《མཚོ་སྔོན་ཞིང་ཆེན་གྱི་ནགས་དཔོན་ལམ་ལུགས་ཀྱི་ལྟ་ཞིབ་དཔྱད་ཞིབ་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་ནགས་དཔོན་ལམ་ལུགས་ཀྱི་སྐུལ་ལྕག་ལག་བསྟར་བྱེད་ཐབས》དངོས་སུ་པར་འགྲེམས་བྱས་ནས་ལག་བསྟར་བྱས
2023.01.06 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 21

 གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན།  རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི《ནགས་དཔོན་ལམ་ལུགས་ཀྱི་ལྟ་ཞིབ་དཔྱད་ཞིབ་བྱེད་ཐབས》དང་།  རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་དང་ནོར་སྲིད་པུའུ་ཡི《ནགས་དཔོན་ལམ་ལུགས་ཀྱི་སྐུལ་ལྕག་ལག་བསྟར་བྱེད་ཐབས་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་སྟེ།   ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས《མཚོ་སྔོན་ཞིང་ཆེན་གྱི་ནགས་དཔོན་ལམ་ལུགས་ཀྱི་ལྟ་ཞིབ་དཔྱད་ཞིབ་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་གྱི་ནགས་དཔོན་ལམ་ལུགས་ཀྱི་སྐུལ་ལྕག་ལག་བསྟར་བྱེད་ཐབས》བཟོས་པ་རེད།  《བྱེད་ཐབས》དེ་གཉིས2022ལོའི་ཟླ12པའི་ཚེས12ཉིན་ཞིང་ཆེན་རིམ་པའི་སྤྱི་ཁྱབ་ནགས་དཔོན་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་ཆབས་ཅིག 2022ལོའི་ཟླ12པའི་ཚེས20ཉིན་དངོས་སུ་པར་འགྲེམས་བྱས་ནས་ལག་བསྟར་བྱས།

《མཚོ་སྔོན་ཞིང་ཆེན་གྱི་ནགས་དཔོན་ལམ་ལུགས་ཀྱི་ལྟ་ཞིབ་དཔྱད་ཞིབ་བྱེད་ཐབས》ལ་སྡོམ་པས་དོན་ཚན11ཡོད་པ་དང་།  ཕྱོགས་ལྔའི་ཐད་ཀྱི་ནང་དོན་ཁྲོད་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ཀྱི་དམིགས་ཡུལ་དང་། བྱ་ཡུལ། བྱེད་སྟངས། བླང་བྱ་བཅས་དང་དེ་བཞིན་གྲུབ་འབྲས་ཉེར་སྤྱོད་བྱེད་རྒྱུ་གསལ་བོ་བཟོས་ནས། གྲོང་ཁྱེར་དང་ཁུལ་སོ་སོའི་ནགས་ཚལ་དང་། རྩྭ་ཐང་། བརླན་ས། ཐང་རྒོད་བཅས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་དམིགས་འབེན་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ།  ཏང་ཨུས་མགོ་ཁྲིད་དང་། ཏང་སྲིད་ཀྱིས་འགན་འཁྲི་མཉམ་འཁུར། གཏོགས་ཁོངས་ཀྱིས་འགན་འཁུར། སྡེ་ཚན་བར་མཐུན་སྦྱོར། འབྱུང་ཁུངས་བཅོས་སྐྱོང་།   ས་ཁོངས་ཧྲིལ་པོར་ཁྱབ་པ་བཅས་ཀྱི་ཡུན་ཕན་རྐྱེན་སྲོལ་བཙུགས་པ་རེད།  གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་ལ་ལྟ་ཞིབ་དང་དཔྱད་ཞིབ་ཀྱི་དམིགས་འབེན་དང་གཙོ་གནད་ལས་དོན་གྱི་ལས་འགན་གསལ་བོ་བཟོས་ཤིང་།  ཞིང་ཆེན་སྤྱིའི་ནགས་དཔོན་གྱི་མགོ་ཁྲིད་འོག་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ལས་དོན་སྤེལ་བ་དེ་ཞིང་ཆེན་ནགས་དཔོན་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ནས་ལག་བསྟར་བྱེད་པ་དང་། ཞིང་ཆེན་རིམ་པའི་ནགས་དཔོན་ལམ་ལུགས་མཉམ་ལས་སྡེ་ཁག་གིས་གཞོགས་འདེགས་བྱས་ནས་སྤེལ་བ། གྲོང་ཁྱེར་དང་ཁུལ་སོ་སོའི་ལྟ་ཞིབ་དང་དཔྱད་ཞིབ་དེ་རང་བཤེར་དང་ཞིང་ཆེན་རིམ་པའི་ལྟ་ཞིབ་ཟུང་འབྲེལ་གྱི་བྱེད་ཐབས་ཐོག་ནས་སྤེལ་བ་རེད། ལས་བྱེད་པར་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་དང་། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལས་བྲལ་རྩིས་བཤེར། ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་བཀོད་སྒྲིག འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྣམ་གྲངས་བཀོད་སྒྲིག མ་དངུལ་བགོ་བཤའ་དམིགས་བསལ་གྱིས་སྔོན་ལ་བསམ་གཞིགས་བཅས་བྱེད་པའི་དཔྱད་གཞིའི་གཞི་འཛིན་སར་བྱས།

《མཚོ་སྔོན་ཞིང་ཆེན་ནགས་དཔོན་ལམ་ལུགས་ཀྱི་སྐུལ་ལྕག་ལག་བསྟར་བྱེད་ཐབས 》ལ་སྡོམ་པས་ལེའུ་དྲུག་དང་དོན་ཚན་བཅུ་གཉིས་ཡོད་པ་དང་། དེའི་ནང་དོན་གཙོ་བོ་ནི་རང་ཞིང་གི་ནགས་དཔོན་ལམ་ལུགས་ཀྱི་སྐུལ་ལྕག་བྱེད་ཐབས་ཀྱི་དམིགས་འབེན་དང་། རྩ་དོན། སྐུལ་ལྕག་བྱ་ཡུལ། སྐུལ་ལྕག་ཚད་གཞི། སྐུལ་ལྕག་གདེང་འཇོག་གི་ཚད་གཞི། སྐུལ་ལྕག་གདེང་འཇོག་གི་གོ་རིམ་བཅས་ཡིན་པ་རེད། བྱེད་ཐབས་དེ་བཟོས་པའི་དམིགས་ཡུལ་གཙོ་བོ་ནི་ས་གནས་སོ་སོས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་དང་སྐུལ་སྤེལ་གང་ལེགས་བྱས་ནས།  ནགས་ཚལ་གྱི་ཡུན་ཕན་ལམ་ལུགས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་ཡུན་ཕན་རྐྱེན་སྲོལ་འཛུགས་རྒྱུ་དེ་རེད། དེ་དང་ཆབས་ཅིག དྲང་གཞག་ཡོངས་བསྒྲགས་ཀྱི་རྩ་དོན་གཞིར་བཟུང་སྟེ། ཚད་ངེས་ཅན་གྱི་དམིགས་ཚད་གཙོ་བོར་བྱེད་པ་དང་། ངོ་བོ་གཏན་འཁེལ་དང་གྲངས་ཚད་གཏན་འཁེལ་ཟུང་འབྲེལ་བྱེད་པ། དོན་དངོས་དང་མཐུན་པ། ཁྱོན་ཡོངས་དང་ཡང་དག་ངང་ས་གནས་ཀྱི་ལས་དོན་ལ་གདེང་འཇོག་བྱེད་པ། དྲང་ཕྱོགས་ཀྱི་སྐུལ་ལྕག་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས།

ནགས་དཔོན་ལམ་ལུགས་ཀྱི་ལྟ་ཞིབ་དཔྱད་ཞིབ་དང་ནགས་དཔོན་ལམ་ལུགས་ཀྱི་སྐུལ་ལྕག་བྱེད་ཐབས་གཉིས་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་ཁུལ་སོ་སོའི་ནགས་ཚལ་རྩྭ་ཐང་དང་བརླན་ས་སོགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་གདེང་འཇོག་བྱེད་པ་དང་། གནད་དོན་མངོན་གསལ་ཅན་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན་པ་མ་ཟད་སྐུལ་སྒྲུབ་བྱེད་ཤུགས་ཀྱང་ཆེ་རུ་བཏང་། ས་གནས་སོ་སོས་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ། ཏང་ཨུས་མགོ་ཁྲིད་དང་། ཏང་སྲིད་ཀྱིས་འགན་འཁྲི་མཉམ་འཁུར། གཏོགས་ཁོངས་ཀྱིས་འགན་འཁུར། སྡེ་ཁག་བར་མཐུན་སྦྱོར། འབྱུང་ཁུངས་བཅོས་སྐྱོང་།  ས་ཁོངས་ཧྲིལ་པོར་ཁྱབ་པ་བཅས་ཀྱི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས།  ནགས་དཔོན་ལམ་ལུགས་མུ་མཐུད་དུ་གཏིང་ཟབ་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་ནགས་རྩྭའི་ཐོན་ཁུངས་བདེ་འཇགས་ལ་སྲུང་སྐྱོབ་དང་། “ཀྲུང་ཧྭའི་ཆུ་མཛོད”ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་བཅས་གཏོང་རྒྱུ་རེད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད