རྨ་འབྲི་རྫ་གསུམ་ཆུ་བོའི་འགོ་ཁུངས་ལ་ལོ་ངོ་ཉི་ཤུའི་རིང་དཀའ་སྤྱད་ཀྱིས་སྲུང་སྐྱོབ་བྱས་ཏེ། “ཀྲུང་ཧྭའི་ཆུ་མཛོད”བརྟན་པོར་བསྐྲུན།
2023.03.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 38

སའི་གོ་ལའི་གླིང་སྣེ་གསུམ་པ་དང་། མདོ་དབུས་མཐོ་སྒང་གི་ལྟེ་བ། མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་དེ། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཆུ་བོ་ཆེན་པོ་གསུམ་གནས་དེ་ནས་བྱུང་སྟེ། རྒྱང་རིང་རྒྱང་རིང་དུ་བཞུར། ས་བབ་མཐོ་ས་དེ་ནི“ཀྲུང་ཧྭའི་ཆུ་མཛོད”ཅེས་གྲགས་པའི་རྨ་འབྲི་རྫ་གསུམ་ཆུ་བོའི་འགོ་ཁུངས་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2021ལོའི་ཟླ6པར་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་ཞེས་ནན་བཤད་གནང་ཡོད།

ད་ལོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་ནས་ལོ་ངོ20འགོར་བའི་དུས་ཡིན་ཞིང་། རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་ཁུལ་བཙུགས་པའི་བར་དང་། དེ་ནས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་ཁུལ་དང་པོའི་བར་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་ལ་ལོ་ངོ་ཉི་ཤུའི་རིང་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་དཀའ་སྤྱད་འཚོལ་ཞིབ་དང་ལག་ལེན་བྱས་པ་དེའི་ཐོག་ནས་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་གཅིག་བསྡུས་ཐོག་མཚོན་པར་བྱས་ཡོད།

ལོ་ངོ20ཡི་རིང་དཀའ་སྤྱད་ཀྱིས་སྲུང་སྐྱོབ་བྱས་པའི་ཚེ་སྲོག་གི་འབྱུང་ཁུངས་དང་མ་ཡུམ་ཆུ་བོ་རྨ་ཆུའི་འགོ་ཁུངས་ཡིན། དཔྱིད་ཀ་ཚེས་ཡང་། གནས་འདི་སྔར་བཞིན་འཁྱག་པས་ཁེངས་ཡོད། གངས་ལྷགས་འཚུབ་པའི་གྲང་ངར་ལ་མ་འཛེམས་པར་བོད་རིགས་འབྲོག་པ་ཉི་སྐལ་དང་བཅས་པའི་མི་བདུན་གྱིས་འཕྲུལ་རྟར་ཞོན་ནས་ཉིན་གཅིག་གི་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་བྱེད་འགོ་བཙུགས་ཏེ། ཆུ་བོའི་འགོ་ཁུངས་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས །

“ནམ་ཟླ་ཤིན་ཏུ་འཁྱག་མོད། འོན་ཀྱང་དབྱར་ཁ་དང་སྟོན་ཀའི་དུས་སུ་འགྲོ་མི་ཐུབ་པའི་བརླན་ས་དང་སྤང་ཐང་ལ་མཚོན་ནས་བཤད་ན། སྐོར་སྐྱོད་སྲུང་སྐྱོབ་བྱེད་པའི་གོ་སྐབས་ཡག་པོ་ཞིག་རེད།”ཆུང་དུས་ནས་རྨ་ཆུའི་འགོ་ཁུངས་སུ་འཚར་ལོངས་བྱུང་བས་ཉི་སྐལ་ལ་སྐྱེ་ཁམས་ཐད་མྱོང་ཚོར་ཟབ་མོ་ཡོད། ཁོང་གིས“ཆུང་དུས་རྨ་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་ཞན་འགྱུར་དང་རྩྭ་ཐང་ཉམས་ཞན་དུ་སོང་བ་ལས་ངེད་ཚང་སྤྱི་ལེ་གཉིས་ལྷག་ཙམ་གྱི་སར་ཆུ་འཚོལ་དུ་འགྲོ་དགོས”ཟེར།

རྨ་འབྲི་རྫ་གསུམ་ཆུ་བོའི་འགོ་ཁུངས་ནི་རང་རྒྱལ་གྱི་ཚྭ་མེད་ཆུའི་ཐོན་ཁུངས་ཀྱི་ཁ་གསབ་བྱ་ཡུལ་གལ་ཆེན་ཞིག་དང་། མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་བསྡུས་ཆེ་ཤོས་ཀྱི་ས་ཁུལ་ཞིག གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་ཚོར་སྣང་སྐྱེན་ཁུལ་དང་འགོ་འཛུགས་སའི་ཁུལ་གལ་ཆེན་ཞིག རང་རྒྱལ་གྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་བཅས་རེད།

ཡིན་ཡང་། གོ་ལ་ཧྲིལ་པོའི་ནམ་ཟླ་ཇེ་དྲོ་རུ་ཕྱིན་པ་དང་མིའི་བྱ་སྤྱོད་ཀྱི་ཤུགས་རྐྱེན་ཐེབས་པ་དང་བསྟུན་ནས་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་གྱི་སྐྱེ་ཁམས་དུས་སྐབས་ཤིག་གི་རིང་ཉམས་ཞན་དུ་སོང་བ་དང་། ཆུ་རྒྱུན་ཆད་པ། མཚེའུ་ཇེ་ཉུང་དུ་ཕྱིན་པ། རི་སྐྱེས་སྲོག་ཆགས་ཇེ་ཉུང་དུ་ཕྱིན་པ། ཆུ་ཁུངས་གསོ་ནུས་ཇེ་ཞན་དུ་ཕྱིན་པ་བཅས་ལས། རྨ་འབྲི་རྫ་གསུམ་ཆུ་བོའི་འགོ་ཁུངས་ཀྱི་དབུས་སྨད་རྒྱུད་དུ་ཐན་ཞོད་ཀྱི་གནོད་འཚེ་ཐེབས་ནས་དབུས་སྨད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཚད་མཐོན་པོས་མཐོང་ཆེན་གནང་ཞིང་། 2000ལོའི་ཟླ8ཚེས19ཉིན། རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་དངོས་སུ་བཙུགས་པ་རེད། 2003ལོའི་ཟླ1ཚེས24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་དངོས་སུ་ཆོག་མཆན་གནང་བ་རེད།

2021ལོའི་ཟླ10བར། རང་རྒྱལ་གྱིས་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་དང་། དོམ་ཁྲ། བྱང་ཤར་གྱི་སྟག་གཟིག ཧའེ་ནན་ཚ་ཁུལ་ནགས་ཚལ། ཝུའུ་དབྱི་ཧྲན་རི་བོ་སོགས་སྐོར་ཁག་དང་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་རེད། དེ་སྔ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁོངས་སུ་གཏོགས་པའི་གཙང་པོ་ཆེན་པོ་གསུམ་གྱི་འབྱུང་ཡུལ་ས་ཁོངས་དང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སོགས་ཚང་མ་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནང་བཞག་ཏེ། ཡོངས་ཁྱབ་སྒོས་སྲུང་སྐྱོབ་བྱས་ཡོད།

ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པ་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གཏན་འཁེལ་བྱས་པའི་བར་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་པ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་ཁུལ་བཙུགས་པའི་བར། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཁུལ་དང་པོ་བཙུགས་པ་ནས་ཆེས་ཐོག་མར་དངོས་སུ་ཆོག་མཆན་བཀོད་དེ་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་ལྔའི་ཨང་དང་པོར་གྱུར་པའི་བར། ལོ་ངོ20ཡི་རིང་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལ་མཆོང་སྐྱོད་གསུམ་མངོན་འགྱུར་བྱུང་བ་དང་སྐས་རིམ་གསུམ་སྤོས། ཁྱབ་ཁོངས་རྒྱུན་མི་ཆད་པར་ཇེ་ལེགས་སུ་ཕྱིན་པ་དང་། བྱེད་ཐབས་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་བ། ཤུགས་ཚད་རྒྱུན་མི་ཆད་པར་ཇེ་ཆེར་བཏང་བས། སྐྱེ་ཁམས་སྲུང་སྐྱོབ་ཁོ་ན་བྱེད་པ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྤྱི་འདོམས་བྱ་རྒྱུར་བསྒྱུར་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཕྱོགས་སུ་བསྐྱོད་ཡོད།

མཚོ་འཕང་ལ་མུས་སྟོང་བཞི་དང་དྲུག་བརྒྱ་ཡོད་པའི་ཨ་ཆེན་གངས་རྒྱབ་ཏུ་གངས་འཁྱག་གིས་བསྡམས་ཡོད་པ་དང་། གྲང་ངར་རུས་རྐང་ལ་ཟུག བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་སུ་ལས་བྱེད་མི་སྣ་ཏིན་ཧའེ་ཕེན་གྲང་རླུང་གི་ཁྲོད་ཙོག་པུར་བསྡད་དེ། ལག་པ་གཉིས་ཀྱིས་འོ་མའི་སྣོད་ཚ་མོ་ཞིག་བཟུང་ནས་གཙོད་ཕྲུག་ཆུང་ཆུང་སྐོར་ཞིག་ལ་འོ་མ་ལྡུད་བཞིན་འདུག དེ་ནི་གྲང་ངར་ཁྲོད་ཀྱི་ཨ་ཆེན་གངས་རྒྱབ་དུ་དྲོད་ཁོལ་གྱིས་ཁེངས་པའི་རྣམ་པ་ཞིག་རེད།

དུས་རབས20པའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པར་སྨྱོ་ཧམ་ཆེན་པོས་ལྐོག་རྔོན་ཐེབས་པའི་དབང་གིས་ཨ་ཆེན་གངས་རྒྱབ་ས་ཁུལ་གྱི་གཙོད་ཀྱི་གྲངས་ཀ་ཇེ་ཉུང་དུ་སོང་ནས་ཁྲི་གཉིས་ཙམ་ཡང་ཟིན་གྱིན་མེད། ལོ་བཅུའི་རིང་ལ། ཆེད་དོན་སྐོར་སྐྱོད་བྱེད་པ་དང་། ལྐོག་རྔོན་ལ་ངོ་རྒོལ། རི་སྐྱེས་སྲོག་ཆགས་མྱུར་སྐྱོབ་སོགས་ཀྱི་བྱ་བ་མུ་མཐུད་དུ་སྤེལ།

ད་ལྟ་རི་དྭགས་གཙོད་ཀྱི་གྲངས་ཀ་ཁྲི་བདུན་ལྷག་བར་སླར་གསོ་བྱུང་ཏེ། ཨ་ཆེན་གངས་རྒྱབ་ཀྱི་ལྷིང་འཇགས་སླར་གསོ་བྱས། རི་དྭགས་གཙོད་དང་འབྲོང་སོགས་རི་སྐྱེས་སྲོག་ཆགས་བག་ཕེབས་ངང་འཚོ་སྡོད་བྱས་ནས་མཚོ་བོད་ལམ་ཐིག་སྟེང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཏེ་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་དེ་ཉིད་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་ཞིག་ཏུ་གྱུར་ཡོད།

སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བར་ཕན་པའི་བགྲོད་ལམ།

རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་དེས་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་ནན་མོ་བྱས་ཏེ། དྭངས་གཙང་གི་ཆུ་མོ་ཤར་དུ་བཞུར་བར་འགན་སྲུང་བྱས་ཡོད།

རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་དོ་དམ་དང་སྲུང་སྐྱོབ་ཀྱི་རྩ་དོན་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྒྲིག་སྲོལ་ཚོད་ལྟའི་ཁྱབ་ཁོངས་ནང་གི་རིགས་དྲུག་གི་སྲུང་སྐྱོང་ཁུལ་བཅོ་ལྔ་ཡི་ནུས་པ་བསྐྱར་སྒྲིག་དང་སྡེབ་སྒྲིག་ཇེ་ལེགས་སུ་བཏང་ཡོད། དེ་དང་ཆབས་ཅིག “ཅིག་ལུང་ཆུའི་བཅོས་སྐྱོང་”དཀའ་གནད་ནུས་ཤུགས་གང་ཡོད་ཀྱིས་སེལ་ནས་ནགས་ལས་དང་། རྒྱལ་ཁབ་མངའ་ཁོངས། ཁོར་ཡུག་སྲུང་སྐྱོབ། སྡོད་ཁང་འཛུགས་སྐྲུན། ཆུ་བེད། ཞིང་ཕྱུགས་སོགས་སྡེ་ཁག་གི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་གྱི་འགན་འཁྲི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རུ་ཁག་བགོས་ནས། “དོན་དག་གཅིག་སྡེ་ཁག་གཅིག་གིས་དོ་དམ་བྱེད་པའི”དམིགས་འབེན་མངོན་འགྱུར་ཡོང་བར་བྱས་ཡོད།

ལོ་ལྔ་ལྷག་གི་རིང་ལ་ཚོད་ལྟ་འཚོལ་ཞིབ་དང་ལོ་གཅིག་ལྷག་གི་འཛུགས་སྐྲུན་ལག་ལེན་བརྒྱུད་དེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་བཅོས་གཏོང་བ་བཅས་ནུས་ལྡན་གྱིས་གཅིག་གྱུར་མངོན་འགྱུར་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་གྱི་ལམ་བུ་ཞིག་ཏུ་བགྲོད་ཐུབ་ཡོད།

རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཝང་ཞང་གོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། སྒྲིག་གཞིའི་ཚོད་ལྟའི་བྱ་བ་སྤེལ་བའི་ཚུན་ལ། རིམ་རྩིས་བྱས་ན་སྒོར་མོ་ཐེར་འབུམ་དྲུག་དང་དུང་ཕྱུར་བདུན་བཏང་ནས་སྔ་རྗེས་སུ་གླིང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི་དང་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་ཡོད། 2022ལོར་སླར་ཡང་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཉིས་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས་ཡོད།

ས་ནག་ཐང་བཅོས་སྐྱོང་དང་། ཉམས་ཞན་དུ་གྱུར་བའི་རྩྭ་ས་གསབ་འདེབས་བྱེད་པ། བྱེ་འགོག་རྩྭ་གསོ། བརླན་ས་སྲུང་སྐྱོང་སོགས་སྐྱེ་ཁམས་བཅོས་སྐྱོང་བཟོ་འགོད་ལག་བསྟར་བྱས་ནས་རྩྭ་དང་། སྤང་ཤུན། ཆུ་བཅས་ཇེ་མང་དུ་ཕྱིན་ཡོད།

གླིང་ཁུལ་ནང་གི་གཏེར་ལས་དབང་ཆ48ཚང་མ་ཕྱིར་འཐེན་བྱས་ནས། སྐྱེ་ཁམས་ཉམས་གསོའི་བཟོ་སྐྲུན་ལག་བསྟར་དང་སྐྱེ་ཁམས་ཉམས་གསོ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ལོ་རྒྱུས་ཀྱི་ཞན་ཆ་གསབ་ཡོད།

རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་སྐྱེ་ཁམས་ཕན་འབྲས་ཀྱི་དུས་མཚམས་རང་བཞིན་གྱི་ཕྱོགས་བསྡུས་དཔྱད་འཇོག་སྙན་ཞུ་ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་ཆུ་འགོ་ཁུལ་གྱི་སྲུང་སྐྱོང་བྱ་ཡུལ་གཙོ་བོ་ཚང་མར་སྔར་ལས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་ཉམས་གསོ་ཐུབ་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོ་རུ་ཕྱིན་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད།

ཉི་མ་བཀྲ་ཤིས་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཚོ་སྐྱ་རེངས་ཡུལ་ཚོ་གྲོ་རེངས་སྡེ་བའི་འབྲོག་པ་ཞིག་ཡིན་ཞིང་། ཁོ་ཚང་ནི་མཚོ་སྐྱ་རེངས་ཀྱི་བྱང་ངོས་སུ་གནས་ཡོད། གནས་དེ་ནི་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་འགོའི་ལྟེ་བའི་ཁུལ་ཡིན།

རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཡིན་པའི་ཉི་མ་བཀྲ་ཤིས་ཀྱིས་ཉིན་ལྟར་རང་ཁྱིམ་གྱི་ནོར་ལུག་འཚོ་བཞིན་གད་སྙིགས་འཐུ་བ་དང་། མཚེའུ་དང་རྩྭ་ཐང་དུ་སྐོར་ཞིབ་བྱེད་པ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པ་སོགས་ཀྱི་འགན་འཁུར་བཞིན་ཡོད།

“ལོ་འདི་དག་གི་རིང་ལ། མཚོ་སྐྱ་རེངས་ཀྱི་ཆུ་ཇེ་ཆེར་ཕྱིན་ཏེ་ཁྱིམ་ནས་ལྟོས་ནའང་མཚོ་མཐོང་ཐུབ། རྐྱང་དང་ཝ་མོ་སོགས་རི་སྐྱེས་སྲོག་ཆགས་ཇེ་མང་དུ་སོང་ནས་ཕ་ཡུལ་སྔར་ལས་མཛེས་སྡུག་ལྡན་པར་གྱུར་ཡོད”ཅེས་ཉི་མ་བཀྲ་ཤིས་ཀྱིས་བཤད།

རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་རྫོང་བཞིའི་འབྲོག་ཁྱིམ་ཁྲི་གཅིག་དང་སྟོང་བདུན་ཉིས་བརྒྱ་བཅུ་གཅིག་ལ་ཁྱབ་ཡོད། སྔོན་ཆད་རྫོང་བཞི་བོ་ཚང་མ་དབུལ་བོ་དབུལ་ནག་གི་ས་ཁུལ་ཡིན་ཞིང་། 2018ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ལོ་རེར་སྒོར་མོ་དུང་ཕྱུར་གསུམ་དང་བྱེ་བ་བདུན་བཏང་ནས་ཁྱིམ་ཚང་རེར་སྐྱེ་ཁམས་བདག་སྐྱོང་པ་རེ་བཀོད་སྒྲིག་བྱས་པར་ཟླ་རེར་ཡོང་སྒོ་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱ་རེ་ཡོད་ལ། ལས་གཞི་དེ་གཅིག་པུས་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་གྱི་ཁྱིམ་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་དྲུག་བརྒྱར་འཕར་ཡོད་པ་རེད།

ཉི་མ་བཀྲ་ཤིས་དང་འདྲ་བར་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་པ་ཁྲི་ཕྲག་མང་པོ་ནི་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་དུ་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་མཁན་ཞིག་ཡིན་པས། རྒྱལ་ཁབ་སྤྱི་གླིང་གི“གླིང་ཁུལ་གྱི་མང་ཚོགས”རུ་གྱུར་ཡོད། ཁོ་ཚོས་ཁྱིམ་གཞིར་སྲུང་སྐྱོང་ཡག་པོ་བྱེད་པའི་དུས་མཚུངས་སུ། རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་གྱི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱས་ནས་སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་བཅས་ལ་ཕན་པ་ཐོབ་ཡོད།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ནགས་ལས་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཁུལ་དང་པོ་ཡིན་པའི་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོབ་ནུས་ལྡན་བྱས་ཏེ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུར“མཚོ་སྔོན་གྱི་ཇུས་གཞི”དང“རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་གྱི་རྣམ་པ”བཏོད་པ་མ་ཟད། ལོ་ངོ་བརྒྱ་སྟོང་གི་རིང་ལ་རྩྭ་ཆུར་བསྙེགས་ནས་འཚོ་བ་རོལ་བའི་འབྲོག་པ་རྣམས་ཀྱིས་སྐྱེ་ཁམས་ཀྱི་ཟ་མ་ཟ་ཐུབ་པར་གྱུར་བ་དང་། དོན་ངོ་མའི་སྟེང་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་བསྟར་བྱས་ཡོད།

“མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས”ཀྱི་ལྗང་མདོག་ཁྱིམ་གཞིས།

ངག་བསམ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོའི་འབྲོག་པ་ཞིག་ཡིན་པ་དང་། ཁོང་གིས་དུས་རྒྱུན་རི་དྭགས་གསའ་ཡི་རི་མོ་ཕབ་ཡོད།

གྲོག་རོང་གི་གཏིང་ཟབ་སའི་མུ་འབྲེལ་རི་ཚོགས་ཀྱི་སྟེང་དུ་ངག་བསམ་གྱིས་གནས་གཅིག་ནས་དམར་ཕྱིའི་པར་ཆས་ལ་བརྟེན་ནས་གསའ་གཉིས་མཉམ་དུ་པར་ལེན་ཐུབ་པ་བྱུང་བར་ཁོ་རང་སྤོབས་པས་ཁེངས་འདུག

“སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་ཚེ། ང་ཚོའི་འཚོ་བ་གཞི་ནས་ཇེ་ལེགས་སུ་འགྲོ་ཐུབ”ཅེས་པ་དེ་ནི་ཕ་ཡུལ་གཅིག་པའི་འབྲོག་པ་བསམ་གྲུབ་ཀྱིས་རང་བྱུང་གི་ཉམས་ལེན་ལོ་གསུམ་ལྷག་ཙམ་བྱས་པའི་མྱོང་ཚོར་ཟབ་ཤོས་ཤིག་རེད།

2019ལོར་རྣམ་སྲས་ཡུལ་ཚོ་ལ་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་ཉམས་ལེན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟ་མགོ་བརྩམས་ཆོག་པའི་ཆོག་མཆན་ཐོབ་པ་དང་། དེ་ནི་རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་དུ་སྤེལ་བའི་དམིགས་བསལ་གཉེར་སྐྱོང་ཚོད་ལྟའི་ལས་གཞི་ཐོག་མ་དེ་ཡིན་པ་དང་། མི་རབས་ནས་མི་རབས་བར་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་མཁན་བསམ་གྲུབ་ཚང་ས་དེའི་སྣེ་ལེན་ཁྱིམ་ཚང་ཞིག་ཏུ་གྱུར་ཡོད། ཁོ་རང་གིས་སྣེ་ཤན་པའི་འགན་འཁུར་ནས་ཡུལ་སྐོར་བའི་སྣེ་ཁྲིད་དེ་རང་བྱུང་མཛེས་ལྗོངས་ལ་ལྟ་བ་དང་། རི་སྐྱེས་སྲོག་ཆགས་ལ་ལྟ་བ། འབྲོག་ཁུལ་གྱི་འཚོ་བ་ཉམས་ལེན་སོགས་བྱེད་དུ་འཇུག་བཞིན་ཡོད། འབྲོག་པ་ནས་ཡུལ་སྐོར་སྣེ་ཤན་པར་གྱུར་པ་ལས་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2022ལོར་བསམ་གྲུབ་ཚང་གིས་རང་བྱུང་ཉམས་ལེན་པ་སྐོར་ཁག་གསུམ་སྣེ་ལེན་བྱས་པ་དང་། ཡོང་སྒོ་སྒོར་མོ་ཁྲི་གཅིག་ལྷག་ལ་སླེབས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་མཱ་ཧུང་པོ་ཡིས“རྒྱལ་ཁབ་སྤྱི་གླིང་”གི་ཐ་སྙད་དེ་ཀྲུང་གོ་རྒྱལ་ཁབ་ཀྱི་གནས་ཚུལ་དང་ཟུང་འབྲེལ་དམ་པོ་བྱས་ནས་སྐྱེ་སྟོབས་ཀྱིས་ཕྱུག་ཡོད་པ་དང་།  རྒྱ་ཆེའི་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཐོབ་སྣང་དང་སྐྱིད་སྣང་བྱུང་ཞིང་། སྐྱེ་ཁམས་སྲུང་སྐྱོབ་ཁྲོད་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད།

ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་སྨད་རྒྱུད་དུ་ཆུ་འདྲེན་ཚད་ཇེ་མང་དུ་བཏང་བ་མ་ཟད། ད་དུང་ཚད་འདང་ཞིང་སྤུས་ཚད་ཀྱང་ལེགས་པ་རེད།

2023ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལས་མངོན་པ་ལྟར་ན། མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་བཞུར་ཆུའི་རྒྱལ་ཁབ་ཀྱི་རྟོག་ཞིབ་སྤུས་ཚད་ལེགས་པའི་ཆུ་སྤུས་བསྡུར་ཚད100%ཟིན་པའི་ཞིང་ཆེན་གཅིག་པུ་དེར་གྱུར་པ་དང་། མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད96%ཡན་དང་། ནགས་ཚལ་ཁྱབ་ཚད7.5%དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད57.9%ལ་སླེབས་ཡོད།

ད་ལྟའི་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱུང་ཡོད་པ་དང་། “ཀྲུང་ཧྭའི་ཆུ་མཛོད”བརྟན་ཞིང་ཆུ་མོད་ལ། རི་ཀླུང་མཛེས་ཤིང་ཆུ་མོ་དྭངས་བ་དང་སྐྱེ་དངོས་མཐའ་དག་སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཛེས་ལྗོངས་ཀྱི་རི་མོ་ཞིག་ཏུ་གྲུབ་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།