅན་དུ་གྱུར་པའི་ཐོག་མའི་མངོན་ཚུལ་ནི་ནམ་ཟླ་རྒྱུན་མཐུད་ངང་ཇེ་དྲོ་དང་ཆར་ཆུ་ཇེ་མང་དུ་སོང་བ་དེ་ཡིན་ཟེར།

ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། 1961ལོ་ནས2021ལོའི་བར་གྱི་ལོ་ངོ60རིང་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆ་སྙོམས་གནམ་གཤིས་དྲོད་ཚད་མངོན་གསལ་གྱིས་ཇེ་དྲོར་ཕྱིན་ནས། ཆ་སྙོམས་ཀྱིས་ལོ་བཅུའི་ནང་དྲོད་ཚད0.33མཐོ་རུ་ཕྱིན་ཡོད་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྱུང་ཁུལ་སོ་སོའི་ཆ་སྙོམས་གནམ་གཤིས་དྲོད་ཚད་མཐོ་རུ་འགྲོ་ཚད་སྔར་ལས་མཐོ་བ་རེད། རྨ་ཆུའི་འབྱུང་ཡུལ་དང་རྫ་ཆུའི་འབྱུང་ཡུལ་གྱི་ཆ་སྙོམས་གནམ་གཤིས་དྲོད་ཚད་ལོ་བཅུའི་ནང་སོ་སོར0.4དང0.38ཡིན་ལ། འབྲི་ཆུའི་འབྱུང་ཡུལ་དུ་དྲོད་ཚད་ལོ་བཅུའི་ནང0.35རེད།

ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་གནམ་གཤིས་ཇེ་དྲོད་འགྱུར་ཚད་རིམ་བཞིན་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ལ། 1961ལོ་ནས1997ལོའི་བར་གྱི་ལོ་བཅུའི་ནང་ཇེ་དྲོད་འགྲོ་ཚད0.09དང་། 1998ལོ་ནས2021ལོའི་བར་གྱི་ལོ་བཅུའི་ནང་ཇེ་དྲོད་འགྲོ་ཚད0.32རེད། 1998ལོ་སླེབས་པའི་ཚུན་སྔར་ལས་ཇེ་མགྱོགས་སུ་སོང་ནས་ཆ་སྙོམས་ཀྱིས་དྲོད་ཚད1.25མཐོ་རུ་ཕྱིན་ཡོད།

གནམ་གཤིས་ཇེ་དྲོར་འགྲོ་ཚད་དང་བསྡུར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆར་ཆུ་འབབ་ཚད་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད། 1961ལོ་ནས2021ལོའི་བར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆ་སྙོམས་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི457.8ཡིན་པ་དང་། ལོ10ནང་ཆ་སྙོམས་ཀྱིས་ཧའོ་སྨི9.8ཇེ་མང་དུ་སོང་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྱུང་ཁུལ་སོ་སོའི་ལོ་གཅིག་གི་ཆར་ཆུ་འབབ་ཚད་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། འབྲི་ཆུའི་འབྱུང་ཡུལ་དང་རྨ་ཆུའི་འབྱུང་ཡུལ་དུ་སོ་སོར་ཆ་སྙོམས་ཀྱིས་ལོ་བཅུའི་ནང་ཧའོ་སྨི17.5དང་ཧའོ་སྨི15.7ཟིན་ལ། རྫ་ཆུའི་འབྱུང་ཡུལ་གྱི་ཆར་ཆུ་འབབ་ཚད་ཅུང་དམའ་བས་ལོ་བཅུའི་ནང་ཧའོ་སྨི9.5ཟིན་ཡོད།

“ལོ་ངོ་འདི་དག་གི་རིང་ལ་མཚོ་སྐྱ་རེངས་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་པས། ང་ཚོའི་གནས་འདིའི་སྐྱེ་ཁམས་ཁོར་ཡུག་ཀྱང་ཇེ་ལེགས་སུ་འགྲོ་བཞིན་ཡོད”ཅེས་ལོ་ཞེ་བཞི་ལ་སོན་པའི་ཉི་མ་བཀྲ་ཤིས་ཀྱིས་དེ་ལྟར་བཤད། ཁོ་ནི་མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོའི་འབྲོག་མི་ཞིག་ཡིན་པ་དང་། ཁོའི་ཁྱིམ་ཚང་ནི“རྨ་ཆུའི་འབྱུང་ཡུལ”གྱི་མཚོ་སྐྱ་རེངས་བྱང་རྒྱུད་དུ་ཡོད་ལ། དེ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུང་ཡུལ་གྱི་ལྟེ་གནས་སུ་ཆགས་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་གནས་ས་ཤིན་ཏུ་གལ་ཆེན་ཡིན་ལ། དེ་དང་ཆབས་ཅིག་ཛ་དྲག་ལྡན་པའི་རང་བྱུང་ཆ་རྐྱེན་གྱིས་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཆེ་བའང་གཏན་འཁེལ་བྱས་ཡོད། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་ཡི་གནམ་གཤིས་ཆེད་མཁས་མི་སྣས་ནམ་ཟླ་དྲོད་གཤེར་ཅན་དུ་གྱུར་ན་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་དང་སླར་གསོ་ལ་ཕན་ཆེན་པོ་ཐོགས་བཞིན་ཡོད་ཟེར།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟ་བྱེད་ས་མགོ་བརྩམས་པ་ནས་བཟུང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ལས་གཞི་དུས་རིམ་དང་པོ་དང་གཉིས་པ་འཛུགས་སྐྲུན་བྱས་པའི་རྨང་གཞིའི་སྟེང་། སྔ་རྗེས་སུ་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་གཞི་རབ་དང་རིམ་པ་མགོ་བརྩམས་ཡོད།

“‘ཀྲུང་ཧྭའི་ཆུ་མཛོད’སྲུང་མཁན་ཞིག་ཡིན་པའི་ངོས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་དགོས་ལ། ང་ཚོའི་ཁྱིམ་གཞིས་སྲུང་དགོས”ཞེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པ་ཉི་མ་བཀྲ་ཤིས་ཀྱིས་དེ་ལྟར་བཤད། ཁོས་ཉིན་རེར་ཕྱུགས་འཚོ་ཞོར་དུ་མཚོ་དང་རྩྭ་ཐང་གི་ཁོར་ཡུག་སྲུང་བཞིན་ཡོད།

ཐེངས་འདིའི་ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད་རྒྱ་ཇེ་ཆེ་དང་གཙང་པོའི་ཆུ་བཞུར་ཚད་ཇེ་མང་དུ་འགྲོ་བཞིན་ཡོད། གནམ་གཤིས་ཆེད་མཁས་མི་སྣས་དབྱེ་ཞིབ་ལྟར་ན། ནམ་ཟླ་དྲོད་གཤེར་ཅན་དུ་གྱུར་པ་དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་ཕན་པ་ཐོབ་པའི་སྐྱེ་ཁམས་ཁོར་ཡུག་གི་དུས་སྐབས་སྐྲུན་པ་དང་། རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་སོ་སོ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་བརྒྱུད། སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་འགྲོ་རྒྱུ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།