རྩྭ་ཐང་གི་སྐྱེ་ཁམས་རིམ་བཞིན་སླར་གསོ་བྱུང་ནས་རྩ་ཆེའི་སྲོག་ཆགས་མང་པོ་མཐོང་ལམ་དུ་མངོན།
2022.12.13 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 11

 རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་སུ་ཆགས་པ་དང་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ཡིན་ལ།  “ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་སྙན་ཡང་ཡོད།  སྤྱི་གླིང་དུ་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་གང་སར་ཁྱབ་པ་དང་།   རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་ས་མཐོའི་སྐྱེ་དངོས་ཀྱི་གཞི་རྒྱུའི་ཐོན་ཁུངས་མཛོད་ཡིན།

2021ལོར་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚོགས་ཆེན་ཐོག་རང་རྒྱལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། དོམ་ཁྲ།  བྱང་ཤར་སྟག་གཟིག  ཧའེ་ནན་ཚ་ཁུལ་ནགས་ཚལ།    ཝུའུ་དབྱི་ཧྲན་རི་བོ་སོགས་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།    རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོབ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་དགུ་ལྷག་ཟིན་པ་དང་དེ་ནི་རྒྱལ་ཁབ་སྤྱི་གླིང་ཆེ་ཤོས་ཡིན་ལ།     རྒྱལ་ཁབ་སྤྱི་གླིང་བཙུགས་ནས་ལོ་གཅིག་སོང་ཚུན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལ་འགྱུར་ལྡོག་གསར་པ་གང་དག་བྱུང་ཡོད་དམ་ཟེར་ན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་གོ་ལ་ཧྲིལ་པོར་མཐོང་དཀོན་པའི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་གཅིག་སྡུད་ཁུལ་གྱི་གྲས་ཤིག་ཡིན་པ་དང་།  གསའ་དང་།  གཙོད། འབྲོང་།  ཁྲུང་ཁྲུང་སྐེ་ནག་སོགས་མདོ་དབུས་མཐོ་སྒང་གི་ཁྱད་ལྡན་སྲོག་ཆགས་འདི་གར་འཚོ་སྡོད་བྱེད་བཞིན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་རྗེས།    དོ་དམ་སྒྲིག་སྲོལ་རྒྱུན་ཆད་མེད་པར་ལུགས་མཐུན་དང་འཁོར་སྐྱོད་རྐྱེན་སྲོལ་གསར་གཏོད། མི་དང་རང་བྱུང་ཁམས་བར་གྱི་གཅིག་གྱུར་གྱི་འབྲེལ་བ་མཐུན་སྦྱོར་བཅས་བྱས་ཏེ། མིག་ལ་གཅེས་སྤྲས་བྱེད་པ་ལྟར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་ཆུ་ནགས་ཞིང་དང་། མཚོ་དང་མཚེའུ། བྱེ་མ། འཁྱགས་རོམ་བཅས་ལ་སྲུང་སྐྱོབ་བྱས་ཡོད། མིག་སྔར་ཆུ་འགོའི་ཐོན་ཁུངས་ལོ་རེ་བཞིན་ཇེ་མང་དུ་སོང་བ་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་རིམ་བཞིན་སླར་གསོ་བྱུང་ཡོད།

རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བའི་ཚུན་ལ།  མཐོ་སྒང་གི་མཚོན་རྟགས་རང་བཞིན་གྱི་སྲོག་ཆགས་གཙོད་དང་རྐྱང་སོགས་ཀྱི་གྲངས་ཀ་མངོན་གསལ་སྒོས་ཇེ་མང་དུ་ཕྱིན་པ་དང་དེ་སྔ་མཐོང་དཀོན་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གསའ་ཡང་ཀུན་གྱི་མཐོང་ལམ་དུ་ཡང་ཡང་མངོན་པ་རེད།

མིག་སྔར། སྤྱི་གླིང་ནང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་རྩི་ཤིང་རིགས་བཅུ་གཅིག་དང་།    རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རིགས་གྱ་བཞི།  སྐམ་སའི་སྲོག་ཆགས་སྣ་དོན་གཉིས་དང་རིགས་ཉིས་བརྒྱ་དང་བདུན་ཅུ་ ཉ་རིགས་བཞི་བཅུ་བཅས་ཡོད།  དེ་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་གཟིགས་སྐྱོང་སྲུང་སྐྱོབ་ས་ཁོངས་སོ་གཉིས་ཀྱི་གྲས་ཤིག་ཡིན།

“ཁྱིམ་ཚང་རེར་ལས་གནས་རེ”ཡོད་པའི་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས་རྐྱེན་སྲོལ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དང་སྡེ་ཁུལ་གྱི་འབྲེལ་བ་དོ་སྙོམས་ཡོང་བའི་མཚོན་བྱེད་རང་བཞིན་གྱི་བྱེད་ཐབས་ཤིག་རེད།     རྐྱེན་སྲོལ་འདིས་སྤྱི་གླིང་ཁུལ་དུ་འཚོ་བ་རོལ་བའི་འབྲོག་པ་རྣམས་ཁྱིམ་གཞིས་དང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་བསྒྱུར་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྔར་ཡོད་ཀྱི་རྩྭ་ཐང་དང་བརླན་ས།  ནགས་ཁུལ། དོ་དམ་སྲུང་སྐྱོབ་བཅས་ཀྱི་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས་སུ།  ལོ་རེར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་ས་ཡ་གཉིས་བཏང་ནས་སྐྱེ་ཁམས་ལྟ་སྲུང་པ་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་བཀོད་སྒྲིག་བྱས་པས། སྤྱི་གླིང་གི་འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་གནས“ཁྱིམ་ཚང་རེར་ལས་གནས་རེ”ཡོད་པ་ཁྱོན་ཡོངས་ལ་ཁྱབ་ཏུ་བཅུག་ཡོད།

ཉེ་བའི་ལོ་ཤས་རིང་མི་གྲངས་ཇེ་མང་དུ་སོང་བ་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས།  རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་བར་རྩྭ་ཐང་གི་ཐོན་ཁུངས་རྩོད་རེས་ཀྱི་འགལ་བ་མངོན་གསལ་བྱུང་ཡོད།     དེའི་ཐད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཁ་གསབ་ཚོད་ལྟའི་འབྲེལ་ཡོད་ལས་དོན་སྤེལ་བཞིན་ཡོད་པ་དང་།    ཁ་གསབ་ཚད་གཞི་ཆ་ཚང་ཞིག་འཚོལ་ཞིབ་བྱས་ནས་གྲུབ་པ་དང་འབྲེལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།     མིག་སྔར་ཚོད་ལྟའི་ལས་དོན་ལ་གྲུབ་འབྲས་རགས་ཙམ་ཐོབ་ཡོད།

ད་ལྟ།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་ཆོག་མཆན་ཐོབ་པའི《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཇུས་གཞི》གཞིར་བཟུང་སྟེ།《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད(2022ལོ་ནས2030ལོ་བར)》བཟོས་པ་དང་དོ་དམ་སྒྲིག་སྲོལ་དང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། ཁྲིམས་སྲོལ་སྲིད་ཇུས་མ་ལག་དང་ཚད་གཞིའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།