མཐོ་སྒང་གི་བརླན་ས་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན།
2023.02.20 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 26

 མཐོ་སྒང་གི་བརླན་ས་ནི་ཆུ་ཁོངས་གསོ་འཁྱོངས་དང་། ཁ་དབུགས་སྙོམས་སྒྲིག ཐཱན་གསོག་ཉར་དང་སྲ་བརྟན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཕྱོགས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་མཐོ་སྒང་གི་བརླན་ས་སྲུང་སྐྱོབ་དང་སླར་གསོ་བྱས་ན་མཐོ་སྒང་གི་སྐྱེ་དངོས་མ་ལག་དོ་མཉམ་ཡོང་བ་སྲུང་འཛིན་བྱེད་ཐུབ།

2022ལོའི་ཟླ11པར། 《བརླན་སའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྟེང<<ཝུའུ་ཧན་བསྒྲགས་ཡིག>>ལ་གྲོས་འཆམ་བྱུང་། བསྒྲགས་ཡིག་ནང་མཐོ་སྒང་གི་བརླན་ས་སོགས་ཉམས་ཞན་གྱི་སྐྱེ་ཁམས་མ་ལག་ལ་ཐོག་མར་སྲུང་སྐྱོབ་དང་དོ་དམ་བྱེད་ཐབས་འོས་འཚམ་རེ་སྤྱོད་དགོས་ཞེས་འབོད་སྐུལ་བཏང་ཡོད། མཐོ་སྒང་གི་བརླན་ས་ནི་མཐོ་སྒང་ན་ཡོད་པའི་བརླན་ས་ལ་ཟེར་ཞིང་། དེ་ཡང་མཐོ་སྒང་ནི་མཚོ་འཕང་སྨི་སྟོང་གཅིག་ཡན་ན་ཡོད་ཅིང་། བལྟས་འཇོག་གི་མཐོ་ཚད་སྨི500ཡན་གྱི་ས་ཁུལ་ལ་ཟེར་བ་ཡིན། རང་རྒྱལ་ལ་མཐོ་སྒང་ཆེན་པོ་བཞི་ཡོད་དེ། མདོ་དབུས་མཐོ་སྒང་དང་། ཡུན་ཀོས་མཐོ་སྒང་།  ནང་སོག་མཐོ་སྒང་།  ས་སེར་མཐོ་སྒང་བཅས་ཡིན།  “བརླན་ས” ནི་སྐྱེ་ཁམས་བྱེད་ནུས་མངོན་གསལ་ལྡན་པའི་རང་བྱུང་ངམ་རྩོལ་བྱུང་། དུས་ཡུན་རིང་བོའམ་དུས་ཚིགས་རང་བཞིན་གྱིས་བསགས་པའི་ཆུ་ཁུལ་དང་ཆུ་ཁོངས། ཆར་ཆུ་ཉུང་དུས་ཆུའི་གཏིང་ཚད་སྨི6ཡན་ལ་བརྒལ་མེད་པའི་མཚོ་ཁོངས་བཅས་ལ་ཟེར་བ་ཡིན།  ཆུ་ཞིང་དང་གསོ་སྤེལ་ཐད་སྤྱོད་པའི་རྩོལ་བྱུང་ཆུ་ཁོངས་དང་གྲམ་ཐང་རྣམས་བརླན་སའི་ཁྱབ་ཁོངས་སུ་མི་ཚུད། 《བརླན་སའི་སྤྱི་ཆིངས》ལྟར་ན། བརླན་ས་ལ་མཚོ་འགྲམ་བརླན་ས་དང་། མཚེའུ་བརླན་ས། གཙང་བོའི་བརླན་ས། ནེའུ་གསིང་གི་བརླན་ས། རྩོལ་བྱུང་བརླན་ས་བཅས་བརླན་ས་རིགས་ལྔ་ཡོད།

དེ་ཡང་མཐོ་སྒང་གི་བརླན་ས་ནི་མདོ་དབུས་མཐོ་སྒང་དང་། ཡུན་ཀོས་མཐོ་སྒང་། ནང་སོག་མཐོ་སྒང་བཅས་ན་ཡོད་པའི་མཚོ་དང་མཚེའུ་བརླན་ས་དང་། གཙང་བོའི་བརླན་ས། ནེའུ་གསིང་གི་བརླན་ས། རྩོལ་བྱུང་བརླན་ས་བཅས་ཡིན་པ་དང་། གཙོ་བོ་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཞིན་ཅིང་། ནང་སོག  སི་ཁྲོན། ཡུན་ནན། ཀོས་ཀྲོའུ་སོགས་ཞིང་ཆེན་ཀྱི་ཁོངས་ན་ཡོད། མཐོ་སྒང་གི་བརླན་སས་རང་རྒྱལ་གྱི་བརླན་སའི་རྒྱ་ཁྱོན་ཁྲོད་སྡུར་ཚད་ཆེན་པོ་ཞིག་ཟིན་ཡོད་ཅིང་། རང་རྒྱལ་གྱི“ཁུལ་གསུམ་དང་རྒྱུད་བཞི”ཡི་སྐྱེ་ཁམས་བདེ་འཇགས་ཀྱི་འཐབ་ཇུས་ཏེ“མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་ཁུལ ”དང་།“རྨ་ཆུའི་སྐྱེ་ཁམས་ཁུལ་གཙོ་བོ། ”“བྱང་ཕྱོགས་བྱེ་འགོག་ཁུལ”གྱི་གྲུབ་ཆ་གལ་ཆེན་ཉག་ཅིག་ཡིན། མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་དེའི་སྐྱེ་ཁམས་བྱེད་ནུས་འདོན་སྤེལ་ལ་མཚོན་ན་དུས་རབས་གསར་པར་རང་རྒྱལ་གྱི་བརླན་ས་སྲུང་སྐྱོབ་ཀྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་དང་། མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་འཛུགས་སྐྲུན་ལ་ཤུགས་སྣོན་པར་དགོས་ངེས་ཆེན་པོ་ལྡན།

མཐོ་སྒང་གི་བརླན་ས་ནི་ཆུ་ཁུངས་གསོ་འཁྱོངས་དང་ཁ་དབུགས་སྙོམས་སྒྲིག ཐཱན་གསོག་ཉར་དང་སྲ་བརྟན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད།  མཐོ་སྒང་གི་བརླན་ས་འདི་སྤྱིར་བཏང་གི་བརླན་ས་དང་བསྡུར་ན་གནས་སའི་ས་ཁོངས་ཀྱི་མཚོ་འཕང་ཅུང་མཐོ་ལ། དྲོད་ཚད་ཅུང་དམའ་བ། རྩྭ་རྩི་ཤིང་གི་སྐྱེ་ཚད་ཅུང་དལ་བ། མཐོ་སྒང་གི་ཁ་དབུགས་ཅུང་ཞན་པས་སྐྱེ་ཁམས་སླར་གསོ་བྱེད་པ་ཡང་ལས་སླ་བོ་མིན་པ་སོགས་ཀྱི་ཁྱད་ཆོས་ཡང་ལྡན་པས། གལ་སྲིད་གཏོར་བརླག་ཐེངས་ཤིག་ཐེབས་ཚེ། སྤྱི་བཏང་གི་བརླན་ས་དང་བསྡུར་ན་དུས་ཡུན་ཐུང་ངུའི་ནང་སླར་གསོ་བྱེད་དཀའ་བ་ཡིན།

མཐོ་སྒང་གི་བརླན་སར་རིགས་ཧ་ཅང་མང་ཞིང་། ཁྱབ་ཁོངས་ཧ་ཅང་རྒྱ་ཆེ། གནས་ཡུལ་དམིགས་བསལ་ཡིན་ལ། གོ་གནས་གལ་ཆེན་ལྡན་པས། བརླན་སར་གནས་པའི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་ཕུན་སུམ་ཚོགས་པར་མ་ཟད། རྩ་ཆེ་ལ་རིགས་མང་བ། ཐོན་ཁུངས་ཀྱི་བསགས་འབོར་ཉུང་ལ་ཐུན་མོང་མ་ཡིན་པའི་སྐྱེ་དངོས་དང་སྲོག་ཆགས་རིགས་ཧ་ཅང་མང་བ་སོགས་ཀྱི་ཁྱད་ཆོས་ལྡན། དེ་ལས་ཐུན་མོང་མ་ཡིན་པའི་སྐྱེ་དངོས་རིགས་ནི་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་པས། ཚན་རིག་དང་མཐུན་པའི་སྒོ་ནས་མཐོ་སྒང་གི་བརླན་ས་སྲུང་སྐྱོབ་དང་སླར་གསོ་བྱེད་པ་ནི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྐྱེ་དངོས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་སླར་གསོ་དང་། མཐོ་སྒང་གི་སྐྱེ་ཁམས་མ་ལག་དོ་མཉམ་པའི་རྒྱུན་ལེགས་པར་སྐྱོང་བར་དོན་སྙིང་གལ་ཆེན་ལྡན།

རང་རྒྱལ་ལ་བརླན་སའི་ཁྱབ་ཁོངས་རྒྱ་ཆེན་པོ་ཡོད། ཀུན་གྱི་བློ་ཡུལ་ལས་འདས་པ་ཞིག་ལ། རང་རྒྱལ་གྱི་བརླན་སའི་རྒྱ་ཁྱོན་ཆེས་ཆེ་བའི་ཞིང་ཆེན་ལྷོ་ཕྱོགས་གཙང་འགྲམ་ན་ཆགས་པའི་ཆུ་གྲོང་མིན་ལ། མུ་མཐའ་མི་ངོམ་པའི་མཚོ་ཁོངས་ཀྱང་མ་ཡིན་པར་མདོ་དབུས་མཐོ་སྒང་གི་ཡུལ་དེ་ཡིན། རང་རྒྱལ་གྱིས་གནའ་ནས་ད་བར་དུ་བརླན་ས་སྲུང་སྐྱོབ་དང་དོ་དམ་ལ་མཐོང་ཆེན་བྱས་པས་གྲུབ་འབྲས་མང་པོ་བླངས་ཡོད། ཚན་རྩལ་ཡར་རྒྱས་ལ་བརྟེན་ནས་སྲུང་སྐྱོབ་བྱེད་ཐབས་ལེགས་པོ་བཏོན་པས་ལག་རྩལ་མ་ལག་གྲུབ་པར་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་བརླན་ས་སྲུང་སྐྱོབ་ཇུས་གཞི་དང་ཉམས་མྱོང་ཡང་ཆགས་ཡོད། དེ་དང་ཆབས་ཅིག་ཏུ། བརླན་ས་སྲུང་སྐྱོབ་ཀྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་བཙུགས་ནས་བརླན་ས་སྲུང་སྐྱོབ་བཅའ་ཁྲིམས་བཏོན་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་སྲུང་སྐྱོབ་བྱེད་དགོས་པའི་ཁྱབ་ཁོངས་གཙོ་བོར་དམིགས་ནས་སྲུང་སྐྱོབ་ས་ཁོངས་དང་། རྒྱལ་ཁབ་སྤྱི་གླིང་སོགས་རིགས་མི་འདྲ་བའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་བཙུགས། ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་ས་ཁོངས་གཏན་འཁེལ་བྱས་པ་མ་ཟད། སྲུང་སྐྱོབ་བྱ་ཡུལ་མི་འདྲ་བར་དམིགས་ནས་སྲུང་སྐྱོབ་སྲིད་ཇུས་མི་འདྲ་བ་བཏོན་པས། རང་རྒྱལ་གྱི་བརླན་ས་སྲུང་སྐྱོབ་ལ་འཕེལ་རྒྱས་བྱུང་ནས་ཕན་འབྲས་མི་དམན་པ་བླངས་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།