ཡུས་ཧྲུའུ་ནི་རི་སྐྱེས་སྲོག་ཆགས་པར་ལེན་མཁན་གྱི་གནས་མཆོག་ཏུ་གྱུར།
2023.03.27 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 13

 “ མདོ་དབུས་མཐོ་སྒང་དུ་འཚོ་སྡོད་བྱེད་བཞིན་པའི་རི་སྐྱེས་སྲོག་ཆགས་རིགས་ཀྱི་རྗེས་དེད་ནས་དེ་དག་གི་སྐྱེ་ཁམས་འགུལ་སྐྱོད་ལ་རྒྱུས་ལོན་བྱ་ཆེད། ཐེངས25ལྷག་ལ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་བསྐྱོད་པ་དང་། ཐེངས15ལྷག་ལ་ཨ་ཆེན་གངས་རྒྱབ་མི་མེད་ས་ཁུལ་དུ་བསྐྱོད་པ་རེད” །    མཚོ་སྔོན་ཡུས་ཧྲུའུ་ནི་སྐྱེ་ཁམས་པར་ལེན་པ་གྲགས་ཅན་ཀུའུ་ཡུས་ཞིག་གི་རེ་བསྙེག་བྱེད་ས་ཡིན་པར་མ་ཟད། ཁོང་གི་སེམས་སུ་རི་སྐྱེས་སྲོག་ཆགས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་པར་ལེན་ཐུབ་ན་དཀའ་ངལ་ཚད་མེད་མྱངས་ཡང་རིན་ཐང་ལྡན་པར་འདོད་ཡོད།

“མཚོ་སྔོན་པ་དང་རི་སྐྱེས་སྲོག་ཆགས་བར་གྱི་གཏམ་རྒྱུད་ནི་ཉིན་ཞག་འགའ་བརྗོད་ཀྱང་བརྗོད་མི་ཚར་ལ། དངོས་བྲིས་གློག་བརྙན་ནང་དུ་མངོན་པ་ནི་དེའི་ཟུར་ཙམ་ཡིན” ཞེས་ལོ་མང་པོའི་རིང་དངོས་བྲིས་གློག་བརྙན《ང་རང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་སྡོད་པ》ཞེས་པའི་འཁྲབ་ཁྲིད་པའམ།  རི་སྐྱེས་སྲོག་ཆགས་པར་ལེན་མཁན་གྲགས་ཅན་ཞི་ཀྲི་ནུང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ཚོད་ལྟའི་ས་ཚིགས་ནས་འཛུགས་སྐྲུན་བྱས་པའི་གོ་རིམ་ཧྲིལ་བོར་བདེན་དཔང་བྱས་པར་མ་ཟད། མཚོ་སྔོན་གྱིས་འབྲོག་མིའི་པར་ལེན་པ་སྐྱེད་སྲིང་འཆར་གཞི་ལག་བསྟར་བྱས་ཏེ། སྔར་ལས་མང་བའི་རོང་འབྲོག་མང་ཚོགས་སྣེ་ཁྲིད་ནས་པར་ཆས་ལ་བརྟེན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གཏམ་རྒྱུད་བརྗོད་པ་རེད།

ཡུས་ཧྲུའུ་ལ་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཡོད་པར་མ་ཟད། མཐོ་སྒང་གི་སྐྱེ་དངོས་རིགས་ཀྱི་ཐོན་ཁུངས་མཛོད་ཀྱང་ཡིན། ཁྱད་དུ་འཕགས་པའི་རང་བྱུང་ཐོན་ཁུངས་ཀྱིས་པར་ལེན་པ་སྔར་ལས་མང་བོ་ཞིག་བསུ་བཞིན་ཡོད་ལ། དེ་དང་ཆབས་ཅིག ས་གནས་ཀྱི་པར་ལེན་རུ་ཁག་ཀྱང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཇེ་ལེགས་སུ་འགྲོ་བའི་འགྱུར་ལྡོག་བྱུང་བཞིན་ཡོད་པས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གཏམ་རྒྱུད་ཀྱང་པར་ལེན་པའི་པར་ཆས་བརྒྱུད་དེ་གསོན་ཉམས་ལྡན་པར་གྱུར་ཡོད།

“ད་ལྟ་སྐབས་ལ་ལར་གཟའ་འཁོར་གཅིག་ནང་ཐེངས་གསུམ་བཞི་ཙམ་ལ་གསའ་དང་འཕྲད་ཐུབ”ཅེས་ཀུན་དགའ་ཡིས་དེ་ལྟར་བཤད།    ཀུན་དགའ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རང་བྱུང་ཁམས་ཀྱི་པར་ལེན་རུ་ཁག་ནང་གི་རུ་མི་ཞིག་ཡིན་ལ། ཁོ་ཉིན་རྒྱུན་སྐོར་ཞིབ་ཁྲོད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོག་ཆགས་དང་སྐྱེ་དངོས་པར་ལེན་བྱེད་རྒྱུར་དགའ། ན་ནིང་གི་ཟླ7པར་ཁོས་ཡུས་ཧྲུའུ་ཆུ་དམར་ལེབ་འབའ་དགོན་ཡུལ་ཚོ་ནས་སྐོར་ཞིབ་བྱེད་སྐབས་ངལ་གསོ་བཞིན་པའི་གསའ་ཞིག་པར་ལེན་ཐུབ་པ་བྱུང་།

རང་བྱུང་ཁམས་ཀྱི་པར་ལེན་རུ་ཁག་ནི་ཆུ་དམར་ལེབ་རྫོང་གི་ཡུལ་ཚོ་སོ་སོའི་རོང་འབྲོག་མང་ཚོགས་ཀྱིས་གྲུབ་པ་དང་། ཁོངས་མི80ཁྲོད་རོང་འབྲོག་མང་ཚོགས་མང་ཆེ་ཤོས་ནི་སྐྱེ་ཁམས་ལྟ་སྲུང་པ་ཡིན་ལ། ཁོ་ཚོའི་ཕྲག་ཏུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་འཁུར་བ་དང་ཆབས་ཅིག་པར་ཆས་བརྒྱུད་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྣམ་པ་པར་བླངས་པ་རེད། ཤྭ་སྐྱ་དང་། གཙོད། གཡི་སོགས་རི་སྐྱེས་སྲོག་ཆགས་རིགས་མང་པོ་ཞིག་རྒྱུན་དུ་པར་ཆས་ནང་མངོན་ནས་རྒྱལ་ཁབ་སྤྱི་གླིང་ངོ་མཚར་བའི་གཏམ་རྒྱུད་བརྗོད་བཞིན་ཡོད།

གསའ་དང་། གཟིག་སོགས་རི་སྐྱེས་སྲོག་ཆགས་རྩ་ཆེན་ཡུས་ཧྲུའུ་ས་ཆར་མངོན་བཞིན་ཡོད་ལ། ཡུས་ཧྲུའུ་ས་ཆར་རི་སྐྱེས་སྲོག་ཆགས་རིགས་མང་པོ་མངོན་པ་དེས་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བཞིན་པ་མཚོན་ཐུབ།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་གནས་ཡིན་པའི་ཆ་ནས། ཉེ་བའི་ལོ་འགའི་རིང་། ཡུས་ཧྲུའུ་ཡིས“སྐྱེ་ཁམས་ཀྱིས་ཁུལ་འཛུགས་སྐྲུན་དང་ལྗང་མདོག་འབུར་ཐོན”བྱེད་པ་དེ་སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་པའི་གོ་རིམ་ཁྲོད་བཅུག་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལམ་ལུགས་གསར་སྐྲུན་ཐད་ཐོད་བརྒལ་གསར་བ་བྱུང་བས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་དུ་བདམས་པ་རེད། དེ་དང་ཆབས་ཅིག ཚད་མཐོ་བའི་ངང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས《ཡུས་ཧྲུའུ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་པའི་བྱེད་ཐབས་འགའ》འགྲེམ་སྤེལ་བྱས་ནས། ས་ཁོངས་ཡོངས་སུ་གད་སྙིགས་དང་འགྱིག་ཤོག་འགོག་པའི་ཆེད་དོན་འགུལ་སྤྱོད་གཏིང་ཟབ་ཏུ་སྤེལ་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་ཉིན་བཞིན་མངོན་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་མངོན་འགྱུར་བྱུང་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།