ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་རོགས་འདེགས་བྱས་པ།
2023.01.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་ཁྱབ་བསྒྲགས་བྱས། བརྟག་དཔྱད་ལས་མངོན་པ་ལྟར་ན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་དུ་སྒལ་ཚིགས་ཅན་གྱི་རི་སྐྱེས་སྲོག་ཆགས་རིགས280དང་སྒལ་ཚིགས་མེད་པའི་རི་སྐྱེས་སྲོག་ཆགས་རིགས522དང་། ཕྲ་ཕུང་ཆུན་ནར་གྱི་རྩི་ཤིང་རིགས543དང་། ཤ་མོའི་རིགས་ཆེ་གྲས203དང་། ཆུ་སྐྱེས་སྐྱེ་དངོས་ཀྱི་རིགས575བཅས་ཡོད།

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧན་ཆང་གིས“གླེང་རིན་ཡོད་པ་ཞིག་ནི་ང་ཚོས་འབུ་སྲིན་རིགས་གསར་པ་བཅུ་དང་། ཀྲུང་གོའི་ཟིན་ཐོ་གསར་པ་རིགས་གཉིས། མཚོ་སྔོན་ཞིང་ཆེན་གྱི་ཟིན་ཐོ་གསར་པ་རིགས་བརྒྱ་དང་སོ་དགུ མདོ་ལ་རིང་མོའི་འདབ་ཆགས་ཀྱི་ཟིན་ཐོ་གསར་པ་རིགས་དགུ་བཅས་ཤེས་རྟོགས་བྱུང་ཡོད”ཟེར།

ཧན་ཆང་གིས་བཤད་རྒྱུར། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ཐང་འཁྱགས་རོམ་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱས་པ་བརྒྱུད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་འགྱུར་བྱུང་བ་དང་། སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་། འཐུས་ཚང་རང་བཞིན། བརྟན་འཇགས་རང་བཞིན་བཅས་ནུས་ལྡན་ངང་རྒྱུན་འཁྱོངས་བྱེད་ཐུབ་པ་བྱུང་ཡོད།

རི་བོར་འགོས་ཤིང་ཆུ་བོ་བརྒལ་ནས་སྐོར་སྲུང་བྱེད་པའི་སྐབས་སུ། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པར་ནམ་རྒྱུན་ཐོབ་བྱ་འགའ་རེ་ཡོད་དེ། གསའ་ལྔ་བརྙན་རིས་སྟེང་མངོན་པ་དང་། རི་དྭགས་མང་པོ་ཞིག་པར་ཆས་མདུན་དུ་བག་ཕེབས་ངང་རྒྱུ་ཞིང་། ད་དུང“ཐང་སྟོང་བྱི་ལ་ལྔ”དང“གཡི་སེར་ལྔ”ལ་སོགས་པའི་རྩ་ཆེའི་པར་རིས་དེ་དག“ཀྲུང་གོའི་བརླན་སའི་གླིང་ཕྲན”དུ་འབོད་པའི་མདོ་ལ་རིང་མོར་ཡང་ཡང་མངོན་བཞིན་ཡོད།

“ཐང་སྟོང་བྱི་ལ་ནི་གྲངས་འབོར་ཉུང་བའི་དབང་གིས་མཐོང་དཀའ་བའི་བྱི་ལའི་རིགས་ཀྱི་སྲོག་ཆགས་ཤིག་ཡིན་མོད། འོན་ཀྱང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ནས་ང་ཚོས་ཁྱུ་ཚོགས་ཀྱི་གྲུབ་ཆ་བརྟན་པོ་དང་གྲངས་འབོར་ཅུང་ཆེ་བའི་ཐང་སྟོང་བྱི་ལའི་ཁྱུ་ཚོགས་ཤིག་ཟིན་ཐོར་འགོད་ཐུབ་པ་བྱུང་ཡོད་པས། མདོ་ལ་རིང་མོ་ནི་འཛམ་གླིང་ཡོངས་སུ་ཐང་སྟོང་བྱི་ལ་དང་འཕྲད་སླ་ཤོས་ཀྱི་ས་ཆ་ཞིག་ཏུ་གྱུར་ཡོད”ཅེས་ཧན་ཆང་གིས་དེ་ལྟར་བཤད།

“རྩ་ཆེའི་རི་སྐྱེས་སྲོག་ཆགས་དེ་དག‘རྗེས་ཤུལ’འཚོལ་ཞིབ་བྱེད་དཀའ་བ་ནས་ བརྙན་གཟུགས་སུ་ཡང་ཡང་མངོན་པ་དང་བརྙན་མིག་ནང་དུ་ཡང་ཡང་ཡོང་བའི་དུས་ཚོད་ནི། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་བྱས་པའི་དཔེ་མཚོན་མངོན་གསལ་དོད་པོ་ཞིག་རེད”ཅེས་པེ་ཅིན་ནགས་ལས་སློབ་ཆེན་རི་སྐྱེས་སྲོག་ཆགས་ཞིབ་འཇུག་སའོ་ཡི་སའོ་ཀྲང་ཧྲི་ཁུན་གྱིས་དེ་ལྟར་བཤད།

ཀྲུང་གོས་ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུའི་ཐད་ཚོད་ལྟ་ཧུར་ཐག་བྱས་ཡོད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུ་དེ་འཛིན་ཐག་གལ་ཆེན་ཞིག་ཏུ་བརྩིས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་བཙུགས་ནས་རང་བྱུང་སྐྱེ་ཁམས་མ་ལག་དང་། རང་བྱུང་རྗེས་ཤུལ། རང་བྱུང་ཡུལ་ལྗོངས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་བརྒྱུད་རིམ་ལྡན་པའི་སྲུང་སྐྱོབ་ཐོབ་པར་ཁག་ཐེག་བྱས།

ཀྲུང་གོའི་སྟོངས་ལ་ཉེ་བའི་དངོས་རིགས་ཚན་རིག་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པའམ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཝེ་ཧྥུ་ཝུན་གྱིས་བཤད་རྒྱུར། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་། སླར་གསོ། ཞིབ་འཇུག་སོགས་ཀྱི་ཐད་ནས་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་སྲུང་སྐྱོབ་ཁུལ་གྱི་མ་ལག་བཙུགས་པ་བརྒྱུད། 90%ཡི་སྐམ་སའི་སྐྱེ་ཁམས་མ་ལག་གི་རིགས་དང71%གི་རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་ནས་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་ཡོད། སྟོངས་ཉེར་ཡོད་པའི་སྲོག་ཆགས་སྐྱོབ་པའི་བཟོ་འགོད་བརྒྱུད་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་པ་བརྒྱུད། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་སླར་གསོ་བྱེད་ཐུབ་ཡོད་ཅིང་འཕར་སྣོན་ཡང་བྱུང་ཡོད་ལ། འཇིགས་སྐུལ་ཐེབས་ཚད་ཇེ་ཉུང་དུ་སོང་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། ཀྲུང་གོའི་ཨ་ཆེན་གངས་རྒྱབ་ཀྱི་རི་དྭགས་གཙོད་སྲུང་སྐྱོབ་བྱས་མ་ཐག་པའི་སྐབས་ཀྱི་གཙོད་ཁྲི་གཉིས་ནས་ཁྲི་བདུན་ལྷག་ཙམ་བར་སླར་གསོ་བྱེད་ཐུབ་ཡོད།  དེ་སྔོན་མཐོང་དཀའ་བའི་གསའ་དང་གཟིག ཡོ་རོབ་དང་ཨེ་ཤ་ཡའི་ཆུ་སྲམ་བཅས་ཡང་ཡང་མངོན་པ་དང་། ཤྭ་སྐྱ་དང་། འབྲོང་། རྐྱང་བཅས་གཙང་པོའི་མགོ་ཁུངས་སུ་བག་ཡངས་སུ་རྒྱུ་བཞིན་ཡོད་ལ། རྔོན་ཁྲ་དང་། གེ་སར་རྟ་རྫི། ངང་པ་མགོ་ཁྲ། ས་རྟ་གྲོ་ལི། སྦྲེ་སོགས་སྲོག་ཆགས་དག་རྩྭ་ཐང་དུ་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་མངོན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱེད་ས་དང་པོ་ཡིན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་འཛམ་གླིང་གི“སྣེ་གསུམ་པ”རུ་འབོད་པའི་མདོ་དབུས་མཐོ་སྒང་གི་དབུས་སུ་གནས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དུ་གནས་པས། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་མགོ་ཡིན་པ་དང་། ཆ་སྙོམས་མཚོ་འཕང་ལ་མུས་སྟོང་བཞི་དང་བདུན་བརྒྱ་ཡན་ཟིན་ཡོད་པ་དང་“ཀྲུང་ཧྭའི་ཆུ་མཛོད”ཅེས་བརྗོད་ཀྱིན་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་དམིགས་བསལ་ཁུལ་སོ་གཉིས་ཀྱི་གྲས་ཡིན། ཕྲ་ཕུང་ཆུན་ནར་གྱི་སྐྱེ་དངོས་རིགས་སྟོང་གཉིས་དང་ཉིས་བརྒྱ་སོ་བརྒྱད་དང་། རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་ནས་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་རིགས་རེ་དགུ་ཡོད། གཙོད་དང་། གསའ། ཤྭ་སྐྱ། འབྲོང་། རྐྱང་། གེ་སར་རྟ་རྫི་སོགས་རི་སྐྱེས་སྲོག་ཆགས་མང་པོ་ཡོད་པས“མཐོ་གྲང་སྐྱེ་དངོས་རང་བྱུང་སོན་རྒྱུའི་ཐོན་ཁུངས་མཛོད”ཅེས་པའི་མཚན་སྙན་ཐོབ་ཡོད། དེའི་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་དང་། རང་བྱུང་སྤུས་ཚད། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་གོ་ལ་ཧྲིལ་པོའི་དོན་སྙིང་ལྡན་པའི་སྲུང་སྐྱོབ་རིན་ཐང་ཡོད།

དེང་སྐབས། ལོ་ངོ་དྲུག་ལྷག་ཙམ་ལ་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་མིང་བྱང་ལྟ་བུར་གྱུར་ཡོད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་སུན་ལི་ཅུན་གྱིས“རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་དང་གྲངས་འབོར་མངོན་གསལ་དོད་པོས་ཇེ་མང་དུ་ཕྱིན་ནས་རི་སྐྱེས་སྲོག་ཆགས་ཀྱི་ཞིང་ཁམས་ཤིག་ཏུ་གྱུར་ཡོད”ཟེར།

སྔར་ནས་བཟུང་“ཉ་དང་འདབ་ཆགས་ཀྱི་ཞིང་ཁམས”ཞེས་བརྗོད་པའི་མཚོ་སྔོན་པོར་ད་ལོར་ཀྲུང་གོའི་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལམ་བུའི་ཐོག་དངོས་སུ་བསྐྱོད་ཡོད།

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཧོ་ཡུས་པང་གིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོར་མཚོ་སྔོན་པོར་གཙོ་གནད་ཆུ་ཁོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོ། བརླན་ས་སྲུང་སྐྱོབ་དང་སླར་གསོ་སོགས་སྐྱེ་ཁམས་བཟོ་འགོད་སྔ་རྗེས་སུ་ལག་བསྟར་བྱས་པར་མ་ཟད། སྲུང་སྐྱོབ་ཁུལ་གྱི་བརྡ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་སོགས་རྒྱུན་མཐུད་ངང་སྤེལ་ཡོད།

ཧོ་ཡུས་པང་གིས་བཤད་རྒྱུར། ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། མཚོ་སྔོན་པོའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད། ད་ལོར་ལྟ་ཞིབ་ཚད་ལེན་བྱས་པའི་བྱ་རིགས་ཀྱི་ཟིན་ཐོ་གསར་པ་རིགས་དྲུག་འཕར་སྣོན་བྱུང་ཡོད་པ་དང་། མཚོ་སྔོན་པོའི་བྱ་རིགས་ཉིས་བརྒྱ་དང་སོ་གཉིས་ཟིན་པའི་ནང་ཆུ་བྱའི་རིགས་གོ་བརྒྱད་ཡོད། བརྟག་དཔྱད་གཞི་གྲངས་ལས་མངོན་པ་ལྟར་ན། 2022ལོར་མཚོ་སྔོན་པོའི་སྟོན་དུས་ཀྱི་ཆུ་བྱ་གནས་སྤོ་བའི་དུས་ཀྱི་ལྟ་ཞིབ་ཚད་ལེན་གྲངས་འབོར་གྱིས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བསྐྲུན་ནས་བྱ་རིགས་འབུམ་གཉིས་དང་ཁྲི་གསུམ་ལྷག་ཏུ་སླེབས་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་ལོ་བཞི་བཅུ་ཙམ་གྱི་རིང་ལ་མཚོ་བཀག་ཉ་གསོ་ཐེངས་དྲུག་བྱས་པ་དང་། ཉེ་བའི་ལོ་ཉི་ཤུའི་རིང་མིས་ཐབས་ཀྱིས་ཉ་མོ་སྐྱེ་འཕེལ་ཆུར་གཏོང་བྱས་པ་དང་། དུས་རབས20པའི་ལོ་རབས80པར་སྟོངས་ལ་ཉེ་བའི་མཚོ་སྔོན་པོའི་ཁྱད་ལྡན་རྩ་ཆེའི་སྲོག་ཆགས་ཏེ། མཚོ་སྔོན་པོའི་ཙོང་ཆུའི་ཉ་ཡི་ཐོན་ཁུངས་ཡང་བསྐྱར་མང་དུ་འཕར་ཡོད།

“དེང་སྐབས་ཀྱི་མཚོ་སྔོན་པོར་ཉ་དང་འདབ་ཆགས་མཉམ་དུ་འཚོ་བཞིན་ཡོད་ལ། འདབ་ཆགས་དགའ་བས་གཤོག་རྩལ་ངོམ་པ་དང་ཉ་མོས་སྐྱིད་པས་འཁྱུག་རྩལ་ངོམ་བཞིན་ཡོད་པས། ཀྲུང་གོའི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ཆ་ནས་མུ་མཐུད་ཇེ་བརྟན་དུ་ཕྱིན་ཡོད” ཅེས་ཧོ་ཡུས་པང་གིས་དེ་ལྟར་བཤད།

མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དེས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་གོ་སྐབས་དེ་བས་མང་བ་སྤྲད་ཡོད། ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་དེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཞིག་ཏུ་འགྱུར་ངེས་པས། གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་དང་། ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་ངེས་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།