སྐྱེ་ཁམས་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ནས་མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་དགོས།
2023.01.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

 ཞིང་ཆེན་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི་མི་དམངས་ཀྱི་བདེ་སྐྱིད་དང་མི་རིགས་ཀྱི་མ་འོངས་པར་འབྲེལ་བ་ཡོད། 《སྲིད་གཞུང་བྱ་བའི་སྙན་ཞུ》ལས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ནས།  སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་སྲ་བརྟན་ དང་མཐོར་འདེགས་བཏང་སྟེ།  རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས་ཞེས་བསྟན་ཡོད།   ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བ་ནས། ང་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་བཅངས་བ་དང་།  འགན་འཁྲི་དང་འོས་འགན་གལ་ཆེན་ཕྲག་ཏུ་འཁུར་ཕོད་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན། མཚོ་སྔོན་འདི་ཉིད“སའི་གོ་ལའི་མཐའ་སྣེ་གསུམ་པར”གནས་ཡོད་པ་དེ།  རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་མ་ཟད། སའི་གོ་ལའི་ཕྱེད་བྱང་མའི་གནམ་གཤིས་ཚོར་སྐྱེན་ཁུལ་དང་། གོ་ལ་ཧྲིལ་པོའི་སྐྱེ་ཁམས་མ་ལག་སྙོམས་སྒྲིག་ཁུལ། མཐོ་སྒང་སྐྱེ་དངོས་ཀྱི་རང་བྱུང་དངོས་རིགས་ཐོན་ཁུངས་མཛོད་བཅས་ཡིན་པ་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་སྟེ།  སྐུ་དངོས་སུ་མཚོ་སྔོན་ལ་གཟིགས་ཞིབ་ཐེངས་གཉིས་གནང་བ་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད།  ང་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་བ་དང་། “ཞིང་ཆེན་གྱི་དོན་ཆེན”ལ་དམ་པོར་དམིགས་ནས།  སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་།    ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ནན་ཏན་སྒོས་ལག་ལེན་བྱེད་པ།   “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་སྟངས་འཛིན་ནན་མོ་བཅས་བྱས་ཏེ།  ངོས་འཛིན་ནས་ལག་ལེན་བར་ཕྱོགས་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་འགོ་རྩོམ་པ་དང་།  རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་།  ཕྱོགས་བསྒྱུར་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་གཏོང་དགོས།

འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། ང་ཚོས་ཚན་རིག་དང་མཐུན་པར་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་བཟོས་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བྱ་སྤྱོད་སྤེལ་དགོས། རྒྱལ་ཁབ་ཀྱི་དོན་གཅོད་དབང་ཆའི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། ལས་བགོས་ལུགས་མཐུན་དང་འགན་དབང་ཁ་གསལ་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཡུན་ཕན་དོ་དམ་སྲུང་སྐྱོབ་རྐྱེན་སྲོལ་འཛུགས་དགོས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་འགན་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་དུས་འགོའི་ལས་དོན་ལེགས་སྒྲུབ་བྱས་ནས། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་འཛུགས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དང་རང་བྱུང་ཐོན་ཁུངས་གཉེར་སྐྱོང་དོ་དམ་ཚོད་ལྟ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གི་ཚན་ཞིབ་དང་སློབ་གསོ་སོགས་ཀྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་མུ་མཐུད་དུ་བཟང་བོར་སྒྲུབ་ནས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དང་གཡུར་དུ་ཟ་བའི་གྲུབ་འབྲས་སྔར་ལས་བཟང་བོར་མངོན་ཐུབ་པར་བྱེད་དགོས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་ཐང་འཁྱགས་རོམ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཙོ་གནད་སྐྱེ་ཁམས་ཁུལ་སྲུང་སྐྱོབ་སླར་གསོ་དང་སྐྱེ་དངོས་སྣ་མང་སྲུང་སྐྱོབ་ཀྱི་བཟོ་སྐྲུན་ཁག་ཅིག་ཤུགས་ཆེན་པོས་ལག་བསྟར་བྱེད་དགོས། སྐོར་ཐེངས་གསར་བའི་རྒྱལ་ཁོངས་ལྗང་འགྱུར་དང་ཞན་འགྱུར་རྩྭ་ཐང་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་རྩོམ་དགོས།  སྤུས་ཚད་མཐོན་པོས་མུ་རུ་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་ངོས་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཡོངས་འགྲུབ་བྱེད་དགོས།   དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་ཀྱི་དམག་འཐབ་གཏིང་ཟབ་ཏུ་སྤེལ་བ་དང་། རླུང་ཁམས་ཆེན་པོའི་སྦགས་བཙོག་དངོས་པོ་མཉམ་དུ་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ། ས་རྒྱུ་དང་། ས་འོག་གི་ཆུ།  ཉེན་ཆེའི་ཟོག་རོ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་པ།  ཞིང་ལས་ཀྱི་སྦགས་བཙོག་དང་བཟོ་ལས་ཀྱི་སྦགས་བཙོག་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ནས། “ཚད་ཐིག་གསུམ་དང་གསལ་ཐོ་གཅིག”གི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་། བྱེ་མ་འཁྱགས་རོམ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚད་གཞིའི་མ་ལག་བཟོ་དགོས།  སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱས་ནས། ཙོང་ཆུ་བཞུར་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ་དང་། རྩྭ་ཐང་གི་ཁ་གསབ་བྱ་དགའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་རྩྭ་ཕྱུགས་དོ་སྙོམས་ཀྱི་དཔེ་སྟོན་རྫོང་བསྐྲུན་དགོས། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རིན་ཡོད་བེད་སྤྱོད་ལམ་ལུགས་བཅོས་སྒྱུར་རྒྱུན་མཐུད་ངང་སྤེལ་བ་དང་། སྐྱེ་ཁམས་མ་ལག་གི་རིན་ཐང་ཞིབ་རྩིས་དང་མངོན་འགྱུར་ལས་སྟེགས་འཛུགས་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་རྐྱེན་སྲོལ་ཚོད་ལྟ་བཅས་བྱེད་དགོས།

སྐྱེ་ཁམས་དར་ན་དཔལ་ཡོན་དར། སྐྱེ་ཁམས་ཉམས་ན་དཔལ་ཡོན་ཉམས། སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་འཚོ་སྡོད་དང་འཕེལ་རྒྱས་ཡོང་བའི་རྨང་གཞི་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་གིས་ཐད་ཀར་དཔལ་ཡོན་དར་རྒུད་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད། ང་ཚོས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་ དགོངས་པ་མཛུབ་སྟོན་ཏུ་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་དང་བྱ་སྤྱོད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྔར་ལས་དོ་སྣང་བྱེད་པ།  ཆུ་ཚད་མཐོན་པོས་རྒྱལ་ཁབ་སྤྱི་གླིང་བསྐྲུན་པ། སྤུས་ཚད་མཐོན་པོས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པ། ཚད་གཞི་མཐོན་པོས་ལམ་ལུགས་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་གསར་པ་ཆགས་པར་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།