“ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ”ལེགས་པོ་བྱེད་པའི་ཐད་བྱས་རྗེས་འཇོག་དགོས།
2023.04.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

 ནགས་ཚལ་ནི་རང་བྱུང་ཁམས་ཀྱི་ལྗང་མདོག་བང་མཛོད་དང་སྐྱེ་ཁམས་དོ་མཉམ་ཡོང་བའི་སྲོག་ཤིང་ལྟ་བུ་ཡིན་ཞིང་། ཆུ་ཁུངས་གསོག་སྐྱིལ་དང་ས་ཆུ་ཤོར་བ་སྔོན་འགོག གནམ་གཤིས་སྙོམས་སྒྲིག་སོགས་ཀྱི་ནུས་པ་གལ་ཆེན་ལྡན།   ད་ཡོད་ཀྱི་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལེགས་པོ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་བསྒྱུར་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྤུས་ཚད་མཐོན་པོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཕེལ་རྒྱས་བཏང་བ་དང་། ཞིང་ཆེན་ནགས་ཚལ་དང་རྩྭ་སའི་མ་ལག་གིས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་མངའ་ཁོངས་ལྗང་བསྒྱུར་གྱི་ལོ་གསུམ་བྱ་འགུལ་གཉིས་ལག་བསྟར་བྱས་པས། རིམ་བསགས་ཀྱིས་ནགས་ཚལ་སྤྱི་ཆིང་ས་ཡ་གཅིག་འབུམ་བཞི་ལྷག་ བསྐྲུན་པ་དང་། རྩྭ་ཐང་སྤྱི་ཆིང་འབུམ་ལྔ་ཁྲི་བརྒྱད་ལྷག་བཅོས་སྐྱོང་དང་སླར་གསོ་བྱས་པ་རེད།  ཞིང་ཆེན་ཡོངས་ཀྱི་ནགས་ཚལ་གྱི་ཁེབས་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་དང་། ཟི་ལིང་གི་ལྷོ་བྱང་རི་བོའི་ལྗང་མདོག་ངོ་མཚར་སྐྲུན་པ།  སྐྱེ་ཁམས་ལྟ་སྲུང་པས་སྐྱེ་ཁམས་བདེ་འཇགས་དྲ་བ་བརྟན་པོར་འཛུགས་པ། ལྗང་མདོག་དང་དྭངས་གཙང་ཡོང་བར་བྱེད་རྒྱུ་བཅས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་ཨང་དང་པོར་གྱུར་པ་དང་། སྐྱེ་ཁམས་སླར་གསོ་དང་ཐོན་ཁུངས་སྲུང་སྐྱོབ་གཞི་གཅིག་ཏུ་འདུས་པའི་ནགས་ཚལ་ཐོན་ཁུངས་དོ་དམ་མ་ལག་ཅིག་འཚོལ་ཞིབ་བྱས་ཡོད།

2022ལོར་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ཟི་ལིང་གིས་ཤིང་ཕྲན་ནགས་ཚལ་ལ་སྲུང་སྐྱོབ་དང་སླར་གསོ། བེད་སྤྱོད་བཅས་བྱས་པ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ཡོང་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་མངའ་ཁོངས་ལྗང་བསྒྱུར་སྲ་བརྟན་མཐོར་གཏོང་གི་བྱ་བ་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་བ་དང་། མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་། རྨ་ཆུ་དང་ཙོང་ཆུ་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། ལྷོ་བྱང་རི་བོའི་ལྗང་བསྒྱུར་སྐབས་བཞི་པ་དང་སྔོ་ལྗང་རི་ཆུ་སོགས་གཙོ་གནད་ལྗང་བསྒྱུར་བཟོ་འགོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཞིང་། རྒྱལ་ཁབ་མངའ་ཁོངས་སྤྱི་ཆིང་ཁྲི་ལྔ་ལྷག་ལྗང་བསྒྱུར་བྱས་པ་དང་། ནགས་གསོ་སྤྱི་ཆིང་ཁྲི་བཞི་ལྷག་ཡོངས་འགྲུབ་བྱས་པ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་སྤྱི་ཆིང་སྟོང་གསུམ་ལྷག་ལེགས་འགྲུབ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ནགས་ཚལ་ཁེབས་ཚད37%ཟིན་ཡོད།  སྡོང་པོ་དང་ཤིང་ཕྲན་རྩྭ་ཐང་བཅས་ཟུང་འབྲེལ་དང་། དངོས་ཟོག་འཁོར་རྒྱུག་ལེགས་པའི་སྐྱེ་ཁམས་མ་ལག་རིམ་བཞིན་བསྐྲུན་པ་དང་། ཐཱན་འདུས་ཚོད་ལྟ་ཧུར་ཐག་སྒོས་སྤེལ་ནས་ནགས་ཚལ་གྱི་ཐཱན་འདུས་ཉོ་ཚོང་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། རྒྱལ་ཡོངས་ནགས་ལས་ཀྱི་ཐཱན་འདུས་ཚོད་ལྟའི་གྲོང་ཁྱེར་ལ་བརྩོན་ལེན་བྱས།

ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ནགས(རྩྭ)དཔོན་ལམ་ལུགས་ཀྱི་སྣེ་ཁྲིད་ནུས་པ་དང་སྐྱེ་ཁམས་ལྟ་སྲུང་པའི་རྨང་གཞིའི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྐྱེ་ཁམས་མ་ལག་གི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ་དང་། ནགས་ཚལ་དང་། རྩྭ་ཐང་། བརླན་ས་བཅས་ཀྱི་བསྡུ་སྤྱོད་དོ་དམ་ལག་བསྟར་ནན་མོ་བྱས་ཤིང་། ནགས་ཚལ་དང་རྩྭ་སའི་མེ་སྐྱོན་འགོག་ཟོན་དང་། ནགས་ཚལ་དང་རྩྭ་སའི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་བྱེད་པའི་འགན་འཁྲི་དང་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་བྱས་ནས།   ནགས་རྩྭའི་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱས།

ལག་རྩལ་གསར་པ་དང་བྱེད་ཐབས་གསར་པར་བརྟེན་ནས་མི་དམངས་མང་ཚོགས་རྒྱལ་ཁོངས་ལྗང་བསྒྱུར་ནང་ཞུགས་པར་སྐུལ་སློང་བྱས། འོས་འགན་སྡོང་འཛུགས་ཀྱི་འགན་འཁྲི་གཙང་སྒྲུབ་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་དང་རྒྱ་ཆེར་བཏང་ནས། རིམ་པ་སོ་སོ་དང་རིགས་སོ་སོའི་འོས་འགན་སྡོང་འཛུགས་རྟེན་གཞིའི་མ་ལག་རིམ་བཞིན་འཐུས་ཚང་དུ་བཏང་བས།     “དྲ་སྦྲེལ་དང་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས”བེད་སྤྱོད་བྱེད་ཚད་སྔར་ལས་རྒྱ་ཆེར་ཕྱིན་ཡོད། 2022ལོར་རྒྱལ་ཁབ་རིམ་པའི“དྲ་སྦྲེལ་དང་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས”རྟེན་གཞི2དང་ཞིང་ཆེན་རིམ་པའི་རྟེན་གཞི27ལ་བརྟེན་ནས།  མཚོ་སྔོན་ཞིང་ཆེན་གྱིས་འོས་འགན་གྱིས་སྡོང་ཕྲུག་རྐང་བྱེ་བ་གཅིག་ས་ཡ་བརྒྱད་ལྷག་བཙུགས་པ་དང་། འོས་འགན་སྡོང་འཛུགས་ནང་ཞུགས་མཁན་མི་ཐེངས་ས་ཡ་གསུམ་ལ་བསླེབས་པས། འགན་འཁྲི་གཙང་སྒྲུབ་བྱེད་མཁན་གྱི་མི་གྲངས་དང་འགན་འཁྲི་གཙང་སྒྲུབ་བྱེད་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད།

“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ། གཞི་ཁྱོན་ཆེན་པོས་རྒྱལ་ཁོངས་ལྗང་བསྒྱུར་བྱེད་རྒྱུ་ཡིན་པ་དང་། ནགས་ཚལ་དང་རྩྭ་སའི་བརླན་ས་སླར་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ནགས་ཚལ་ཐོན་ཁུངས་ཟད་གྲོན་འབྱུང་བར་ཚོད་འཛིན་ནན་མོ་བྱེད་པ་དང་། ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་བྱེད་པར་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། མཉམ་སྐྲུན་མཉམ་སྤྱོད་ཀྱི་ནགས་ཚལ་དང་རྩྭ་སའི་སྐྱེ་ཁམས་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་གདེང་འཇོག་མ་ལག་བསྐྲུན་པ་དང་། ནགས་རྩྭའི་ཐོན་ཁུངས་ཀྱི་གཞི་ཁྱོན་དང་གྲུབ་ཚུལ།  སྤུས་ཚད།  ནུས་པ་སོགས་ཀྱི་གཞི་གྲངས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སྔོ་ལྗང་ཅན་དུ་འགྱུར་བའི་ལས་དོན་ལག་བསྟར་བྱེད་རྒྱུ་རེད། སྔོ་ལྗང་ཅན་གྱི་བར་སྟོང་རྒྱ་ཆེར་གཏོང་བ་དང་སྔོ་ལྗང་ཅན་གྱི་བྱེད་ཐབས་ཇེ་ལེགས་སུ་གཏོང་བར་བརྟེན་ནས་སྤྱི་འབོར་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས་ལ། ནགས་ཚལ་གཉེར་སྐྱོང་དང་ཤིང་སྣའི་གྲུབ་ཆ་ལེགས་སྒྲིག་བྱས་པ་བརྒྱུད་གསོག་ཚད་ཇེ་ལེགས་སུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་།“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བའི་དེང་རབས་ཅན་ཡིན་པ”གསལ་བོར་བསྟན་ཡོད།   མིག་སྔར་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས“སྔོ་ལྗང་གི་རི་ཆུ་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་པར་འགྱུར་དུ་འཇུག་དགོས།”  སྐྱོད་ལམ་གསར་པའི་ཐོག་ང་ཚོས་བློ་བརྟན་འགྱུར་མེད་ངང་མཚོ་སྔོན་གྱི་ནགས་ལས་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།