ཚད་གཞི་མཐོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་དགོས།
2023.02.08 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་དྲ་བ། ཀློག་གྲངས། 22

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང“རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་དགོས”ཞེས་བཏོན་ཡོད་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང“རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད། ལོ་ལྔའི་རིང་། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་པས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་དོ་ཁུར་ཐོབ་ཡོད། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ཞིང་ཆེན་དང་པོ་ནས་ཀྲུང་གོའི་སྐོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་བཙུགས་པའི་ཞིང་ཆེན་དུ་གྱུར་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་དཔེ་སྟོན་ཞིང་ཆེན་ཐོག་མ་དེ་བཙུགས་པ་ནས་མིག་སྔའི་རྒྱལ་ཁབ་སྤྱི་གླིང་མང་ཤོས་ཀྱི་ཞིང་ཆེན་དུ་གྱུར་ཏེ། རྒྱལ་ཁབ་སྤྱི་གླིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ལ་བཀྲག་མདངས་བསྣན་པ་དང་འཕེལ་རྒྱས་ལ་ནུས་པ་བསྩལ་ཞིང་། རབ་མཛེས་མཚོ་སྔོན་གྱི་བཀྲག་མདངས་འཚེར་བའི་མིང་བྱང་དང་ཀུན་ལ་གྲགས་པའི་སྒོ་བྱང་དུ་གྱུར་ཡོད།

2019ལོའི་ཟླ6པར་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་སྟོན་ཞིང་ཆེན་བཙུགས་པ་དང་། 2020ལོའི་ཟླ3པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས《མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ལོ་གསུམ་འགུལ་སྐྱོད་འཆར་གཞི(2020ལོ་ནས2022ལོ་བར)》དཔར་འགྲེམ་བྱས་པ་དང་། “གོམ་སྟབས་གསུམ”གྱི་འཐབ་ཇུས་དམིགས་འབེན་གཞིར་བཟུང་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བཟོས་པ་རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་བྱ་ཡུལ་དང་པོ་ཡིན་པར་མ་ཟད། དངོས་སུ་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་སྐོར་ཁག་དང་པོའི་གྲས་ཀྱང་ཡིན་ལ། རང་རྒྱལ་གྱི་མཚོ་འཕང་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་ཞིག་ཀྱང་རེད། “སྣེ་ཁྲིད་པ་དགུ་ཡིས་ཆུ་བོ་བཅོས་པ”དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཐབས“ཐར་ཐོར”ཡིན་པ་བཅོས་སྐྱོང་བྱས་པས། གཙང་གསུམ་འབྱུང་ཡུལ་ལ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་གསར་གཏོད་ལེགས་པོ་བྱེད་པའི“འགྱུར་ལྡོག”བྱུང་ཞིང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་མགོར་ཕྱོགས་ཡོངས་ནས་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱུང་ཡོད། ད་སྐབས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ཁྲི་གཉིས་དང་སྟོང་གསུམ་ལྷག་ནས་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་དགུ་བདུན་བརྒྱ་བར་ཇེ་མང་དུ་ཕྱིན་ནས་ཚད་གཞི་མཐོ་བའི་འཛུགས་སྐྲུན་གྱི་དུས་མཚམས་སུ་སླེབས་ཡོད།

མདོ་ལ་རིང་མོ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་རང་རྒྱལ་གྱི་ཆེས་གལ་འགངས་ཆེ་བའི་འཁྱགས་རོམ་དང་ཆུ་ཁུངས་གསོ་གསོག་སྐྱེ་ཁམས་བྱེད་ནུས་ཁུལ་ཞིག་རེད། མིག་སྔར་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་རྒྱལ་ཁབ་ཀྱིས་དཔྱད་དཔོག་བྱས་པ་བརྒྱུད། སྤྱི་གླིང་འཛུགས་པའི་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་། 2017ལོ་ནས་ད་བར་མཚོ་སྔོན་ཞིང་ཆེན་གྱིས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོན་པོས་ལས་འགན་ཁག་ལ་སྐུལ་འདེད་བཏང་ནས“ལེགས་པོ་བཅུ”དམིགས་འབེན་དུ་བྱས་ཏེ་ཚད་ལྡན་གཅིག་གྱུར་གྱི་དོ་དམ་སྒྲིག་གཞི་ཆ་ཚང་ཞིག་བཙུགས་པ་དང་། ཕྱོགས་བསྡུས་ཁྲིམས་འཛིན་ལས་དོན་གྱི་རྣམ་པ་ཁྱབ་གདལ་དུ་བཏང་སྟེ། ཚད་གཞི་ཅན་གྱི་དོ་དམ་སྲུང་སྐྱོབ་ས་ཚིགས་བཞི་བཅུ་བསྐྲུན་ཞིང་། མཚོ་སྔོན་དུ“སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐོ་ས་དང་། སྐྱེ་ཁམས་ཚན་ཞིབ་ཀྱི་མཐོ་ས། སྐྱེ་ཁམས་རིག་གནས་ཀྱི་མཐོ་ས”བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་ཡོད།

མཚོ་སྔོན་པོར་དམིགས་བསལ་དུ་ཡོད་པའི“རྩྭ་ཐང་དང་ཆུ་བོ། མཚོ་དང་ཉ། བྱ”བཅས་ཀྱི་མཉམ་གནས་སྐྱེ་ཁམས་སྦྲེལ་ཐག་ཅིག་ཆགས་ཡོད་པས་ཚབ་མཚོན་རང་བཞིན་ཆེན་པོ་ལྡན། 2022ལོའི་ལོ་སྟོད་དུ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་དོན་སྤེལ་རྒྱུར་མཆན་འགོད་བཀའ་ལན་བྱིན་ཏེ་མོས་མཐུན་བྱུང་བ་དང་། མིག་སྔར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་ཡོད། དུས་མཚུངས་སུ། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་དུམ་ཁུལ)གི་དུས་མགོའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་ཁྱུ་ཚོགས་ལ་གཞི་ཁྱོན་སྔར་ལས་ཆེ་བ་ལྡན་ངེས། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་དུམ་ཁུལ)གི་དཔྱད་དཔོག་ཁུལ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ལེགས་གྲུབ་བྱུང་བ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་རྟོག་ཞིབ་ཕྱི་ཕྱོགས་ལས་དོན་སྤེལ་བཞིན་པའི་སྒང་ཡིན་ལ། ཁུ་ནུ་རི་བོ་དང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་དང་དེ་བཞིན་ཡན་ལག་ཁུལ་གྱི་དབྱེ་མཚམས་འབྱེད་པའི་ལས་དོན་དུས་མཉམ་དུ་སྤེལ་བཞིན་ཡོད།

མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ཁུལ109ལེགས་སྒྲིལ་བྱས་པ་དེ79བར་ཇེ་ལེགས་སུ་བཏང་བ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཉིས་དང་ཁྲི་དྲུག་སྟོང་ལྔ་ལྷག་ཟིན་ནས་རྒྱལ་ཁབ་མངའ་ཁོངས་ས་ཆའི་རྒྱ་ཁྱོན་གྱི38.08%བཟུང་བ་དེ་ལེགས་སྒྲིལ་ལེགས་གཏོང་མ་བྱས་སྔོན་ལས3.85%འཕར་ཡོད། དེའི་ནང་རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྒྱ་ཁྱོན་གྱི77.17%བཟུང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་གསར་པ་གཞི་རྩའི་ཆ་ནས་གྲུབ་ཡོད།

“ཀྲུང་ཧྭའི་ཆུ་མཛོད”ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད།

མཚོ་སྔོན་དུ། སྐྱེ་ཁམས་ནི་ཞིང་ཆེན་འཛུགས་པའི་རྩ་བ་དང་འཕེལ་རྒྱས་ཀྱི་རྩ་བ་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་ལ་འབྲེལ་བ་ཡོད། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་དང་། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་བཅས་ཀྱི་འགན་འཁྲི་གལ་ཆེན་ལེགས་པར་ཁུར་བ་བརྒྱུད། ད་སྐབས་གཙང་པོའི་མགོ་ཁུངས་ཀྱི་བུ་བུ་མོ་ཡོངས་ཀྱིས་སྔོ་ལྗང་རི་ཆུའི་དོན་སྙིང་ཟབ་མོ་ཚོར་ཐུབ་ཡོད་པ་དང་། སྐྱེ་ཁམས་ལེགས་པོ་ལས་བྱུང་བའི་ཀུན་ལ་ཕན་པའི་དམངས་ཚིས་བདེ་སྐྱིད་ཚོར་ཡོད།

ད་ལྟའི་མཚོ་སྔོན་དུ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཚད57%ཡན་ལ་མཐོ་རུ་ཕྱིན་ཡོད་པ་དང་། གཙོ་གནད་བྱེ་ཁུལ་དུ“བྱེ་མས་མི་རྣམས་བཙན་གྱིས་ཕྱིར་ཕུད་བཏང་བ”ནས“ལྗང་མདོག་གིས་བྱེ་མ་མི་མཐོང་བར་གྱུར་པའི” བར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས། ཞིང་ཆེན་ཡོངས་ཀྱི་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་བརྟན་པོའི་ངང་གནས་ཤིང་། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་ལེགས་བཅོས་མངོན་གསལ་བྱུང་སྟེ། གཙོད་དང་དགོ་བ། མཚོ་སྔོན་པོའི་གསེར་ཉ་སོགས་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་གྱིས་ཇེ་མང་དུ་ཕྱིན་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པར་གྱུར་ཡོད།

སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་བརྒྱབ་པས། སྔོ་ལྗང་གི་རྦ་རླབས་གཡོ་ཞིང་སྐྱོམ་པའི་མཚོ་སྔོན་པོས“རབ་མཛེས་གཙང་ལེགས”ཀྱི་སྣང་བརྙན་མངོན་ཏེ། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱིས་གཙང་པོའི་མགོ་ཁུངས་ཀྱི་ཆུ་མིག་དྭངས་མོ་སྨད་རྒྱུད་དུ་བསྐྱལ་ཡོད། ཙོང་ཆུ་ནི་སྔོན་ཆད་ཀྱི་སྦགས་བཙོག་ནས་དྭངས་གསལ་དུ་སླར་གསོ་བྱུང་ཡོད་པས། བར་སྣང་ནས་མར་བལྟས་ན་དངུལ་མདོག་གི་དར་ཞིག་གྲོང་ཁྱེར་ལ་བརྒྱུས་པ་དང་འདྲ་ལ། སྔོ་ལྗང་གི་རི་དང་ལྗོན་པས་མཛེས་པར་བརྒྱན་ཏེ། ཆུ་བོ་དྭངས་ལ་ཆུ་འགྲམ་ལྗོན་པས་གཡོགས་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་མངོན་ཡོད། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པ་རྣམས་ས་ཆ་གང་དུ་བསྐྱོད་ཀྱང་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་མངོན་གསལ་བྱུང་བ་དང་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ་མཐོང་རྒྱུ་ཡོད་ལ། གནམ་སྔོན་པོ་དང་སྔོ་ལྗང་རི་ཆུ་བཅས་ནི་སུས་ཀྱང་ལོངས་སུ་སྤྱད་ཆོག་པའི་སྤྱི་པའི་ཐོན་རྫས་སུ་གྱུར་ཡོད།

“མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”ནས“དྲ་མིག་གཅིག”གིས་མཚོ་སྔོན་གྱི་མཛེས་ལྗོངས་ཡོངས་ལ་བལྟ་ཐུབ་པ་མངོན་གྱུར་བྱུང་བ་དང་། གནས་ཡུལ་དེ་ཐོག་མའི་དྲུག་ལས་མེད་པ་ནས་དོན་དྲུག་བར་དུ་འཕར་སྣོན་བྱུང་ཞིང་། ཆུའི་སྐྱེ་ཁམས་དང་རྩྭ་ཐང་གི་སྐྱེ་ཁམས། རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་སོགས་རྒྱང་བསྟེན་བརྒྱུད་དེ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ལ། གཞི་གྲངས་མཉམ་སྤྱོད་ཐུབ་པ་དེས་མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བཞིན་པ་མཚོན་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཀྱང་མཚོན་ཡོད་ལ། མཚོ་སྔོན་གྱི་བུ་བུ་མོ་ཡོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན་རྒྱུའི་སྙིང་རུས་ཀྱང་མཚོན་ཡོད།

གནས་བབ་དང་བསྟུན་ནས་ཇུས་འགོད་དང་། གནས་བབ་དང་བསྟུན་ནས་འགུལ་སྐྱོད། གནས་བབ་དང་བསྟུན་ནས་བྱ་བ་བསྒྲུབ་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ལག་ལེན་གྱི་མཐོ་ས་གསར་པ་སྤྱི་འདོམས་སུ་བྱས་ཏེ། མཚོ་སྔོན་གྱིས《མདོ་དབུས་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་མགྱོགས་མྱུར་ངང་བསྐྲུན་རྒྱུའི་སྐོར་གྱི་འགུལ་སྐྱོད་ཇུས་གཞི》དཔར་འགྲེམ་བྱས་ནས། “མཐོ་ས་གསར་པ་བདུན”གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་སྤེལ། ད་ལྟའི་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་ལ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་བཞིན་ཡོད་པ་དང་བཀོད་སྒྲིག་ནས་དོན་འཁྱོལ་བར་གྱི་ལས་དོན་སོ་སོ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།