མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་གྲུབ་འབྲས་བཟང་བོ་ཐོབ།
2023.01.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

 ཉེ་བའི་ལོ་འགར། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་།  རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱེད་པ།  སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་གཞི་ཚུགས་ཏེ། ཚད་གཞི་མཐོན་པོས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་།

མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ།   སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ཡིན་པ་རེད།  མཚོ་སྔོན་ལ་བལྟས་ཚེ། མཚོ་སྔོན་པོ་དང་བརླན་སའི་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་དེ་མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་མགྱོགས་མྱུར་ངང་བསྐྲུན་པར་སྐུལ་འདེད་གཏོང་བའི་གནད་འགག་ཏུ་གྱུར་ཡོད།

ད་ལྟ་མཚོ་སྔོན་པོས་རང་བྱུང་སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བསྲུངས་ནས་འཐབ་ཇུས་གལ་ཆེན་ལག་བསྟར་དང་། བཟོ་འགོད་གལ་ཆེན་ལ་སྐུལ་འདེད་བྱེད་པ། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ལམ་ལུགས་གལ་ཆེན་འཐུས་ཚང་དུ་གཏོང་བ་བཅས་གཙོ་གནད་དུ་འཛིན་པ་དང་།  སྤྱི་ཡོངས་སྲུང་སྐྱོབ་དང་མ་ལག་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་བྱེད་ཐབས་འཚོལ་ཞིབ་དང་ལག་བསྟར་བྱས་ཏེ། སྐྱེ་ཁམས་བདེ་འཇགས་དང་། རྒྱལ་ཁབ་ས་ཁོངས་བདེ་འཇགས། ཐོན་ཁུངས་དང་ནུས་ཁུངས་བདེ་འཇགས་བཅས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་ཡོད།

ཉེ་བའི་ལོ་འགར། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་རྒྱུ་གཙོ་གནད་དུ་འཛིན་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྐྲུན་རྒྱུ་དམིགས་འབེན་དུ་བརྩི་བ།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བརྗོད་དོན་གཙོ་བོར་བརྩིས་ནས།  མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་པོའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་ཏེ།  རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་མ། འཁྱམས་རོམ་བཅས་ཕྱོགས་བསྡུས་བཅོས་སྐྱོང་དཔེ་སྟོན་ཁུལ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དཔེ་སྟོན་ཁུལ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་གསར་སྐྲུན་དཔེ་སྟོན་ཁུལ། ལྗང་མདོག་འཕེལ་རྒྱས་དཔེ་སྟོན་ཁུལ། སྐྱེ་ཁམས་རིག་གནས་ཕུལ་བྱུང་རྒྱུན་འཛིན་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཅས་འཛུགས་སྐྲུན་བྱས་ཤིང་། རྒྱལ་ཡོངས་ཀྱི་རང་བྱུང་ཉམས་ལེན་དང་སྐྱེ་ཁམས་སློབ་གསོའི་ལས་སྟེགས་གལ་ཆེན་སྟེ“སྲུང་ཡོལ་གཅིག་དང་ས་ཁུལ་དྲུག ལས་སྟེགས་གཅིག”གི་མཚོ་སྔོན་པོའི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་བསམ་ཕྱོགས་བཏོན་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་དམིགས་འབེན་དེ་མཚོ་སྐོར་ས་གནས་སྲིད་གཞུང་གི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་དམིགས་འབེན་དང་ཕན་ཚུན་མཉམ་འདྲེས་བྱས་ནས། མཚོ་སྔོན་པོའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

དུས་མཚུངས་སུ། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་སྤུས་ཚད་མཐོན་པོས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོན་པོས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ》གཏན་འབེབས་དང་ལག་བསྟར་བྱས་ཏེ།  ཚད་མཐོའི་བསམ་བློའི་རང་བཞིན་དང་ཆབ་སྲིད་ཀྱི་རང་བཞིན། བྱ་སྤྱོད་ཀྱི་རང་འགུལ་བཅས་ཀྱི་སྒོ་ནས་ས་གནས་སྲིད་གཞུང་དང་ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བཅོས། རྒྱལ་ཁབ་སྤྱི་གླིང་བསྐྲུན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་ཁག་གསར་འཛུགས་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་བྱེད་སྒོ་སྤེལ་ནས།  ཧུར་ཐག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོར་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བ་དང་། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་རྨང་གཞི་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་།

ཉེ་བའི་ལོ་འགར། འབབ་རྒྱུད་ལ་གཞི་ཚུགས་པ་དང་། མ་ལག་སྲུང་སྐྱོབ། ཕྱོགས་བསྡུས་ཇུས་བསྟར་བཅས་བྱས་ཏེ།  རྩྭ་ཐང་བཅོས་སྐྱོང་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ། བྱེ་མ་འགོག་བཅོས། བརླན་ས་སྲུང་སྐྱོབ་སླར་གསོ་སོགས་ཀྱི་སྲུང་སྐྱོབ་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་ནས།  མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་གཅིག་གྱུར་གྱིས་སྲུང་སྐྱོབ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་།  སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་ས་ཚིགས་དང་། མཚོ་སྔོན་པོའི་བརླན་སའི་སྐྱེ་ཁམས་མ་ལག་གི་རྒྱལ་ཁབ་གནས་ཐིག་གཏན་འཁེལ་ལྟ་ཞིབ་ཚད་ལེན་ས་ཚིགས།  ཀྲུང་གོའི་ཚན་རིག་གླིང་ཆུ་ཐོན་སྐྱེ་དངོས་ཞིབ་འཇུག་ཁང་མཚོ་སྔོན་པོའི་ས་མཐོའི་མཚེའུ་དང་བརླན་སའི་སྐྱེ་ཁམས་ཁོར་ཡུག་ཚན་རིག་ལྟ་ཞིབ་ཚད་ལེན་ས་ཚིགས་སོགས་བཙུགས་ཤིང་།  འབབ་རྒྱུད་དུ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ས་ངོས་གནས་ཐིག་གཏན་འཁེལ་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས300བཙུགས་ནས། འབབ་རྒྱུད་ཧྲིལ་པོར་ཁྱབ་པའི་ཚན་ཞིབ་དང་། ལྟ་ཞིབ་ཚད་ལེན། གདེང་འཇོག་ཚོད་རྩིས་བཅས་ཀྱི་སྟེགས་བུ་ཕྱོགས་ཡོངས་ནས་བསྐྲུན་པ་རེད།

ད་ལྟ་མཚོ་སྔོན་པོར་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་བྱུང་བ་དང་། རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་ཐོབ་པ། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མགྱོགས་མྱུར་ངང་སླར་གསོ་བྱུང་བ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོབ་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོའི་ཐད་ལོ་རྒྱུས་རང་བཞིན་དང་། ཕྱོགས་འགྱུར་རང་བཞིན།  ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད།

མཚོ་སྔོན་པོ་ནི་འཛམ་གླིང་སྟེང་སྐམ་སའི་དབུས་ཁུལ་གྱི་མཚེའུ་དང་བརླན་སའི་རིགས་ཀྱི་དཔེ་མཚོན་ཞིག་དང་རང་རྒྱལ་ནུབ་རྒྱུད་ཀྱི་ལྟག་ཆུ་བསྐྱིལ་གསོག་བྱ་ཡུལ་གལ་ཆེན་ཞིག་ཡིན་པས། 1992ལོར་བྱ་གླིང་དེ་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་གཞུང་ནང་བཅུག་པ་དང་།   བྱ་གླིང་ནི་དབྱར་དགུན་གྱི་དུས་བྱའི་འཚོ་སྡོད་བྱ་ཡུལ་དང་གནས་སྤོར་གྱི་བརྒྱུད་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད།   ད་ལྟ་མཚོ་སྔོན་པོར་ཆུ་བྱ་དང་། ཉ་རིགས།  དགོ་བ་སོགས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པོ་བཟང་བོ་བྱུང་ནས་མཚོ་སྔོན་པོའི་ཆུ་དང་བརླན་ས་སོགས་སྐྱེ་ཁམས་ཁོར་ཡུག་གི་དམིགས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

ཉེ་བའི་ལོ་འགར།   སྟོབས་ཤུགས་ཆེན་པོ་བཏོན་ནས་སྲུང་སྐྱོབ་ཆེན་པོ་དང་བཅོས་སྐྱོང་ཆེན་པོ་བྱས་ཤིང་། སྡོམ་པས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་བཏང་ནས་རྩྭ་ཐང་ཕྱོགས་བསྡུས་བཅོས་སྐྱོང་དང་། བརླན་ས་སྲུང་སྐྱོབ་དང་སླར་གསོ། ཕྱུགས་བསྐྱུར་རྩྭ་གསོ། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་སོགས་གཙོ་གནད་སྐྱེ་ཁམས་ལས་གཞི་ཞེ་བདུན་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཆར་འགོད་གལ་ཆེན་དང་སྦྲེལ་མཐུད་ལེགས་པོ་བྱས་ནས། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་། སྲུང་སྐྱོབ་སླར་གསོ།  སྒྲིག་བཀོད་འཛུགས་སྐྲུན་སོགས་རིགས་ཆེ་གྲས་གསུམ་གྱི་སྤྱིའི་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་ཙམ་གྱི་རིམ་སྤོར་ལས་གཞིའི་གསོག་འཇོག་མཛོད་བཙུགས་པ་དང་།  བཙོག་ཆུ་གཙང་སེལ་ས་ཚིགས་ཆུང་བ་གསུམ་དང་། བཙོག་ཆུ་གཙང་སེལ་བཟོ་གྲྭ་གཅིག གད་སྙིགས་གཙང་སེལ་བྱེད་ས་བདུན་བཅས་བསྐྲུན་ཡོད། དུས་མཚུངས་སུ། མཚོ་སྐོར་ས་གནས་སྲིད་གཞུང་དང་འབྲེལ་མཐུད་བྱེད་པར་ཤུགས་སྣོན་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བྱེད་པའི་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཁང་བཙུགས་པར་མ་ཟད། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ལ་ཞིབ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱེད་པའི་སྐོར་སྲུང་བྱ་སྤྱོད་སྤེལ་བས།  མཚོ་སྔོན་པོའི་སྐྱེ་ཁམས་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དང་རིམ་སྤོར་བྱུང་སྟེ།  མ་འོངས་པར་རྒྱལ་ཁབ་སྤྱི་གླིང་མཉམ་སྐྲུན་དང་མཉམ་སྤྱོད་བྱེད་པར་རྨང་གཞི་བཟང་བོ་བཏིང་ཡོད།

ལོ་མང་པོར་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད།  མིག་སྔའི་བར་མཚོ་སྔོན་པོའི་ཉ་རིགས་ཀྱི་ཐོན་ཁུངས་ཏུན་འབུམ་གཅིག་ལྷག་ཏུ་སླར་གསོ་བྱུང་བ་དེ་སྲུང་སྐྱོབ་མ་བྱས་པའི་ཐོག་མའི་དུས་ཀྱི་ལྡབ་ཞེ་གཉིས་སུ་བསླེབས་པ་དང་། དགོ་བའི་གྲངས་ཀ་དེ་སྟོང་གཉིས་དང་དགུ་བརྒྱ་རེ་དགུ་ལྷག་ཏུ་སླར་གསོ་བྱུང་ནས་ལོ་བཅུའི་གོང་ལས་ལྡབ་གཉིས་ལྷག་འཕར་བ། བརླན་སའི་ཆུ་བྱའི་གྲངས་ཀ་དེ་འབུམ་ལྔ་དང་ཁྲི་བདུན་ལྷག་ཏུ་བསླེབས་ནས 2012ལོ་ལས་ལྡབ་གཅིག་ལྷག་ཇེ་མང་དུ་སོང་བ། མཚོ་སྔོན་པོའི་འདབ་ཆགས་ཁྱུ་ཚོགས་ཀྱིས་ཀྱང་ཟིན་ཐོ་གསར་པ་རྒྱུན་ཆེད་མེད་པར་བསྐྲུན་ནས་རིགས་ཉིས་བརྒྱ་དང་སོ་གཉིས་སུ་བསླེབས་ཡོད།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་ལག་བསྟར་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་པའི་བྱེད་བྲག་གི་བྱ་སྤྱོད་ཅིག་བཅས་ཡིན་ལ།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་ཡིན།  2022ལོའི་ལོ་སྟོད་དུ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་དོན་སྤེལ་རྒྱུར་ཆོག་མཆན་བཀོད་པ་དེ་ལས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་དེ་ལག་བསྟར་དུས་རིམ་དུ་སླེབས་པ་མཚོན་པ་དང་། རྒྱལ་ཁབ་ལ་དབང་བ་དང་། དམངས་ཡོངས་མཉམ་སྤྱོད་བྱེད་པ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་བཅས་དམིགས་འབེན་དུ་བྱས་ནས། མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་གི་ཐོག་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་།

མིག་སྔའི་བར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་དང་དེ་བཞིན་འཛུགས་པའི་ཇུས་གཞི་དང་།  འོས་འཚམ་རང་བཞིན་གྱི་ངོས་འཛིན་སྙན་ཞུ། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཤུགས་རྐྱེན་གདེང་འཇོག་སྙན་ཞུ་བཅས་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ་དང་།  མཚོ་སྔོན་པོའི་མཚོ་ཆུ་རྒྱས་པར་ཞིབ་འཇུག་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཚད་གཞིའི་མ་ལག་འཛུགས་སྐྲུན། སྐྱེ་ཁམས་ལྟ་སྲུང་ལས་གནས་འཛུགས་པ། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རང་བྱུང་ཐོན་ཁུངས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་གཞི་རྩར་བརྟག་དཔྱད་བྱེད་པ་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་པ། སྲུང་སྐྱོབ་དང་འཆར་འགོད། དོ་དམ། བེད་སྤྱོད་སོགས་ཚུད་པའི་སྒྲིག་གཞིའི་འགན་འཁྲིའི་མཐའ་མཚམས་དང་ལྗང་མདོག་འཕེལ་རྒྱས་སོགས་གཙོ་གནད་ཞིབ་འཇུག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ།  ཚན་རིག་དང་མཐུན་པར་རྟོག་ཞིབ་དང་། སྐྱེ་ཁམས་དྲ་བའི་ཤེས་ཚོར་མ་ལག་འཛུགས་སྐྲུན། འགལ་བ་དང་གདོང་གཏུག་གནད་དོན་ཐག་གཅོད། ཁྲིམས་འཛུགས་ཀྱི་དུས་འགོའི་ཞིབ་འཇུག་སོགས་ཀྱི་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་ཏེ། རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད། དུས་མཚུངས་སུ། ཚན་རྩལ་གྱི་འདེགས་སྐྱོར་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ནུབ་བྱང་བརྟག་དཔྱད་འཆར་འགོད་ཇུས་འགོད་གླིང་སོགས་དང་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུག་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་དང་འཐབ་ཇུས་གལ་ཆེན་གྱི་ཞིབ་འཇུག་བྱ་བ་ནུས་ཤུགས་ཡོད་རྒུས་སྤེལ་བ་དང་། ཆིན་ཧྭ་སློབ་ཆེན་དང་བསྟུད་མར་ལོ་བཅུ་བདུན་རིང་ལ་མཚོ་སྔོན་པོའི་བྱ་གླིང་དུ་དབྱར་གསེང་གི་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་ནས་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ཡོད།

མིག་སྔའི་བར་སྐྱེ་ཁམས་ཡུལ་སྐོར་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་ནས།  སྐྱེ་ཁམས་ཉམས་ལེན་དང་། སྐྱེ་ཁམས་ཚན་རིག་ཁྱབ་གདལ། སྐྱེ་ཁམས་ཞིབ་འཇུག   སྐྱེ་ཁམས་ལུས་རྩལ་སོགས་ཀྱི་ལམ་ཐིག་རྩེ་གྲ་ཁག་གཅིག་བཏོད་ཡོད།  དུས་མཚུངས་སུ།“མཉམ་འགུལ་འཕེལ་རྒྱས་དང་། ས་གནས་ལ་ཞབས་འདེགས་ཞུ་བ”དམིགས་འབེན་དུ་བཟུང་ནས། ས་གནས་སྲིད་གཞུང་དང་མཉམ་དུ《མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་གཏོད་པའི་བྱ་སྤྱོད་ཇུས་གཞི》མཚོ་སྔོན་པོར་དོན་འཁྱོལ་བྱས་ཏེ།  མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་། རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་སོགས་ཀྱི་ཆེད་དམིགས་འཆར་འགོད་བཟོ་བའི་དུས་འགོའི་ལས་དོན་ཁག་ལ་སྐུལ་སྤེལ་ཏན་ཏིག་བཏང་བ་དང་།  རི་དྭགས་དགོ་བར་ལྟ་ཞིབ་ཚད་ལེན་བྱེད་པའི་རྟེན་གཞི་དང་ཚན་ཞིབ་མྱུར་སྐྱོབ་ལྟེ་གནས་སོགས་བཙུགས་ནས་སྲོལ་རྒྱུན་གྱི་ལྟ་སྐོར་རྣམ་པའི་ཡུལ་སྐོར་དེ་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་རྣམ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

འདས་ཟིན་པའི་ལོ་བཅུའི་ནང་ཡུལ་སྐོར་བའི་མི་གྲངས་དང་ཡུལ་སྐོར་གྱི་ཡོང་འབབ་ལོ་རེ་བཞིན་ཇེ་མང་དུ་སོང་ནས་མི་ཁྲི་གཉིས་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་། མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་དང་མཉམ་བཅོས་མཉམ་སྤྱོད་ཁྲོད་ནས་ཡོང་འབབ་འཕར་སྣོན་འབྱུང་བ་མངོན་འགྱུར་དང་། ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད་ཡོད།

མ་འོངས་པར་རྒྱང་ལྟ་བྱས་ཚེ། མཚོ་སྔོན་པོས“སྲུང་ཡོལ་གཅིག་དང་ས་ཁུལ་དྲུག ལས་སྟེགས་གཅིག”བཅས་ཀྱི་དམིགས་འབེན་དང་བྱེད་ཐབས་ལ་དམིགས་ཏེ། རང་བྱུང་སྐྱེ་ཁམས་མ་ལག་གི་ཐོག་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་འཛིན་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་སོགས་ཀྱི་ཐད་ལ་བསྟུད་མར་ཤུགས་སྣོན་བྱས་ནས།  སྐྱེ་ཁམས་མཛའ་མཐུན་དང་། ལྗང་མདོག་འཕེལ་རྒྱས། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་ཞིག་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་ངེས་རེད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།