རབ་མཛེས་མཚོ་སྔོན་གྱི་པར་རིས་ཀྱིས་ལྟད་མོ་པའི་ཡིད་སེམས་དབང་མེད་བཀུག
2022.12.04 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་བྱང་ཕྱོགས་མགོ་ཁུངས་ཆུ་དམར་ནས་རླབས་སྔོན་ལང་ལོང་གཡོ་བའི་མཚོ་སྔོན་པོའི་བར་དང་། རྨ་ཆུའི་མགོ་ཁུངས་ཀྱི་རྨ་སྟོད་རྫོང་ནས“རྨ་ཆུ་སྔོན་མོ་ཁྲི་ཀའི་ཡུལ་དུ་དྭངས”པའི་བར་སོགས། “དུས་རབས་གསར་པར་འབད་པས་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་ནས་བཟུང་། ས་གནས་འགྲེམས་ཁུལ་དུ་གནས་པའི་མཚོ་སྔོན་དུ་ཚན་པར་འགྲེམས་སྟོན་གྱི་ཚ་རླབས་ཤིག་འཕྱུར་ཏེ། འགྲེམས་སྟོན་གྱང་ངོས་ཀྱི་མཛེས་ལྗོངས་དག་གིས་མི་རྣམས་ལ་དགའ་སྤྲོ་ཡིད་འོང་གི་ཚོར་བ་སྦྱིན་ལ། བློ་བདེ་བག་ཕེབས་ཀྱི་མཚོ་སྔོན་མཛེས་རིས་ཤིག་བསྐྲུན་ཡོད།

“རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོའི་གོ་གནས་སུ་བརྟན་ལྷང་ངེར་གནས་པ་དང་། གཙོད་ཁྲི་གཉིས་མི་ལོངས་པ་ནས་ཁྲི་བདུན་ལྷག་བར་ཇེ་མང་དུ་ཕྱིན་པ་དང་། དགོ་བ་བརྒྱད་བརྒྱ་བདུན་ཅུ་ལྷག་ནས་སྟོང་གཉིས་དང་བརྒྱད་བརྒྱ་ལྷག་བར་ཇེ་མང་དུ་སོང་ནས་སྐྱེ་ཁམས་ནུས་པ་མུ་མཐུད་སྲ་བརྟན་དུ་ཕྱིན་ཡོད”ཅེས་འགྲེལ་བཤད་པ་ཅིན་ཧྭ་ཡིས་དེ་ལྟར་འགྲེལ་བཤད་བརྒྱབ་པ་དང་། ལྟད་མོ་པ་ཚོས་ལག་འཁྱེར་ཁ་པར་བཟུང་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་པར་རིས་མདུན་དུ་དྲན་རྟེན་འདྲ་པར་ལེན་བཞིན་ཡོད།

“འགྲེམས་པང་ངོས་ཀྱི་པར་རིས་དང་འགྲེམས་སྒམ་ནང་གི་དངོས་པོ་རེ་རེར་ལབ་གླེང་བྱེད་ཐུབ་ཚེ། གཞི་ནས་མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོ་བཤད་ཐུབ།” འདི་ནི་འགྲེལ་བཤད་པ་ཅིན་ཧྭ་ཡི་མྱོང་ཚོར་ཟབ་ཤོས་དེ་རེད།

འགྲེམས་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་བའི་རྣམ་པ་ཧྲིལ་པོ་མཚོན་ཡོད། སྤྱི་ལེ་གྲུ་བཞི་མ་འབུམ་བདུན་དང་ཁྲི་གཉིས་ཟིན་པའི་རབ་མཛེས་མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དང་མཛེས་པའི་རྣམ་པ་དག་ནི་དངོས་རྫས་རེ་རེ་དང་། པར་རིས་རེ་རེ། བརྙན་ཟློས་རེ་རེའི་ནང་དུ་བསྡུས་ཡོད།

ཡུལ་དངོས་སུ་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་ལྗོངས་ཀྱི་པར་རིས་ཁ་ཤས་ཤིག་གིས་ལྟད་མོ་པ་མང་པོའི་ཡིད་དབང་འཕྲོག་ཡོད་དེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཝ་གཞོང་སྐར་མཚོ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་མཚོ་སྔོན་ཁྲི་ཀའི་དུམ་བུ། ཨ་ཆེན་གངས་རྒྱབ་ཀྱི་འབྲོང་ནག་མཚེའུ་སོགས་རེད། ལྟད་མོ་པ་མང་པོ་ཞིག་གིས་འགྲེམས་སྟོན་བརྒྱུད་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་ནས་སྐྱེ་ཁམས་ཀྱི“རྣམ་པ་ཡག་པོ”དེ་འཕེལ་རྒྱས་ཀྱི“སྤུས་ཚད་མཐོན་པོར”འགྱུར་བར་མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཡོད།

པེ་ཅིན་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་ནས་ཡོང་བའི་ལྟད་མོ་པ་ཝང་ཧའེ་ཞའོ་ཡིས་བཤད་རྒྱུར།“ལོ་འདི་དག་གི་ནང་ཕ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་། ཚང་མས་ཁོར་ཡུག་སྤུས་ཚད་མཐོར་འདེགས་ཆེན་པོ་བྱུང་བ་ཚོར་ཡོད་པས། མི་རྣམས་ལ་སྤོབས་པ་ཆེན་པོ་སྐྱེས་ཡོད།”

འགྲེལ་བཤད་པ་ཅིན་ཧྭ་ནི་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་ནས་ཡོང་བ་ཡིན་ལ། ད་ལོའི་ཟླ་བརྒྱད་པར་འདེམས་སྒྲུག་བྱས་པ་བརྒྱུད“དུས་རབས་གསར་པར་འབད་པས་སྐྱོད”ཅེས་པ་བརྗོད་དོན་ཡིན་པའི་གྲུབ་འབྲས་འགྲེམས་སྟོན་གྱི་མཚོ་སྔོན་ཚན་པའི་འགྲེལ་བཤད་པར་གྱུར་ཡོད། ལྟད་མོ་པ་ཚོས་ཅིན་ཧྭའི་འགྲེལ་བཤད་ལ་ཉན་རྗེས། འགྲེམས་སྟོན་གྱང་ངོས་ཀྱི་པར་རིས་རེ་རེའི་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་ལ་སེམས་ཞིབ་མོས་རོལ་མྱོང་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ལས་དོན་སྤེལ་བའི་ཚུན་དུ་མཚོ་སྔོན་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་པར་རོལ་མྱོང་བྱེད་བཞིན་ཡོད།

པེ་ཅིན་དུ་ལས་ཀ་བྱེད་པ་དང་སློབ་སྦྱོང་བྱེད་མཁན་གྱི་མཚོ་སྔོན་པ་མང་པོ་ཞིག་གིས་ཕ་ཡུལ་ལ་བསྔགས་བརྗོད་བྱེད་ཀྱིན་པ་ཐོས་རྗེས། ཅིན་ཧྭའི་སེམས་སུ་གཟི་བརྗིད་དང་སྤོབས་པས་ཁེངས། ཅིན་ཧྭ་ཡིས་གསར་འགོད་པར་བཤད་རྒྱུར། མོས་ལྟད་མོ་པ་ཚོར་ཡང་ནས་ཡང་དུ་མཚོ་སྔོན་གྱི་ལོ་ངོ་བཅུའི་རིང་གི་ཐུན་མོང་མ་ཡིན་པའི་གྲུབ་འབྲས་བརྗོད་སྐབས་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་སྔར་ལས་ཇེ་དྲག་ཏུ་གྱུར་པ་དང་། མོས་ཕ་ཡུལ་ལ་བཅངས་པའི་དགའ་ཞེན་དེ་འགྲེལ་བཤད་ཀྱི་ཁྲོད་དུ་འདྲེས་པར་བྱས་ནས། མི་སྔར་ལས་མང་པོ་ཞིག་གིས་མཚོ་སྔོན་ལ་རྒྱུས་ལོན་པ་དང་། མཚོ་སྔོན་གྱི་ཡིད་དབང་འཕྲོག་པའི་མཛེས་པར་རོལ་མྱོང་བྱེད་དུ་འཇུག་འདོད་ཟེར།

“2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ཐོག་མ་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་མགོ་ཚུགས་པས‘ཁྱིམ་ཚང་རེར་ལས་གནས་རེ་ཡོད་པའི’སྐྱེ་ཁམས་བདག་སྐྱོང་པའི་སྤྱི་ཕན་ལས་གནས་ནང་རྐྱེན་དེ་བཀྲག་མདངས་འཚེར་ས་ཆེ་ཤོས་སུ་གྱུར་ཡོད།” ཅིན་ཧྭ་ཡི་འགྲེལ་བཤད་དང་བསྟུན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་མགོ་ཁུངས་སྐྱེ་ཁམས་བདག་སྐྱོང་རུ་ཁག་གིས་སྐོར་སྲུང་བྱེད་པའི་པར་ཞིག་ལྟད་མོ་པའི་མིག་ལམ་དུ་མངོན།

ཅིན་ཧྭ་ཡིས་མུ་མཐུད་དུ་བཤད་རྒྱུར། “སྒྲིག་སྲོལ་ཚོད་ལྟའི་ཁྱབ་ཁོངས་སུ། སྲོལ་རྒྱུན་ཕྱུགས་ལས་གཉེར་མཁན་གྱི་ས་གནས་དེ་གའི་འབྲོག་པ་རྣམས་སྐྱེ་ཁམས་བདག་སྐྱོང་པར་གྱུར་ཡོད། ཁོ་ཚོས་འུར་ཆ་བསྐྱུར་ནས་གཙང་པོའི་མགོ་ཁུངས་སྲུང་སྐྱོབ་བྱས་སྟབས། རྒྱལ་ཁབ་སྤྱི་གླིང་གི་ལྟ་སྲུང་པ་ངོ་མར་གྱུར་ཡོད། མིག་སྔར་སྐྱེ་ཁམས་བདག་སྐྱོང་པ་འབུམ་གཅིག་དང་ཁྲི་བཞི་ཡིས་རང་གི་དཔྲལ་བའི་མིག་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཀྱིན་ཡོད”ཟེར།

ཅིན་ཧྭ་ཡིས་གསར་འགོད་པར་བཤད་རྒྱུར། མཚོ་སྔོན་ཚན་པའི་འགྲེལ་བཤད་རྒྱག་པའི་ལས་དོན་ལེགས་པོར་སྒྲུབ་ཆེད། པེ་ཅིན་དུ་འབྱོར་རྗེས་དུས་ཡུན་གཟའ་འཁོར་གཅིག་རིང་གི་ཆེད་ལས་གཅིག་སྡུད་གསོ་སྦྱོང་བྱས་པ་དང་། ལུས་ཉམས་དང་སྒྲ་དང་རོལ་དབྱངས་ནས་གུས་ལུགས་གུས་སྲོལ་བར་དང་། ཚད་ལྡན་འགྲེལ་བཤད་ནས་གཅིག་སྡུད་དམག་སྦྱོང་བར་གྱི་བརྒྱུད་རིམ་ཧྲིལ་པོར་བྲེལ་འཚུབ་ཀྱིས་ཁེངས་ཡོད་པ་དང་། གསོ་སྦྱོང་བྱས་པ་བརྒྱུད། ང་ཚོས་འགྲེལ་བཤད་ལ་གོ་བ་ལེན་པའི་ཐད་འགྱུར་ལྡོག་ཆེན་པོ་བྱུང་སོང་ཟེར།

ད་རེས་ཀྱི་འགྲེམས་སྟོན་ཆེ་གྲས་ཀྱི་འགྲེལ་བཤད་བྱ་བའི་ནང་ཞུགས་པའི་མྱོང་ཚོར་གླེང་སྐབས། ཅིན་ཧྭས་སེམས་འགུལ་གྱི་བརྩེ་བ་གནོན་མ་ཐུབ་པར“ངས་ད་ཐེངས་ཀྱི་ཐོབ་དཀའ་བའི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱས་པ་ཡིན། ཡིག་འབྲུ་ཁྲི་གཅིག་ལྷག་ཙམ་གྱི་འགྲེལ་བཤད་དེ་དག་ངས་ཤེས་མེད་ཚོར་མེད་ངང་ནམ་གུང་བར་དུ་བློར་བཟུང་བ་ཡིན། དོན་ཆེན་དེའི་ནང་ཞུགས་མཁན་དང་དེའི་དཔང་པོ་ཞིག་ཡིན་པའི་ངོས་ནས། ལྟད་མོ་པ་ཚོར་མཚོ་སྔོན་གྱི་འཕེལ་རྒྱས་གླེང་བ་དང་ཚང་མ་ཁྲིད་ནས་ལོ་ངོ་བཅུའི་རིང་མཚོ་སྔོན་གྱི་འགྱུར་ལྡོག་ལ་བལྟས་པ་ཡིན། སྐབས་དེ་དུས་སྤོབས་སེམས་དང་གཟི་བརྗིད་ཀྱི་ཚོར་སྣང་འགོག་མེད་དུ་སྐྱེས་བྱུང”ཟེར།

ད་སྐབས་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་མཚོ་སྔོན་མི་དམངས་ཀྱི་བདེ་སྐྱིད་ཚོར་སྣང་ཆེ་ཤོས་ཀྱི་སྤྱི་པའི་ཐོན་རྫས་སུ་གྱུར་ཡོད།

སློབ་ཆེན་སློབ་མ་ལི་ཡའོ་ཡིས་འགྲོ་ཞོར་ལྟ་ཞོར་དང་དྲན་རྟེན་གྱི་འདྲ་པར་རྒྱག་བཞིན་བཤད་རྒྱུར། “མཚོ་སྔོན་གྱི་ཚན་པའི་ནང་དུ། ངས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་དང་མི་དང་རང་བྱུང་ཁམས་བར་གྱི་འཆམ་མཐུན་འབྲེལ་བ་རྒྱུན་ཆད་མེད་པར་ཇེ་ཡག་ཏུ་འགྲོ་བཞིན་པ་ཚོར་ཐུབ། མཚོ་སྔོན་གྱི་ཚན་པ་ལས་ང་ཚོས་མཛེས་སྡུག་ལྡན་པའི་རི་ཆུ་མཐོང་ཐུབ་པར་མ་ཟད། མུ་འབྲེལ་གྱི་བརླན་ས་མཐོང་ཐུབ་ལ། ཡང་གཅིག་བཤད་ན་ང་ཚོར་མྱོང་བ་ཆེས་ཟབ་པའི་འཕེལ་རྒྱས་གྲུབ་འབྲས་རེད་ཅེས་བཤད་ཀྱང་ཆོག”

འགྲེམས་སྟོན་ཡུལ་དངོས་སུ། ད་དུང་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཡིན་པའི་པར་རིས་གྱང་འགྲེམ་སྟོན་བྱས་པར། ལྟད་མོ་པ་མི་ཉུང་བ་ཞིག་གི་མིག་དབང་ཅིག་ཅར་ཕྲོགས། ཅིན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། པར་གྱང་དེ་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་ལྗོངས་གཞི་རིས་སུ་བྱས་ནས། མཚོ་སྔོན་གྱི་མཚོན་བྱེད་རང་བཞིན་ལྡན་པའི་སྲོག་ཆགས་དང་རྩི་ཤིང་གི་པར་རིས་འགྲེམས་སྟོན་བྱས་ཡོད། རྒྱང་ནས་བལྟས་ན། པར་རིས་འདི་དག་གིས་གྲུབ་པ་ནི་མཚོ་སྔོན་མངའ་ཁོངས་ཀྱི་སྤྱི་ཁོག་རེད། དེའི་བར་དཀྱིལ་དུ་གནས་པའི་རི་སྐྱེས་སྲོག་ཆགས་ཀྱི་པར་རིས་ཁག་ཅིག་ཡོད་པ་ནི། མཚོ་སྔོན་གྱི་པར་ལེན་མཁན་གྲགས་ཅན་གྱིས་རྒྱལ་སྤྱིའི་པར་ལེན་འགྲན་བསྡུར་ཐོག་གི་བྱ་དགའ་ཐོབ་པའི་བརྩམས་ཆོས་རེད།

“སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་རྒྱུན་ཆད་མེད་པར་ཤུགས་བསྣན་པ་དང་བསྟུན་ནས། མཚོ་སྔོན་གྱི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན་པ་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སླར་གསོ་ནུས་ལྡན་ཐུབ་ཡོད། ང་ཚོས་ད་ལྟ་མཐོང་བ་ནི་གསའ་དང་། གླ་བ། ཤྭ་སྐྱ་སོགས་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་རེད།”

འདེམས་སྒྲུག་ནང་ཞུགས་པ་ནས་མཚོ་སྔོན་གྱི་ཚན་པའི་འགན་འཁུར་པར་གྱུར་པའི་འགྲེལ་བཤད་པ་ཅིན་ཧྭ་ཡིས་བལྟས་ན། ཐེངས་འདིའི་འགྲེམས་སྟོན་ལས་མོས་ཕ་ཡུལ་གྱི་རྩྭ་རྩི་ཤིང་ཀུན་ལ་ངོས་འཛིན་སྔར་ལས་ཟབ་མོ་བྱུང་བར་མ་ཟད། ལྟད་མོ་པ་སྔར་ལས་མང་པོ་ཞིག་གིས་ཀྱང་མཛེས་པ་འདི་དག་མཐོང་ནས་རབ་མཛེས་མཚོ་སྔོན་དུ་ཡོང་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།