ཉེ་ལམ། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་ཆེད། དོ་དམ་ཅུས་ཀྱིས《སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་ལམ་ལུགས》བཟོས་ནས་བཏོན་པ་རེད། སྤྱིའི་རྩ་དོན་དང་ཞར་བྱུང་དོན་ཚན་ལས་གཞན། 《ལམ་ལུགས》ནང་བྱ་བའི་ནང་དོན་དང་འགན་འཁྲི། བྱ་བའི་ཚད་གཞི་དང་བླང་བྱ། ལྟ་ཞིབ་ཚད་ལེན་དཔྱད་གཞི་དང་ཆ་འཕྲིན་དོ་དམ། ལས་དོན་མཐུན་སྦྱོར་རྐྱེན་སྲོལ་བཅས་ཕྱོགས་བཞི་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་གཏན་འབེབས་བྱས་ཡོད།
བྱ་བའི་ནང་དོན་དང་འགན་འཁྲིའི་ཐད། 《ལམ་ལུགས》ནང་སྐྱེ་ཁམས་སྲུང་སྐྱོབ་དང་། སྐོར་སྲུང་ལྟ་ཞིབ། ཐོན་ཁུངས་ལྟ་ཞིབ་ཚད་ལེན་བཅས་ཕྱོགས་གསུམ་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་བྱ་བ་ཞིབ་རྒྱས་སུ་བཏང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་བྱ་བའི་འགན་འཁྲི་གསལ་བོ་བཟོས་པ་སྟེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བར་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་དང་ཡན་ལག་ཅུས་སོགས་ཀྱིས་མཉམ་དུ་འགན་འཁུར་རྒྱུ་དང་། སྐོར་ཞིབ་སྐོར་སྲུང་གི་བྱ་བར་ཡན་ལག་ཅུས་ཡིས་བྱེ་བྲག་ཏུ་འགན་འཁུར་རྒྱུ། ཐོན་ཁུངས་ལྟ་ཞིབ་ཚད་ལེན་གྱི་བྱ་བར་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་བྱེ་བྲག་ཏུ་འགན་འཁུར་དགོས་བ་རེད།
བྱ་བའི་ཚད་གཞི་དང་བླང་བྱའི་ཐད། 《ལམ་ལུགས》ནང་སྡེ་ཁག་སོ་སོས་འགན་འཁྲིའི་ཁུལ་ནང་གི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་དང་ཡུལ་སྐོར་ཟང་ཟིང་སོགས་གནད་དོན་གྱི་མཐུན་སྦྱོར་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས། གཏན་འབེབས་ལྟར་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་ས་ཁོངས་ནང་གི་རང་བྱུང་ཐོན་ཁུངས་ཀྱི་ད་ལྟའི་གནས་ཚུལ་དང་དེ་བཞིན་འགུལ་རྣམ་འགྱུར་ལྡོག་སོགས་ཀྱི་ཆ་འཕྲིན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་སོ་སོས་ཁོངས་གཏོགས་ཁུལ་གྱི་རྒྱུན་ལྡན་སྐོར་སྲུང་ལྟ་ཞིབ་ཚད་ལེན་དང་། སྡེ་ཁུལ་གྱི་མཐུན་སྦྱོར་དོ་དམ། སྐྱེ་ཁམས་ཉམས་ལེན། ཚན་རིག་ཞིབ་འཇུག་སོགས་ཀྱི་བྱ་བའི་འགན་འཁྲི་འཁུར་བ་དང་། གློག་རྡུལ་ཡིག་ཚགས་ལ་དོ་དམ་ཡག་པོ་བྱེད་པ། དུས་བཀག་ནང་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་སྙན་ཞུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ལྟ་ཞིབ་ཚད་ལེན་གྱི་དཔྱད་གཞི་དང་ཆ་འཕྲིན་དོ་དམ་ཐད། 《ལམ་ལུགས》ནང་ཐོན་ཁུངས་ལྟ་ཞིབ་ཚད་ལེན་གྱི་དཔྱད་གཞིར་རིམ་པ་གཉིས་པའི་དོ་དམ་ལག་བསྟར་བྱེད་དགོས། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་དཔྱད་གཞི་འཚོལ་བསྡུ་དང་། བེད་སྤྱོད། དོ་དམ་བཅས་ཀྱི་འགན་འཁུར་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ས་ཚིགས་སོ་སོས་ས་ཚིགས་ཁག་གི་དཔྱད་གཞི་སྙན་ཞུ་དང་། བེད་སྤྱོད། དོ་དམ་བཅས་ཀྱི་འགན་འཁུར་དགོས་པ། སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་ལས་དོན་ལ་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱེད་པའི་འགན་འཁུར་དགོས་པ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཡུལ་སྐོར་དོ་དམ་ཁྲུའུ་ཡིས་གཅིག་གྱུར་གྱིས་ཁྱབ་བསྒྲགས་བྱེད་དགོས་པ། སྡེ་ཁག་དང་མི་སྒེར་གང་རུང་གིས་ཆོག་མཆན་མེད་པར་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་དང་དཔྱད་གཞི་ཡོངས་བསྒྲགས་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད།
བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་ཐད། 《ལམ་ལུགས》ནང་སྡེ་ཁག་སོ་སོས་ཕན་ཚུན་མཐུན་སྦྱོར་གཞོགས་འདེགས་དང་། རམ་འདེགས་གཞོགས་འདེགས། ཆ་འཕྲིན་སྤེལ་རེས། ཉམས་མྱོང་མཉམ་སྤྱོད་བཅས་ལ་ཤུགས་སྣོན་དང་། བྱ་བའི་དགོས་མཁོར་གཞིགས་ནས་གནད་དོན་བརྡ་ཁྱབ་དང་ཁུངས་སྣེ་རྩིས་སྤྲོད་སོགས་ཀྱི་ལས་དོན་སྒྲིག་འཛུགས། དུས་བཀག་དང་དུས་ངེས་མེད་དུ་མཐུན་སྦྱོར་ཚོགས་འདུ་འཚོགས་ནས་གནས་ཚུལ་སྤེལ་རེས་དང་། གནད་དོན་དབྱེ་ཞིབ། ཉེན་ཁར་དབྱེ་ཞིབ་བཅས་བྱས་ཏེ་ཐབས་ཇུས་དང་བྱ་བའི་བྱེད་ཐབས་འདོན་དགོས་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐོར་སྲུང་ལྟ་ཞིབ་ཚད་ལེན་གྱི་བྱ་བ་དེ་ལོ་འཁོར་གྱི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་ཁྲོད་འཇུག་དགོས་པ་གསལ་བོར་བཏོན་ཡོད།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།