འབྲོག་པས་རྨ་འབྲི་རྫ་གསུམ་ཆུ་བོའི་འགོ་ཁུངས་ཀྱི་བརླན་ས་བསྲུངས་པ།
2023.03.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

ལོ་ང་བརྒྱད་ལ་སོན་པའི་འབྲོག་པ་ཚེ་རྒྱལ་རྨ་འབྲི་རྫ་གསུམ་ཆུ་བོའི་འགོ་ཁུངས་ཀྱི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་མཚོ་བཟང་སྡེ་བར་བསྡད་ཡོད་ལ། ཁོ་ཚང་གི་རྩྭ་སའི་ཉེ་འདབས་ནི་མཚོ་སྔོན་ཡུལ་ཧྲུའུ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་རེད། ལོ5ཡི་སྔོན་དུ་ཁོ་རང་ས་གནས་དེ་གའི་སྲིད་གཞུང་གིས་སྐྱེ་ཁམས་བདག་སྐྱོང་པར་བསྐོས་པ་ནས་བཟུང་ཁོས་དུས་དང་རྣམ་པ་ཀུན་ཏུ་ཕ་ཡུལ་གྱི་བརླན་ས་དང་འདབ་ཆགས་ཀྱི་རིགས་ལ་བློ་གཅིག་སེམས་གཅིག་གིས་སྲུང་སྐྱོབ་བྱེད་ཀྱིན་ཡོད།

དུས་རབས20པའི་ལོ་རབས80པའི་སྐབས་སུ། རོང་པོ་ནི་རང་རྒྱལ་གྱི་གེ་སར་རྟ་རྫི་དང་དེའི་སྐྱེ་འཕེལ་བྱ་ཡུལ་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་པོ་ཡིན་པ་དང་། བརླན་ས་མང་པོ་ཞིག་མདོ་དབུས་མཐོ་སྒང་གི་རི་སྐྱེས་འདབ་ཆགས་སྣ་ཚོགས་འཚོ་གནས་བྱ་ཡུལ་དང་སྐྱེ་འཕེལ་བྱ་ཡུལ་དུ་གྱུར་ཡོད་པས། རོང་པོ་ལ་འདབ་ཆགས་ཆེད་མཁས་པ་རྣམས་ཀྱིས“གེ་སར་རྟ་རྫི་ཡི་ཕ་ས”ཞེས་པའི་མཚན་སྙན་བསྩལ་ཡོད།

ལོ་རེའི་ཟླ་གསུམ་པའི་ཟླ་མཇུག་ནས་ཟླ་བཅུ་བའི་བར་གེ་སར་རྟ་རྫི་མང་པོ་རོང་པོ་རུ་འཕུར་འོངས་ཏེ་ཚང་བཟོ་བ་དང་འཚོ་སྡོད་བྱེད་ཀྱིན་ཡོད་ལ། དེ་ནི་ཚེ་རྒྱལ་ཆེས་དགའ་བའི་དུས་སྐབས་ཤིག་ཀྱང་རེད། “ང་ཚོའི་སེམས་ཁོང་དུ་གེ་སར་རྟ་རྫི་ནི་བཀྲ་ཤིས་པའི་བྱ་རིགས་ཤིག་ཡིན་པ་དང་དེས་ང་ཚོའི་ཕྱུགས་ར་བསྲུངས་ཡོད་ལ་ང་ཚོའི་ཕྱུགས་རྫིའི་འཚོ་བར་ཡང་ཁ་དོག་ཅིག་བསྣན་ཡོད།”

རྒྱལ་ཁབ་མངའ་ཁོངས་ལ་བརྟག་དཔྱད་བྱས་པ་ལས་མངོན་པ་ལྟར་ན། མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། “བརླན་སའི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་བྱས་པ་དེས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང‘ཀྲུང་ཧྭའི་ཆུ་མཛོད’ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་གཏོང་བའི་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུས་ཀྲང་ལིས་ཞའོ་ནན་གྱིས་བཤད།“བརླན་སའི་ཞིང་ཆེན་ཆེན་མོ”རུ་འབོད་པའི་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ་བརླན་སའི་སྐྱེ་ཁམས་བདག་སྐྱོང་པའི་ལམ་ལུགས་ལག་བསྟར་བྱས་ཏེ། མིག་སྔར་བརླན་སའི་བདག་སྐྱོང་པ963ཡོད།

དེང་སྐབས་ཚེ་རྒྱལ་དང་འདྲ་བའི་སྐྱེ་ཁམས་བདག་སྐྱོང་པ་རྣམས་བརླན་སའི་མ་ལག་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་སྟེ། ལོ51ལ་བུད་ཡོད་པའི་ཡིད་བཞིན་ནོར་བུ་ཡང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་བ་ལྡིང་ཆུ་བོའི་བཞུར་ཁོངས་ཀྱི་སྐྱེ་ཁམས་བདག་སྐྱོང་པ་ཞིག་རེད། ཁང་པ་སྟབས་བདེ་ཞིག་དང་དོ་དམ་སྲུང་སྐྱོབ་ས་ཚིགས། འཕྲུལ་རྟ་གཅིག་བཅས་ལ་བརྟེན་ནས། ཁོ་དང་བཟའ་ཟླ་དུང་མོ་འཚོ་གཉིས་ཀྱིས་སྤྱི་ལེ་གྲུ་བཞི་མ200ཡི་ས་ཆར་སྲུང་སྐྱོབ་བྱེད་བཞིན་ཡོད།

སྐོར་ཞིབ་བྱ་ཡུལ་བཅུ་དང་ཡན་ལག་ཆུ་བོ་ལྔ་བཅུ་ལྷག དེ་མིན་བརླན་ས་ཆེན་པོ་ཞིག་བཅས་ནི་ཡིད་བཞིན་ནོར་བུ་བཟའ་ཟླ་གཉིས་ཀྱི་དོ་དམ་སྲུང་སྐྱོབ་བྱེད་ཁོངས་ཡིན་པ་དང་། ཁོ་ཚོའི་སྐོར་ཞིབ་བྱ་ཡུལ་ཆེས་རིང་བའི་ས་དེ་དོ་དམ་སྲུང་སྐྱོབ་ས་ཚིགས་དང་བར་ཐག་སྤྱི་ལེ་བདུན་ཅུ་ཙམ་ཡོད།

“སྐོར་སྲུང་ལམ་བར་དུ་དཀའ་ཚེགས་ཆེ་བས་སྤྱིར་བཏང་གིས་ང་ཚོ་འཕྲུལ་རྟར་ཞོན་ནས་ས་ཚིགས་སུ་བསྐྱོད་པ་ཡིན། ལམ་མེད་སར་ད་དུང་ལ་དང་ལུང་པ་བརྒལ་ནས་རྐང་ཐང་དུ་སྤྱི་ལེ་བདུན་བརྒྱད་ལ་བསྐྱོད་དགོས། སྐོར་སྲུང་ཐེངས་རེ་བྱེད་པར་ལམ་ཐག་ཆེས་རིང་བའི་ལམ་དུ་དུས་ཚོད་བཅུ་འགོར་བཞིན་ཡོད”ཅེས་དུང་མོ་འཚོས་བཤད།

དོ་དམ་ས་ཚིགས་དེ་རྫོང་མཁར་དང་བར་ཐག་རིང་བས་བཟའ་ཟླ་གཉིས་ཀྱིས་ལོ་ཧྲིལ་པོར་སྔོ་ཚོད་ཟ་མི་ཐུབ་ལ། རྡོ་སོལ་ཐབ་ཀ་ནི་ཁོ་གཉིས་ཀྱི་དྲོད་ལེན་སྒྲིག་ཆས་གཅིག་པུ་དེ་ཡིན་པ་དང་། མཐོ་སྒང་གི་གནམ་གཤིས་ཧ་ཅང་འཁྱག་པས་ཁོ་ཚོས་ལོ་གཅིག་གི་དུས་ཚིགས་བཞི་བོར་ཐབ་ཏུ་མེ་བུས་ནས་དྲོད་འདོན་བྱེད་དགོས་མོད། འོན་ཀྱང་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་པའི་སྐྱེ་ཁམས་ཁོར་ཡུག་ནི་ཁོ་ཚོའི་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་གྱུར་ཡོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།