“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་ནས་རྨ་འབྲི་རྫ་གསུམ་གྱི་ལྗང་མདོག་བརྟན་པོ་བསྐྲུན།
2023.03.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

པར་འདི་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་དགོན་གསར་ཡུལ་ཚོ་སྙི་ཆེན་སྡེ་བར་གནས་པའི“ལེ་དབར་ཁྲི་ཡི་འབྲི་ཆུའི་མཚོ་ཁུག་ཨང་དང་པོ”རེད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྐྱོད་ཚེ། དགུང་སྔོན་པོ་དང་སྤྲིན་དཀར་པོའི་འོག་ཏུ་གནས་པའི་མུ་འབྲེལ་རི་བོ་དང་། གཙང་པོ་དང་མཚེའུའི་བརླན་སར་དར་ཆགས་ཡོད་ལ། ཁ་ཟས་འཚོལ་བཞིན་པའི་རི་སྐྱེས་སྲོག་ཆགས་ཡང་མཐོང་རྒྱུ་ཡོད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ་རི་མོ་ཞིག་མི་རྣམས་ཀྱི་མིག་ལམ་དུ་བཀྲམ་པ་དང་འདྲ།

ཡུས་ཧྲུའུ་ཁུལ་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པ་དང་། ཆུ་ཁུངས་གསོ་གསོག་དང་གནམ་གཤིས་སྙོམས་སྒྲིག་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་འཛིན་བྱེད་པ་སོགས་སྐྱེ་ཁམས་ཀྱི་ནུས་པ་གལ་ཆེན་སྲུང་འཛིན་བྱས་ཡོད་པས་སྐྱེ་ཁམས་གོ་གནས་དམིགས་བསལ་དང་ཧ་ཅང་གལ་ཆེ་བ་ཞིག་རེད། ལོ་ངོ་བཅུའི་རིང་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། “ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་དགོས”པའི་བླང་བྱ་གལ་ཆེན་དང་། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ཡིད་ལ་བརྟན་པོར་བཅངས་ནས། “ཀྲུང་ཧྭའི་ཆུ་མཛོད”ལ་དམིགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་གསལ་ཐོ་བཟོས་ནས་པར་འགྲེམས་བྱས་ལ།“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་མོ་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཙོ་གནད་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་བ་དང་། ལྗང་མདོག་འཕེལ་རྒྱས་དེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ལྗང་མདོག་གི་གནས་ཡུལ་ཆེན་པོ་འཛུགས་སྐྲུན་བྱེད་དགོས།

གསར་འགོད་པ་ཡུས་ཧྲུའུ་གྲོང་ཁྱེར་ཤར་ལྷོའི་རྒྱུད་ཀྱི་དཔལ་ཐང་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ་བསྐྱོད་སྐབས་དགུང་སྔོན་པོ་དང་སྤྲིན་དཀར་པོ། གངས་རི། རྩྭ་ཐང་བཅས་སུ་ཞོགས་པའི་ཉི་རྩེའི་འོད་མདངས་ཆེམ་ཆེམ་དུ་འཕྲོ་བཞིན་འདུག “སྔོན་ཆད་གནས་འདི་ནི་གྲམ་ཐང་ཞིག་ཡིན་ལ། ད་ལྟ་ཤིང་སྡོང་དང་མེ་ཏོག་ཡོད་པ་མ་ཟད། ང་ཚོས་ངལ་གསོ་རོལ་རྩེད་དང་ལུས་སྦྱོང་བྱ་ཡུལ་ཞིག་ཏུ་གྱུར་ཡོད”ཅེས་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྡོད་དམངས་པ་སངས་ཀྱིས་དེ་ལྟར་བཤད་པ་དང་། དབྱར་དུས་གནས་འདི་རུ་སྔོ་ལྗང་ལྗང་གི་ལྗོན་ཤིང་དང་རྩྭ་ཐང་ཡོངས་སུ་མེ་ཏོག་གིས་བརྒྱན་ཡོད་པས་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་ཟེར།

ལོ་ངོ་འདི་དག་གི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ཀུན་ལ་ཕན་པའི་དམངས་ཚིས་བདེ་སྐྱིད་དུ་བརྩི་བ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱིས་སྤྱི་ཚོགས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱེད་པ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུ་ལྟེ་བར་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།

ཡུས་ཧྲུའུ་ཡི་མཐོ་སྒང་གི་མུའུ་སྟོང་གི་ནགས་ཤིང་རྒྱུད་བཟང་གསོ་སྤེལ་ཚོད་ལྟའི་རྟེན་གཞི་ནས་རྒྱལ་ལམ214ཡི་ལེ་བར་བརྒྱ་ཡི་ལྗང་མདོག་ཁྱམས་རིང་བར་དང་། ལྷོ་བྱང་རི་བོའི་ནགས་བསྐྲུན་ལྗང་བསྒྱུར་ནས་དཔལ་ཐང་གི་བརླན་སའི་སྤྱི་གླིང་བསྐྲུན་པ། གྲོང་ཁྱེར་གྱི་ཚད་གཞི་མཐོ་བའི་ནགས་བསྐྲུན་ནས་སྒོ་ར་ལྗང་འགྱུར་བཅས་བར་ཡུས་ཧྲུའུ་ཡི་ནགས་སྐྲུན་དང་མཛེས་ལྗོངས་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་ལྗང་མདོག་གི་རྣམ་པ་ཆེན་པོ་བསྐྲུན་ཡོད།

ལོ་ངོ་བཅུའི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཚད་མཐོ་ས་ནས་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་གཞི་ཁྱོན་ཆེན་པོས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས། རྒྱལ་ཁབ་ཀྱི་ས་ཁོངས་ལྗང་བསྒྱུར་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང“ལོ་གསུམ་གྱི་བྱ་སྤྱོད”གཉིས་རྒྱུན་མཐུད་ངང་སྤེལ་བ། ཉེ་འགྲམ་དུ་སྔོ་ལྗང་ཇེ་མང་དུ་གཏོང་བ་དང་རྒྱང་རིང་རི་བོའི་ནགས་སྐྲུན་གཙོ་གནད་ས་ཁོངས་ཀྱི་རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་རྒྱུན་མཐུད་ངང་སྤེལ་བ་བཅས་བྱས་པས། གནས་དང་ཐིག ས་ཁུལ་བཅས་ཟུང་འབྲེལ་དམ་པོ་བྱས་ལ། མཁར་གྲོང་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བའི་ལྗང་བསྒྱུར་གྱི་རྣམ་པ་ཆགས་པ་དང་། རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་ས་ཁོངས་ལྗང་བསྒྱུར་བྱས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་དྲུག་དང་སྟོང་གཅིག་དགུ་བརྒྱ་ཙམ་ཟིན་ཡོད།

ལོ་ངོ་བཅུའི་རིང་ལ། ཡུས་ཧྲུའུ་ཁུལ་གྱིས《རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་བསྐྲུན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》རྒྱུན་འཁྱོངས་བྱེད་པ་ཁྲིད་སྟོན་དུ་བྱས་ཏེ། ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་དང་དོ་དམ་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས། སྲུང་སྐྱོབ་ས་ཁུལ་གྱི་རྣམ་པ་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་སྟེ་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོབ་ཁུལ་རིགས་གསུམ་དང་གནས་བཅུ་གསུམ་ཧྲིལ་བསྡུས་དང་ཇེ་ལེགས་སུ་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་གསར་པ་གཞི་རྩའི་ཆ་ནས་བསྐྲུན་ཡོད།

ལོ་ངོ་བཅུའི་རིང་ལ། སྐྱེ་ཁམས་མ་ལག་གི་སྤྱི་ཁོག་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས། ཁུལ་ཡོངས་ཀྱི་ནགས་ཀྱི་ཁེབས་ཚད་དེ2012ལོའི3.2%ནས་མིག་སྔའི་3.97%བར་མཐོ་རུ་ཕྱིན་ཡོད། རྩྭ་ཐང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། ཕྱུགས་སྐྱུར་རྩྭ་འདེབས་དང་ཞན་འགྱུར་རྩྭ་ཐང་བཅོས་སྐྱོང་སོགས་ཀྱི་བཟོ་སྐྲུན་ལག་བསྟར་ནན་མོ་བྱེད་པ། ཕྱུགས་བཀག་དང་ཕྱུགས་སྤྱིལ་ཁང་དུ་གསོ་བ། རྩྭ་ཕྱུགས་དོ་མཉམ་བཅས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། རྩྭ་ཐང་གི་སྔོ་ཁེབས་ཚད་དེ2013ལོའི56.44%ནས་མིག་སྔའི62.24%བར་འཕར་ཡོད།

སྐྱེ་ཁམས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས། ལྗང་མདོག་གི་ཕན་འབྲས་རོལ་མྱོང་བྱེད།

ཉིན་རེའི་ཞོགས་པ་སྔ་མོ་ནས་པར་ཆས་དང་རྒྱང་ཤེལ། ཆུ་ཚ་པོ་དང་ལམ་རྒྱགས། ཟིན་བྲིས་འབྲི་དེབ་བཅས་རྒྱབ་ཁུག་ནང་བཞག་ཏེ་འཕྲུལ་རྟར་ཞོན་ནས་རི་བོ་ཆེན་པོར་སྐོར་གཡེང་བྱེད་ཀྱིན་ཡོད་ལ་ཟླ་རེར་གླ་ཕོགས་སྒོར1800ལེན་ཐུབ། དེ་ནི་ཡུས་ཧྲུའུ་ཁུལ་གྱི་སྐྱེ་ཁམས་བདག་སྐྱོང་བས་རང་ཁྱིམ་གྱི་སྒོ་འགྲམ་དུ“སྐྱེ་ཁམས་ཀྱི་ཡོང་སྒོ”བཙལ་བ་ཡིན་པ་དང་། ཁོ་ཚོའི་བྱ་བའི་ཕན་འབྲས་ཀྱིས་ས་གནས་མང་ཚོགས་ལ་སྐྱེ་ཁམས་ཀྱི་ཕན་འབྲས་སྔར་ལས་མང་པོ་ཐོབ་ཡོད།

2018ལོའི་སྔོན་ལ། རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་རི་ཆེན་སྡེ་བའི་རུ་ཁག་ལྔ་པའི་འབྲོག་པ་བསམ་གྲུབ་ཡང་འབྲོག་པ་མང་ཆེ་བ་དང་འདྲ་བར་ཁྱིམ་གྱི་ཡོང་འབབ་གཙོ་བོ་ནི་གསོ་སྤེལ་ལས་རིགས་དང་དབྱར་རྩྭ་དགུན་འབུའི་ཚོང་བརྒྱབ་ནས་བླངས་བ་རེད། ཁོས“ཕྱུགས་འཚོའི་ཡོང་འབབ་གངས་སྐྱོན་ཕོག་ཚེ་བཟའ་མི་ཚང་མས་ལོ་འགའ་ལ་དཀའ་སྡུག་མྱངས་དགོས་པ་དང་། དབྱར་རྩྭ་དགུན་འབུའི་རིན་གོང་ཡང་རྒྱུན་དུ་འཕར་ཆག་ཡོད་པས་བཟའ་མི་ཚང་མའི་འཚོ་བར་འགན་སྲུང་བརྟན་པོ་ཞིག་བྱེད་མི་ཐུབ”ཟེར།

ལོ་ངོ་བཞི་ཡི་སྔོན་ལ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》པར་འགྲེམས་བྱས་ནས་བསམ་གྲུབ་ཀྱི་འཚོ་བར་རེ་བ་གསར་པ་སྦྱིན། “ཁྱིམ་ཚང་རེར་ལས་གནས་རེའི”སྲིད་ཇུས་ལྟར། སྐྱེ་ཁམས་བདག་སྐྱོང་པའི་བྱ་བས་བསམ་གྲུབ་ལ་ཡོང་འབབ་བརྟན་པོ་ཡོད་པར་གྱུར། སྐྱེ་ཁམས་ཁོར་ཡུག་གི་ཚོང་ལས་གོ་སྐབས་ཡག་པོ་ཞིག་དང་འཕྲད་ནས“འབྲོག་པའི་སྣེ་ཁྲིད་མཁན”ཞིག་ཏུ་གྱུར་བ་དང་། དམིགས་བསལ་གྱི་ཚོང་ལས་གཉེར་བས་ཁྱིམ་ཚང་གི་ཡོང་འབབ་ལྡབ་གཅིག་འཕར་ཡོད།

སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་བཙུགས་པ་དང་ཆབས་ཅིག ད་ལྟ་ཡུས་ཧྲུའུ་ཡི་རོང་འབྲོག་མང་ཚོགས་འབུམ་གསུམ་དང་ཁྲི་གཅིག་གིས་སྐྱེ་ཁམས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་བཞིན་ཡོད། ལྷག་པར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བརྒྱུད་རིམ་ཁྲོད། ཁུལ་ཡོངས་སུ་སྐྱེ་ཁམས་སྤྱི་ཕན་ལས་གནས་ཁྲི་གཅིག་དང་སྟོང་བཞི་དྲུག་བརྒྱ་རེ་དྲུག་བཙུགས་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱ་འཕར་སྣོན་བྱུང་ཡོད། རེས་སྐོར་དང་པོའི་རྩྭ་ཐང་ཁ་གསབ་བྱ་དགའི་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དགུ་བྱེ་བ་གཉིས་བྱིན་པ་དང་། རེས་སྐོར་གཉིས་པའི་རྩྭ་ཐང་ཁ་གསབ་བྱ་དགའི་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དྲུག་བྱེ་བ་བཞི་བྱིན། དེ་དང་ཆབས་ཅིག ཁུལ་དེས་གཅན་གཟན་གྱི་གནོད་འཚེའི་ཁ་གསབ་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ།《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རི་སྐྱེས་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོབ་དོ་དམ་སྲོལ་ཡིག》བཟོས་ནས་རྒྱ་ཆེའི་རོང་འབྲོག་པའི་ཁེ་ཕན་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱས་ཡོད།

དེ་དག་ལས་གཞན། ཡུས་ཧྲུའུ་ཁུལ་གྱིས་གྲོང་གསེབ་དར་སྤེལ་གཏོང་བའི“སྐྱེ་ཁམས་དང་གནས་སྡོད་འཚམ་པའི”བླང་བྱར་དམིགས་ཏེ། གྲོང་ཁྱེ་དང་ཁུལ།གྲོང་རྡལ། གྲོང་གསེབ། བགྲོད་ལམ་བཅས་ཀྱི་ལམ་རྒྱུད་གཙོ་གནད་དུ་བྱས་ནས། ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པ་དང་བེད་མེད་དངོས་ཟོག་མེད་པར་བཟོ་བའི་བཅོས་སྒྲིག་མུ་མཐུད་བྱས་ཏེ། རྒྱལ་ཡོངས་ཀྱི“བེད་མེད་དངོས་པོ་མེད་པའི་གྲོང་ཁྱེར”གྱི་ཚོད་ལྟའི་བྱ་བ་བརྟན་པོའི་ངང་སྤེལ་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གཙོ་གནད་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས། ཁུལ་ཡོངས་ཀྱི་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱེད་ཚད་རྒྱུན་མཐུད་ངང་མར་ཆག་པ་དང་། སྐྱེ་རྒུ་གྲོང་རྡལ་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ཡུན་རིང་རྒྱལ་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་གྲོང་ཁྱེར་གྱི་མདུན་གྲལ་དུ་གནས་ཡོད། ཁུལ་ཡོངས་ཀྱི་གཙང་པོ་དང་ཆུ་བོ་ཆེ་གྲས་ཀྱིས་ཆུ་སྤུས་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པས། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ཇེ་ལེགས་སུ་ཕྱིན་པ་དང་འཚོ་སྡོད་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ཡོད། ཡུས་ཧྲུའུ་པ་ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་པས “ལྗང་མདོག་ཁེ་སྤོགས”དངོས་གནས་ལོངས་སུ་སྤྱོད་ཐུབ་ཡོད།

ལྗང་མདོག་འཕེལ་རྒྱས་ལག་བསྟར་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས།

ལྟ་ཞིབ་ཚད་ལེན་གྱི་རྒྱུ་ཆ་ལས་མངོན་པ་ལྟར་ན། ཉེ་ལམ་ཡུས་ཧྲུའུ་ས་ཁོངས་སུ་ཡོ་རོབ་དང་ཨེ་ཤེ་ཡའི་སྲམ་འགུལ་སྐྱོད་བྱེད་པའི་གཟུགས་བརྙན་དང་བྱ་འགུལ་གྱི་རྣམ་པ་བརྟན་པོའི་ངང་ཐེངས་མང་བཀོད་ཡོད། ཁུལ་དེའི་མངའ་ཁོངས་ཀྱི་ཆུ་བོ་མང་པོ་ཞིག་ནི་ཡོ་རོབ་དང་ཨེ་ཤེ་ཡའི་སྲམ་གཏན་འཇགས་ཀྱི་འགུལ་སྐྱོད་བྱ་ཡུལ་དང་འཚོ་གནས་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁུལ་ཡོངས་ཀྱི་མངའ་ཁོངས་ནང་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཀྱི་གྲངས་འབོར་བརྟན་པོའི་ངང་འཕར་བ་དང་། ཁྲུང་ཁྲུང་སྐེ་ནག་ནི་རོང་པོ་སྲུང་སྐྱོབ་ས་ཚིགས་བཙུགས་མ་ཐག་པའི(1984ལོ)སྐབས་ཀྱི22ནས་མིག་སྔར་གྱི་ཉིས་བརྒྱ་བཅུ་དྲུག་བར་ཇེ་མང་དུ་ཕྱིན་པ་དང་། ཁྲུང་ཁྲུང་མགོ་ཁྲ་དེ་སྲུང་སྐྱོབ་བྱས་མ་ཐག་པའི་སྐབས་ཀྱི800ནས་མིག་སྔའི་ཁྲི་གཅིག་ལྷག་ཙམ་བར་ཇེ་མང་དུ་ཕྱིན་ཡོད་ལ། ཨ་ཆེན་གངས་རྒྱབ་ཀྱི་གཙོད་དུས་རབས་སྔོན་མའི་ལོ་རབས90པར་ཁྲི་གསུམ་ཙམ་མེད་པ་ནས་ད་ལྟའི་ཁྲི་བདུན་ལྷག་ཙམ་བར་ཇེ་མང་དུ་ཕྱིན་ཡོད།

ཡུས་ཧྲུའུ་ཡི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཐོབ་པའི་མངོན་གསལ་གྱི་གྲུབ་འབྲས་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དོན་འཁྱོལ་བྱས་པའི་ཕན་འབྲས་དངོས་ཡིན་ལ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།

ཉེ་བའི་ལོ་འགའི་རིང་། ཡུས་ཧྲུའུ་ཁུལ་གྱིས་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་མ་ལག་མགྱོགས་མྱུར་སྒོས་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་ཐོན་ལས། ལྗང་མདོག་འཛད་སྤྱོད། ལྗང་མདོག་སྲིད་ཇུས་བཅས་ནང་དོན་གཙོ་བོར་བྱེད་པའི“ལྗང་མདོག་སྲིད་ཇུས་གསར་བ”འཚོལ་ཞིབ་བྱས་ནས། དམིགས་འབེན་མ་ལག་དང་དཔྱད་ཞིབ་བྱ་ཐབས། བྱ་དགའ་དང་ཆད་གཅོད་བཅས་ཀྱི་ལམ་སྲོལ་བཙུགས་ཏེ། འཁྱགས་རོམ་གངས་རི་དང་། མཚེའུ་དང་བརླན་ས། མཐོ་སྒང་གི་སྤང་ལྗོངས་སོགས་སྐྱེ་ཁམས་མ་ལག་སྲུང་སྐྱོབ་ལ་སྤྱི་འདོམས་ཡག་པོ་བྱས་པ་དང་། སྔ་རྗེས་སུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་མཁོ་འདོན་ཁུལ་གཙོ་བོ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་འདེམས་ཁུལ་ཐོག་མ། ནུས་རྒྱུ་གཙང་མ་ཀུན་ལ་ཕན་པའི་ཁུལ་བཅས་ཀྱི་བྱ་སྤྱོད་ཇུས་གཞི་དང་བྱ་ཐབས་བཟོས་པ་མ་ཟད་བྱ་བར་སྐུལ་འདེད་གཏོང་བའི་ལམ་སྲོལ་ཡང་བཙུགས་པ་རེད། ཆུ་དབང་ཉོ་ཚོང་དང་རྩྭ་ཐང་ནགས་ཚལ་གྱི་ཐཱན་བསྡུ་ཉོ་ཚོང་ཚོད་ལྟ་ཧུར་ཐག་བྱས་ནས། ལྗང་མདོག་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དྭངས་གཙང་དྲོད་རླངས་མཁོ་འདོན་བཟོ་སྐྲུན་དང་། རྡོ་སོལ་འཛད་སྤྱོད་ཉུང་གཏོང་གི་ཚབ་བྱེད་བྱ་སྤྱོད། རྡོ་སོལ་ཁྲོ་ཐབ་སྒྱུར་བཀོད་བཟོ་སྐྲུན་བཅས་ལག་བསྟར་བྱས་པས། ཆུ་དམར་ལེབ་རྫོང་དང་ནང་ཆེན་རྫོང་གཉིས་ཞིང་ཆེན་ཡོངས་ཀྱི་དྭངས་གཙང་དྲོད་རླངས་འདོན་སྤྲོད་ཀྱི་དཔེ་སྟོན་རྫོང་དུ་གྱུར་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་དང་ཞིང་ཆེན་དང་པུའུ་ཡིས་མཐོ་སྒང་མཛེས་སྡུག་ལྡན་པའི་བློ་རིག་དོ་དམ་གྲོང་ཁྱེར་མཉམ་སྐྲུན་བྱེད་པའི་ཚོད་ལྟ་བྱེད་གནས་སྐུལ་སྤེལ་ཏན་ཏིག་བྱས། ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་སྟངས་སྔར་ལས་ཇེ་ལེགས་སུ་བཏང་སྟེ། སྔ་རྗེས་སུ་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་བཞི་བཏང་ནས་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྟེགས་བུ་བསྐྲུན་པ་དང་། “གཞི་གྲངས་སྐྱེ་ཁམས”ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གཞི་གྲངས་ཆེན་མོའི་ཐོན་ཁུངས་ལ་བརྟེན་ནས“པར་རིས་གཅིག”ལས་ཡོད་ཚད་མཐོང་ཐུབ་པའི་སྟེགས་བུ་བསྐྲུན་ཏེ། ཡུས་ཧྲུའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད།

ད་ལྟའི་ཡུས་ཧྲུའུ་རུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་མི་སེམས་ལ་ཟུག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། སྐྱོད་ལམ་གསར་པའི་སྟེང་། ཡུས་ཧྲུའུ་ཁུལ་གྱིས་དུས་རབས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་མི་ཆད་པར་བཏོད་དེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་ཡུས་ཧྲུའུ་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།